གྲིབ་གཟུགས།
རླུང་བུ་སིར་སིར་གདོང་ལ་ཕོག་དུས་འཁྱག་སྣང་ཅུང་ཟད་སྟེར་མོད་ཀྱང་།།
དར་ལྕེ་ལྷབ་ལྷབ་གཡོ་བའི་མཛེས་པས་ཁྲ་ཆུང་མིག་ལ་དགའ་བ་འབྱིན།།
རྒྱང་རིང་རི་བོའི་དབུ་འཕང་དག་ནི་འདབ་དྲུག་ཁ་བའི་རྩེད་ར་སྟེ།།
ཡང་ཞིང་གཡོ་བའི་བསིལ་རླུང་དང་ལྷན་དལ་བབ་སྒེག་པ་ངོམ་གྱིན་འདུག །
ཐྲིག་ཐྲིག་ཁ་བའི་རོལ་དབྱངས་དེ་ནི་བདག་གི་བྱིས་བློས་འཚོས་པ་སྟེ།།
དེ་རིང་ཁ་བའི་སྟེང་གི་གོམ་སྒྲས་བདག་ནི་བྱིས་དུས་ཞིང་ལ་འཁྲིད།།
ཁ་བའི་དཀར་མདངས་མིག་ལ་ཟན་ཅིང་ཁ་བ་གྲང་ངར་ལྡན་ན་ཡང་།།
བདག་གི་བྱིས་བློའི་གསོས་སུ་གྲུབ་པའི་ཁ་བར་ཞེན་པ་ལོག་མ་མྱོང་།།
སོབ་སོབ་ཁ་བའི་དོག་པོ་དེ་ནི་ལག་པས་ཟིན་ན་ཡངས་པ་སྟེ།།
ནག་ནོག་དྲི་མས་རིང་དུ་སྤངས་པས་གནམ་གྱི་ལྷ་མོའི་བཞིན་རས་ཉིད།།
ཟླ་ཟེར་བྱེ་མའི་གཟུགས་སུ་འཕོས་པའི་དཀར་ཞིང་འཇམ་པའི་རང་མདངས་དེ།།
བདག་གི་མིག་གི་ཡུལ་དུ་གྲུབ་དུས་དགའ་བའི་སེམས་པ་ལང་མ་ལིང་།།
དགུན་གྱི་དུས་ལ་ཁ་བ་མེད་ན་རི་ལུང་འཆི་བའི་སྔ་ལྟས་ཡིན།།
ཉིན་དང་སྲིབ་ཀྱི་རྣམ་འགྱུར་དག་ནི་ནམ་ཡང་སྣུམ་མདོག་བྲལ་བ་ཉིད།།
ཡུལ་གྲོང་རྒན་པོའི་སེམས་པ་དེ་ཡང་ལྷག་རླུང་ལྷན་དུ་འདར་སིག་སིག།
སོ་ནམ་ཞིང་གི་ཐལ་མདོག་མཐོང་ན་ཉམ་ཆུང་ཡིད་ངོ་འཁྱག་ཤུར་ཤུར།།
ལང་ལིང་སྤྲིན་གྱི་འདུ་འགོད་འཕྱོ་དུས་ཞིང་པའི་རེ་བ་གནམ་ལ་ཡོད།།
སྤྲིན་གྱི་ཕོན་པོ་བསེར་བུས་གཞོགས་དུས་ཞིང་པའི་ཞེ་ལ་སྐྱོ་བ་ཡོད།།
ཁ་བའི་མཆུ་འདབ་ས་ལ་སྦྱར་བ་ཞིང་པའི་སྤྲལ་བར་སྦྱར་བ་སྟེ།།
འདབ་དྲུག་ཁ་བའི་རོལ་དབྱངས་ཁྲོད་ན་ཞིང་པའི་དགོད་སྒྲ་ལྷང་ལྷང་ཡོད།།
དཔྱིད་ཀྱི་ལྗང་བུའི་འཚར་ལོངས་དང་ནི་ཁྲ་ཆིལ་དབྱར་གྱི་མེ་ཏོག་དང་།།
སྟོན་གྱི་འབྲས་བུའི་ཐོན་སྐྱེད་འབོར་དང་དགུན་དུས་ཁྱིམ་གྱི་དྲོ་སྣང་ཀུན།།
ལས་སྐལ་གནམ་ལ་བཅོལ་བའི་ཡུལ་འདིར་ཁ་བ་དཀར་པོར་རེ་བ་ཡིན།།
རི་ལུང་འོ་མའི་མདངས་ལ་གྱུར་དུས་ཡུལ་མིའི་རྨི་ལམ་ཅིས་མི་ཞིམ།།
གཙང་ཁའི་བྱེ་མ་ལ་ཁའི་དར་ལྕོགས་རི་ངོས་ས་ཡི་རྡུལ་ཚོགས་དང་།།
སྣ་ཚོགས་ལྗོན་པའི་ཡལ་འདབ་དག་ཀྱང་ལྷོད་འཇག་ངལ་གསོར་རོལ་བ་སྟེ།།
ས་ཆེན་འགེབས་པའི་འུར་རླུང་ནག་པོ་ཁ་བའི་ལྷུན་པོས་གནན་པ་ན།།
འགུལ་ཞིང་སྐྱོད་པའི་ངལ་རྩོལ་ཤུགས་རིང་སོབ་འཇམ་ཁ་བའི་འོག་ནས་འདོན།།
གངས་ལ་ཁ་བའི་མཆོད་རྟེན་བརྩེགས་པ་ས་ཆེན་འདི་ཡི་དབུ་འཕང་ཡིན།
རི་མགོ་ཁ་བའི་ཐོད་དཀར་བཅིངས་པ་དབྱར་གྱི་དྭངས་ཆུའི་འཛུམ་མདངས་ལགས།།
ཡུལ་གྲོང་ཁ་བའི་གོས་ལྭ་གྱོན་པ་མཁའ་དབུགས་རྗེ་བའི་རྣམ་འགྱུར་ཏེ།།
བདག་ལ་ཁ་བས་བསུས་མ་བྱས་པའང་ཕ་ཡུལ་འབྱོར་བའི་ས་རྟགས་ཡིན།།
མཐོང་ཡུལ་ཁ་བའི་ལོ་འདབ་ཡིན་ཞིང་གོམ་ཟུང་ཁ་བའི་སྟེང་ནས་བོར།།
ཁ་བ་དཀར་པོར་ཁམ་ཟས་བྱེད་ཀྱིན་ཁ་བས་ཀླུབས་པའི་གངས་རི་དག།
རྒྱང་མཇལ་ཡིད་ཀྱི་མྱོང་རོལ་བྱས་པའི་དགའ་སེམས་མེ་ཏོག་ཆུན་པོ་འདི།།
ཁོམ་པའི་གསེང་གི་དུས་སྐབས་དག་ལ་ཚིག་གི་ལྷས་མར་བསླས་པ་ལགས།།
༢༤་༢་༢༠༡༣