རེབ་ཐོག་མདའ།
འཚོ་བ་མག་མོག་འདིའི་ཁུགས་སོ་ནས
དེབ་ཆུང་འདི་དག
ངའི་རྒྱབ་མདུན་གྱི་བླ་རི་ཞིག་དང་འདྲ
ཁེར་རྐྱང་ལོ་ཟླའི་ཁྲོད་ནས
ཁ་དོག་དང་སྲབ་མཐུག་མི་གཅིག་ལ
སྐད་རིགས་དང་ཁྱིམ་རྒྱུད་ཀྱང་མི་གཅིག་པས
དེབ་ཆུང་གང་ཞིག་གི་ཁ་ཕྱེས་དུས
མཚམས་ལ་ལར་འཇིག་རྟེན་འདི
བདག་གི་པང་ཁུག་ན་གཉིད་དུ་ཡུར་བའི་བྱིས་པ་ཞིག
ཡང་མཚམས་ལ་ལར བདག་ནི་སྨིན་མ་ཐུབ་པའི་རྩྭ་ཐང་གི་མེ་ཏོག་སྐྱོན་ཅན་ཞིག
ལ་ལས་བདག་ལ་དགའ་བ་སྤྲོད་ལ ལ་ལས་མིག་ཟུང་མཆི་མས་བརླན་འཇུག
ཡང་ལ་ལ་དགོད་ཤེས་ལ ལ་ལ་སྐྱོ་ཡང་ཤེས་པས
དེབ་ཆུང་འདི་དག་བདག་གི་འཚོ་བ་འདིའི་ཁ་དོག་ཏུ་གྱུར
དེབ་ཆུང་འདི་དག
ཤོག་བུ་རེ་རེ་བྱས་ཏེ་ཀློག་ཐེངས་རེར
ཁོང་ཚོ་ནི་བློ་ཐག་ཉེ་བའི་གྲོགས་པོ་རྙིང་བ་ཞིག་དང་འདྲ་ལ
ངའི་ཁོང་ཚོ་ཅི་ཙམ་ཀློག་པ་དེ་ཙམ
ཁོང་ཚོས་བདག་ལ་ནམ་མཁའ་ལྟ་བུའི་སེམས་པ་ཞིག་དང་
རྒྱ་མཚོ་ལྟ་བུའི་བློ་རྒྱ་ཞིག་སྟེར་ཐུབ་པས
ནམ་རྒྱུན
ཐ་སྙད་དང་ཐ་སྙད་ཀློག་དུས
བདག་གནས་ལུགས་ཀྱི་རྒྱ་མཚོ་བརྒལ་མྱོང་ལ
གནའ་རབས་ཀྱི་གྲོང་ལ་ཐེངས་མང་ཉུལ་མྱོང་
ད་དུང་
ཕ་ཡུལ་གྱི་གཞིས་ཀ་དང་རྩྭ་ཐང་གི་སྦྲ་ནག
བསམ་བློའི་གཏིང་དང་མི་ཚེའི་མཐའ་ལ་ཡང
མིག་ཆུ་དང་སྐྱོ་གདུང་རུམ་བཞིན
དགའ་སྤྲོ་དང་འཛུམ་མདངས་འཁུར་བཞིན
མཚན་མོ་སླེབས་ཐེངས་རེར
གློག་སྒྲོན་གྱི་འོད་སྣང་འོག་ནས
ཁེར་རྐྱང་པས་ཅི་ཞིག་འབྲི་བསམ་ཡང
དེབ་ཆུང་འདྲ་སེམས་པ་འདི་ད་དུང་ཡང་སྨིན་མེད་པས
ངའི་ཅི་ཡང་འབྲི་མ་ནུས
ཕྱི་ལོ ༢༠༡༣ཟླ ༦ ཚེས ༡༣ ཉིན་བྲིས