རེབ་ཐོག་མདའ།
ལས་ཀྱིས་སྨིན་པའི་ཕ་མའི་ཁུ་ཁྲག་གིས།།
རྣམ་ཤེས་ཕྲ་མོ་ཡུམ་གྱི་མངལ་ལ་སྦྲུམ།།
ཟླ་དགུ་ཞག་བཅུ་དུས་ཀྱི་མཐའ་མ་ལ།།
འཁོར་བའི་གྲོང་ལ་སྡུག་སྐད་ངག་ནས་ལྷུང་།།
གླེང་བའི་གཏམ་ལ་སྨྲ་ལྕེ་མི་གསལ་ལ།།
དམིགས་པའི་གནས་ལ་གོམ་ཁ་མི་བརྟན་པས།།
དྲིན་ལྡན་མ་ལོའི་ལག་ཟུང་དྲོན་མོ་ཡིས།།
རྐང་གཉིས་མྱི་ཡི་ཆ་ལུགས་དལ་གྱིས་བསླབས།།
ཨ་མར་འབོད་པའི་ཚིག་དེ་ངག་ན་བདེ།།
འོ་མ་འཐུང་བའི་ཚུལ་དེ་སྙིང་ལ་རྗེ།།
གཞིས་ཁྱིམ་དྲོན་མོའི་ནང་གི་གཅེས་ལོ་ཁྱོད།།
མ་ལོའི་མིག་ཟུང་འོག་ན་འོད་དུ་འཚེར།།
སེམས་པའི་རྩེ་མོར་ཐོགས་པའི་རྩེ་ར་ན།།
དགྲ་གྲོགས་དབྱེར་མེད་ཁྱོད་ཀྱི་གམ་ན་སྤྲོ།།
ཨ་མས་འབོད་སྒྲའི་ར་མདའ་མ་སླེབས་གོང་།།
རང་ཁྱིམ་སྒོ་དེ་རེ་ཞིག་བོར་ནས་ཡོད།།
ན་མཉམ་བྱིས་པ་ཁྱུ་དང་ལྷན་གཅིག་ཏུ།།
ཀ་ཁའི་རྫི་བོ་བྱེད་དུ་སློབ་གྲྭར་ཆས།།
ནངས་དགོང་གཉིས་ཀའི་སོ་མཚམས་རེ་རེ་ན།།
མ་ལོའི་རེ་བའི་མིག་ཟུང་ཁྱོད་ལ་མཁྲེང་།།
དུས་ཀྱི་འཁོར་ལོ་ལོ་ཟླའི་ངོགས་ན་འཁོར།།
བྱིས་དུས་འཚོ་བ་འདས་སོང་ལོ་ལ་འཐིམས།།
ལང་ཚོའི་མེ་ཏོག་དུས་བཞིའི་ཀློང་ན་བཞད།།
སེམས་ཀྱི་ཕུགས་བསམ་རྒྱང་རིང་གྲོང་ལ་འཐེན།།
བཅུ་དྲུག་ལང་ཚོ་དལ་གྱིས་རྫོགས་ནས་ཐལ།།
ཨ་མའི་མིག་ཆུ་འཁུར་དེ་གྲོང་ཁྱེར་བསྙེགས།།
བྱིས་དུས་འཚོ་བའི་རྩེ་ར་ཆུང་ཆུང་ཡང་།།
སེམས་ཀྱི་ཟབ་ས་ཞིག་ནས་དལ་གྱིས་འཇགས།།
ལས་ཀྱིས་བཏབ་པའི་བརྩེ་བའི་ས་བོན་དེ།།
མཛའ་མོ་ཞིག་གི་འཛུམ་ཆུང་ཁུགས་ནས་རྙེད།།
གཞིས་ཁྱིམ་གསར་བ་ཞིག་གི་ནང་རོལ་ནས།།
ཨ་མས་རེ་བའི་ཚ་བོ་ཁྱིམ་འདིར་བསུས།།
མི་ཚེ་ཕྱེད་ལ་འགྲིམས་པའི་མཐའ་མ་ལ།།
སེམས་ཀྱི་རྨི་ལམ་སྣེ་ལ་འོད་སྣང་འཕྲོས།།
ལས་བྱེད་ཅིག་གི་ཆོ་ལོ་ཐོབ་པ་ནས།།
བགྲེས་སོང་ཕ་ལོར་ངལ་གསོ་ཐེངས་གཅིག་སྤྲད།།
སྡེ་བ་རེ་ལ་གོམས་སྲོལ་ཁ་ཁ་རེད།།
ཁྱིམ་གཞི་རེ་ལ་སྐྱིད་སྡུག་སོ་སོ་རེད།།
སྐྱིད་ལ་སྡུག་གི་འཁོར་བའི་རྒྱ་མཚོ་ན།།
ཡོད་ཚད་ལས་ཀྱིས་གྲུབ་པའི་གཤིས་སུ་གྲུབ།།
ཨ་ཕ་འབོད་པས་བུ་ཆུང་གཉོམ་ལག་རྒྱས།།
ཨ་མའི་གམ་གྱི་བུ་མོའི་ལང་ཚོ་དར།།
བུ་དང་བུ་མོས་བསྐོར་བའི་གནས་ལུགས་འདི།།
མི་ཚེ་ཀྱག་ཀྱོག་ཞིག་གི་ཁ་དོག་ཡིན།།
རྒས་པའི་གདོང་ལ་གཉེར་རིས་སྟུག་པོས་བྲིས།།
ནག་པོའི་སྐྲ་མདོག་དགུན་གྱི་ཁ་བས་ཟོས།།
ཚེ་ཡི་མཐའ་མ་ཟད་པའི་འཚོ་བ་འདི།།
ལ་ཁའི་ཉི་མ་ཇི་བཞིན་བཞུད་ལ་ཉེ།།
ཞིམ་པོའི་ཟས་དེ་ཟ་བའི་ཡི་ག་འགག །
འཇམ་པོའི་གོས་དེ་གྱོན་པས་ལུས་པོ་ཟད།།
ཕྱི་ནང་འབྱུང་བ་འཁྲུགས་པའི་ཉིན་མཚན་ལ།།
ལས་ཀྱི་འཆི་བདག་ནམ་འོངས་ཆ་མེད་རེད།།
ལོ་ངོ་བརྒྱད་ཅུར་འཇིག་རྟེན་དཀར་ངོགས་སུ།།
འཚོ་བའི་མཐའ་མར་འཆི་དགོས་གནས་ལུགས་ཤིག །
དགེ་སྡུག་ལས་སུ་གྲུབ་པའི་བར་དོ་ནས།།
དཀོན་མཆོག་གསུམ་པོས་སྤྱན་གྱིས་གཟིགས་པར་ཤོག །
རྒྱུ་ནོར་མི་རྟག་རྩྭ་མགོའི་ཟིལ་བའི་ཚུལ།།
འཆི་བ་མི་རྟག་ཆར་རྗེས་གློག་གི་ཚུལ།།
མི་ཚེ་མི་རྟག་འགྱུར་བའི་ངང་ཚུལ་ཅན།།
མི་རྟག་འཁོར་བའི་སྡུག་ལས་གྲོལ་བར་ཤོག །
བྱིས་པ་གཞོན་པ་དར་མ་རྒན་པ་དང་།།
སྐྱ་སེར་ཕོ་མོ་དབྱེར་མེད་འཁོར་བ་ན།།
གནས་པའི་སྲོག་ལྡན་མར་གྱུར་འགྲོ་བ་ཀུན།།
འཁོར་བའི་མུན་དོང་འདི་ལས་ཐར་བར་ཤོག །
ཕྱི་ལོ ༢༠༡༣ཟླ ༦ ཚེས༧ ཉིན་དཔེ་མཛོད་ནས་བྲིས།