རེབ་ཐོག་མདའ།
གངས་རིའི་ལང་ཚོ་ངོམས་པའི་ཕ་རོལ་ན།།
ཆུ་མོ་གྱ་གྱུར་བཞུར་བའི་གཙང་འགྲམ་ན།།
འབྲུ་དྲུག་སྙེ་མ་ལྡེམ་པའི་སྡེ་གྲོང་ན།།
རིན་ཆེན་མི་ལུས་སྦྱིན་པའི་ཕ་མ་ཡོད།།
རྫ་རི་སྨུག་པོ་དེ་ཡི་ཕ་རོལ་ན།།
སྔོ་མདོག་ལྭ་བ་གྱོན་པའི་སྤང་ཐང་ན།
སྦྲ་ནག་སྨུག་པོ་ཚང་གི་ཕ་ཁྱིམ་ན།།
བདག་གི་བརྕེ་བའི་སྙིང་སྡུག་མཛའ་མོ་ཡོད།།
དབེན་པའི་ནགས་ཚལ་སྟུག་པོའི་ཀློང་དེ་ན།།
ཆོས་དུང་ལྷང་ལྷིང་གྲགས་པའི་དགོན་དེ་ན།།
དགེ་འདུན་འདུས་པ་རྒྱ་མཚོའི་དབུས་དེ་ན།།
བདག་གི་བླ་མའི་གསུང་གི་བདུད་རྩི་ཡོད།།
ཁང་རྩེག་མཐོན་པོའི་མགོ་འཕང་མཐོ་ས་ན།།
དེང་རབས་འཕྲུལ་རིགས་འཚང་བའི་གྲོང་ཁྱེར་ན།།
མི་རིགས་སྣ་མང་འཛོམས་པའི་ཚོགས་དེ་ན།།
བདག་ལ་སེམས་ནས་གཅེས་པའི་ཨ་ཅེ་ཡོད།།
ཀ་ཁའི་དབྱངས་རྟ་བོར་བའི་རྒྱང་དེ་ན།།
རྒྱ་སྐད་ངག་ལ་གོམས་པའི་སློབ་ཆེན་ན།།
རིག་གནས་སྦྱོང་ལ་བྲེལ་བའི་གྲུ་དེ་ན།།
བདག་གི་ཚ་མོའི་འཛུམ་མདངས་བཞད་ནས་ཡོད།།
གཡང་དཀར་ལུ་གུ་རྩེ་བའི་རྩྭ་ཐང་ན།།
འབྲུ་མོའི་བཞོ་གླུ་སྙན་པའི་སྦྲ་འདབས་ན།།
ལང་ཚོ་འདམ་ལྕིས་བསྲེས་པའི་ལྷས་ར་ན།།
ང་ཡི་བརྕེ་ལྡན་ནུ་མོའི་ལས་དབང་ཡོད།།
ལུས་སེམས་སྒོར་ལ་འཁོར་བའི་གྲོང་དེ་ན།།
སྒོར་མོའི་གཡོག་ཏུ་འགྲིམ་པའི་སྒོ་དེ་ན།།
གཡོ་དང་སྒྱུ་མའི་ཟློས་གར་གླིང་དེ་ན།།
ང་ཡིས་མི་རིགས་རྫོགས་པའི་སྔ་ལྟས་ཡོད།།
ཕ་སྐད་རིན་ཐང་བོར་བའི་གྲུ་འདི་ན།།
གཞན་སྐད་མགོ་འཕང་མཐོ་བའི་ངག་དེ་ན།།
རང་རིགས་ཞེན་པ་དཀར་བའི་སེམས་དེ་ན།།
ང་ཡིས་ཕ་སྐད་གཙང་མའི་ལས་དབང་ཡོད།།
ལྷ་སར་ཁ་ཐག་རིང་བའི་གནས་དེ་ན།།
བཙན་པོ་གཉའ་ལ་འཁུར་བའི་ཤུལ་དེ་ན།།
ཡབ་མེས་ཞབས་རྗེས་བོར་བའི་འོག་དེ་ན།།
བླ་མཁར་ཁེར་རྐྱང་ཡུམ་བུ་བླ་སྒང་ཡོད།།
རྒྱང་བཞུད་བླ་མ་དྲན་པའི་སེམས་དེ་ན།།
གངས་རིའི་ཁ་དོག་ཉམས་པའི་གདོང་དེ་ན།།
རི་ལུང་ཁོག་པ་གཤགས་པའི་ཤུལ་དེ་ན།།
ང་ཡིས་ཕུ་ནུ་མིང་སྲིང་ལས་དབང་ཡོད།།
རྙིང་པའི་བག་ཆགས་ཟབ་པའི་སྡེ་དེ་ན།།
གསར་པར་ལད་ཟློས་གོམས་པའི་གྲོང་དེ་ན།།
གསར་རྙིང་བསམ་བློ་གཏོང་བའི་དུས་འདི་ན།།
ང་ཡི་མི་རིགས་ད་དུང་རྗེས་ལུས་ཡིན།།
ཕྱི་ལོ ༢༠༡༣ ལོའི་ཟླ ༦་ཚེས ༡༢་ཉིན་དཔེ་མཛོད་ནས།