འབའ་སྲས།
༼ཀ༽
སྙན་ངག་ནི་ངའི་ཡབ་མོས་ཀྱི་ཤ་གསིང་ནས་བཞུར་བའི་ཁྲག་རྒྱུན་དེ་ཡིན་ནམ།
སྙན་ངག་ནི་ངའི་ཕ་མའི་ལུས་སྟེང་ནས་ཟགས་པའི་རྔུལ་ཆུ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་བཙན་པོ་རིམ་བྱོན་གྱིས་བཙུགས་པའི་རྡོ་རིང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་མཁས་པ་རིམ་བྱོན་གྱིས་བརྩམས་པའི་གླེགས་བམ་དེ་དག་ཡིན་ནམ།
༼ཁ༽
སྙན་ངག་ནི་མཐོན་པོའི་རི་ལ་བཙུགས་པའི་ལ་རྩེ་དེ་ཡིན་ནམ།
སྙན་ངག་ནི་དམའ་བའི་གཞོང་ལ་བཞེངས་པའི་རྡོ་འབུམ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་སོར་བཅུ་བྲང་ཁར་སྦྱར་བའི་དད་པ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་འཁོར་བའི་སྡུག་བསྔལ་གཅོད་བྱེད་ཀྱི་བྱིན་རླབས་དེ་ཡིན་ནམ།
༼ག༽
སྙན་ངག་ནི་དབུ་རྩེ་མཁའ་རུ་བསྙེགས་པའི་གངས་རི་དེ་དག་ཡིན་ནམ།
སྙན་ངག་ནི་གངས་ལས་བབས་ཏེ་མཚོ་ལ་འདྲེས་པའི་ཆུ་བོ་དེ་དག་ཡིན་ནམ།
ཡང་ན། སྙན་ངག་ནི་མཐའ་མེད་ཅིང་དྲི་ཞིམ་པའི་རྩྭ་ཐང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་གྲོ་ནས་སྲམ་གསུམ་གྱི་སྙེ་མ་འཁྲུངས་སའི་ཞིང་ཁ་དེ་ཡིན་ནམ།
༼ང༽
སྙན་ངག་ནི་གཡག་རྩིད་དང་རྟ་རྔས་བསླས་པའི་སྦྲ་ནག་དེ་ཡིན་ནམ།
སྙན་ངག་ནི་ས་དང་རྡོ་ཡིས་བསྐྲུན་པའི་སྡེ་གྲོང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་སྟོན་འབྲས་འབྲུ་ཡིས་གང་བའི་བང་མཛོད་དེ་ཡིན་ནམ།།
༼ཅ༽
སྙན་ངག་ནི་རང་ལ་མཁོ་ཞིང་ཕན་པའི་འབྱོར་བ་དེ་ཡིན་ནམ།
སྙན་ངག་ནི་རང་ལ་སྐྱིད་ཅིང་བདེ་བའི་འཚོ་བ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་རང་དང་འབྲལ་དཀའ་བའི་གྲིབ་མ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་ནམ་ཡང་རང་དང་འགྲོགས་པའི་ཁ་དབུགས་གཙང་མ་དེ་ཡིན་ནམ།
༼ཆ༽
སྙན་ངག་ནི་རང་གི་ལུས་ལ་འཕྲོ་བཞིན་པའི་ཉི་འོད་དེ་ཡིན་ནམ།
སྙན་ངག་ནི་རང་གི་གདོང་ལ་བརླན་བཞིན་པའི་བསིལ་རླུང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་ཞོགས་པའི་རེ་བ་དང་སྨོན་ལམ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་དགོང་དྲོའི་ཐོབ་ཤོར་གྱི་དགའ་སྐྱོ་དེ་ཡིན་ནམ།
༼ཇ༽
སྙན་ངག་ནི་རང་གི་འགྲམ་དུ་བཞད་པའི་མེ་ཏོག་གི་མཛེས་སྡུག་དག་ཡིན་ནམ།
སྙན་ངག་ནི་ཐོས་འཛིན་ལ་གླུ་གཞས་གྱེར་བའི་ཆུ་བོའི་བཞུར་སྒྲ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་རང་ཉིད་ཀྱི་ཉེ་འགྲམ་དུ་མཆིས་པའི་བྱ་དངོས་དེ་དག་ཡིན་ནམ།
ཡང་ན། སྙན་ངག་ནི་སེམས་ཀྱིས་ཤེས་ཤིང་མིག་གིས་མཐོང་བ་དག་ཡིན་ནམ།
༼ཉ༽
སྙན་ངག་ནི་རང་གིས་བྲང་ཁ་སྦྱོར་ཆོག་ཆོག་གི་དགའ་མ་དེ་ཡིན་ནམ།
སྙན་ངག་ནི་རང་གིས་བརྗོད་ཆོག་ཆོག་གི་སྙིང་གཏམ་དེ་དག་ཡིན་ནམ།
ཡང་ན། སྙན་ངག་ནི་ངས་ད་ལྟ་འཐུང་བཞིན་པའི་ཝུ་ཆང་འདི་ཡིན་ནམ།
ཡང་ན། སྙན་ངག་ནི་ངས་ད་ལྟ་སྒྲོན་བཞིན་པའི་ཐ་མག་འདི་ཡིན་ནམ།
༠༨/༠༦/༡༣
ཡབ་མོས། ཡབ་མེས་ལ་བཅོས།
ངས་ཉིན་འགའིསྔོན་འཕྲིན་ཁུག་ནང་འདི་འདྲ་ཞིག་གློ་རྡེག་ཏུ་གྱེར་འདོན་བྱས་མོད་ད་དུང་ཡིག་ཐོག་ཏུ་ཕབ་མེད།
འབའ་སྲས་འདི་སྙན་དངགས་སྙན་པོ་འབྲི་མཁན་ཞིག་ཡིན། འོན་ཀྱང་འདི་ལྟ་བུའི་རིགས་ཀྱི་སྙན་དངགས་ལ་ང་དགའ་མོས་མེད། དགོངས་པ་མ་འཚོམས་རོགས།
ཀླུ་སྨྱོན་ལགས། ངས་ཁྱེད་ཀྱིས་གྱེར་བཞིན་པ་དེ་དང་ལབ་མོ་བྱས་པ་ཡིན། སྤྱིར་ང་ཡང་འབྲི་སྟངས་འདི་རིགས་ལ་བྱང་ཆ་མེད་ལ་མོས་པ་ཡང་མེད།
འབའ་སྲས་ངོ་མ་སྙན་ངག་ཡག་པོ་བྲིས་འདུག མཁས་བ་ཐམས་ཅད་རྐུན་མ་ཡིན། ང་ནི་རྐུན་མའི་རྒྱལ་བོ་ཡིན།
འབས་སྲས་ལགས། སྙན་ངག་ནི་ སྙན་པའི་ངག་གང་ཞིག་ལ་བརྗོད་བྱ་འདྲ་མིན་གོ་རྒྱུ་ཡོད་པ་ལ་གོ་དགོས་སམ་ དཔེར་ན་སྐུ་ཉིད་སྟོད་པ་
ཀ་ཡ་བཏག་ག་ཡིས་རྒྱན། པ་འོག་ཟ་ལ་ན་རོ་རྒྱོབ་ཞེས་པ་དེ་ཚད་དང་ལྡན་པའི་སྙན་ངག་གོ་། སྐུ་རྩེད་ཡིན་ནོ་།།