འོས་སྦྱོར་བ། སེར་ཤུལ་རིན་ཆེན་དོན་གྲུབ།
སུམ་གཉིས་ས་ཆེན་འགྲམ་པའི་ཐིག་ལེ་ལ།།
ཞབས་རྗེས་རི་མོའི་ཟོལ་དུ་ཕབ་པ་ཡི།།
སྔོན་གཤེགས་མེས་པོའི་དུར་བྱང་མ་ཟུབ་པར།།
སེམས་ཀྱི་ངོགས་ན་རྡོ་རིང་ཇི་བཞིན་འགྱིངས།།
བེ་རི་འཇིགས་མེད་ཀྱིས། ༢༠༡༣/༦/༦/
ཁ་བ་རླུང་གིས་སྤུར་བའི་གངས་ཐང་ནས། །
གཟི་བརྗིད་དམག་དཔོན་བརྒྱད་ཀྱི་རུ་འདྲེན་འོག །
ཤར་ནས་ནུབ་ལ་གཏུགས་པའི་བཤུལ་ལམ་དེ། །
ད་ལྟ་མཐོང་ཡང་དགྲ་བོའི་གློ་སྙིང་འདར།།
ཀ་དག་གིས།
གྲུ་འཛིན་རི་བོའི་སྤོབས་པའི་གྲིབ་འོག་ནས།།
ཆོས་སྲིད་གྲགས་དཀར་དུང་གི་སྐད་པོ་ཆེ།།
དམུ་ཐག་སྐས་ལས་རྒྱས་པའི་བྱུང་རབས་དེ།།
གདོང་དམར་གཞོན་ནུའི་ཡིད་ལ་ལྷང་ངེར་གསལ།།
སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས།
བཙན་པོའི་དུས་ནས་ཉི་མ་དེ་རིང་བར། །
དཔའ་བོ་ཕོ་མོའི་སྙིང་ཁྲག་འཐོར་བའི་ཡུལ། །
འབྲི་ཆུ་ཤར་རྒྱུད་མི་རོའི་དུར་ཐང་ན། །
ཁ་པ་རི་པའི་ལོ་རྒྱུས་གསོན་པོ་ཡོད། །
༢༠༡༣/༠༦/༠༦ འཇིགས་བྲལ་གྱིས།
བཅད་མཚམས་རྒྱབ་བཤིག་བྱེད་པའི་སེམས་བསྐྱེད་ཀྱིས།།
གངས་རིའི་དཔའ་ཚོགས་དར་ཆ་གཅིག་འོག་བསྡུས།།
སྡང་དགྲ་ཕྱེ་མར་འཐག་པའི་རྒྱལ་རྔའི་ཁྲོད།།
ཧི་མ་ལ་ཡི་རྒྱལ་ཁབ་མགོ་བོ་འབུད།།
འབའ་སྐལ་གྱིས།
ཆོས་སྲིད་ཉི་ཟླའི་འོད་སྣང་ཟུང་འབྲེལ་གྱིས།།
སུམ་གཉིས་དཀྱིལ་འཁོར་བཟུང་བའི་གྲགས་འབར་ཞིང་།།
གཅིག་ཏུ་མི་མཚུངས་ཨ་ཕའི་གོ་ཁ་ན།།
དབུ་རང་གདོང་ཐུགས་སྨྱོན་པའི་རང་ཚུགས་བཟུང་།།
ཤར་དུག་སྡོང་གིས།
གདོང་དམར་བཙན་པོའི་གདུང་རྒྱུད་དབུས་ནས་འཁྲུངས།།
རྒྱལ་ཁམས་སྲུང་བའི་དཔའ་རྒོད་ཁམས་ནས་སྐྱེས།།
བོད་ཀྱི་སྐད་ཡིག་དར་སྤེལ་མདོ་ནས་མཆེད།།
ཆོལ་གསུམ་མི་རིགས་འཛོམས་པའི་རྒྱལ་ཁམས་སྐྱིད།།
ངག་དབང་སྟོབས་ལྡན་པས།
སུམ་གཉིས་གླིང་ཆེན་རྟ་ཡི་སྦོ་འོག་བཅུག།
རྒྱལ་བའི་རིང་བསྲེལ་གངས་རིའི་ཞིང་དུ་དྲངས།།
མི་ཆོས་ལྷ་ཆོས་ཁྲིམས་ཀྱི་ཞལ་སྒོ་ཕྱེས།།
འབངས་རྣམས་བདེ་དགར་འཚོ་བ་མེས་པོའི་དུས།།
༢༠༡༣ ༠༦ ༦་ལ་གླིང་གེ་སར་གྱིས།
ཕུ་ཐུང་དཔུང་ཕྱེད་བརྫེས་པའི་དྲག་ཤུལ་གྱིས།།
དཀར་ནག་རྒྱ་ཡང་ཉྭ་གཞུག་འདར་བྱས་ཏེ།།
གངས་སུལ་གདོད་མའི་གཞི་འཛིན་མེས་པོ་དག།
དུས་ཀྱི་མཐར་ཡང་དྲན་པའི་རྔ་ཆེན་བརྡུང་།།
སྙིང་མིག་གིས། ༢༠༡༣།༦།༧
ས་ཆེན་རིག་པས་བྲིས་པའི་ལོ་རྒྱུས་ཁྲོད།།
རིགས་ལ་གློ་བ་འཛུམ་པའི་སྙིང་ཁམས་ཅན།།
ནང་སོར་ཁོག་པ་རྩུབ་མོའི་ཆོ་འཕྲུལ་སྣེར།།
ཁྱེད་ཀྱི་རུས་པ་དཀར་པོའི་གཏམ་རྒྱུད་བཞེངས།།
འོད་ཀྱི་ལགས་པས།
བཙན་པོས་རྒྱལ་སྒོ་ཕྱེས་པའི་གཟི་བྱིན་ཁྲོད།།
བདག་པོས་སྒོ་གླེགས་རྒྱག་པའི་ལྟས་ངན་གསེང་།།
རུལ་དྲི་ཕུགས་ནས་འཐུལ་ཀྱང་འགེབས་འདུག་པའི།།
གྲོད་པུ་ལྟ་བུའི་རིགས་འདིས་ཕུང་ངེས་རེད།།
འཆམ་ར་དྲི་མེད་རྒྱལ་མཚན་གྱིས།
དམར་ནག་ཁྲག་གི་ཡུར་ཆུ་འབབ་ས་ནས།།
གྱི་ལིང་བང་རྩལ་བསིལ་བསེར་རླུང་དང་བསྡུར།།
དཔའ་དམ་སོ་ཁ་འགྲིབ་པའི་ལོ་རྒྱུས་འོག།
མཐོ་སྒང་བོད་ཅེས་མིང་བྱང་སྲིད་འདིར་བཤམས།།
གངས་རིའི་ཚེ་སྲོག་གིས།
པུར་རྒྱལ་ནས་བཟུང་དེ་རིང་ཐུག་གི་བར།།
ལུགས་གཉིས་གསེར་སྦྱངས་བཙོ་མའི་གདུགས་ཆེན་དེ།།
མ་འགྱེལ་བླ་མཐོར་འདེཌ་མཁན་མེས་པོ་གང་།།
ལོ་རྒྱུས་ཡིག་ཚང་ཁྲོད་ན་འཇའ་བཞིན་མཛེས།།
འབའ་བ་ཡེ་ཤེས་ཀྱིས།
གངས་ཅན་བོད་ཀྱི་མེས་བོའི་རྣམ་ཐར་ནི།།
སྒྱུ་འཕྲུལ་ཞིང་གི་རབ་མཛེས་མེ་ཏོག་བཞིན།།
མཚར་ཞིང་མངར་བའི་དྲི་ཞིམ་ཐུལ་པས་ན།།
རྒྱང་རིང་བུང་བ་སྟོང་གིས་འཁོར་ལོ་སྐོར།།
བློ་བཟང་གྲགས་པས།
བཙན་སྟོབས་དཔལ་གྱིས་དབང་ཤུགས་རབ་རྒྱས་ནས།།
གངས་ལྗོངས་ནོར་འཛིན་ཡངས་པོའི་གཞིས་ཁྱིམ་ལ།།
ཆོས་རིག་ནོར་གྱི་མཛོད་ཆེན་འདྲེན་མཁས་པའི།།
རྣམ་གསུམ་མེས་དབོན་ལ་སོགས་བསྔགས་ལ་སྤྲོ།།
སེར་དཀོན་གྱིས།
སྙིགས་ལྔའི་ནད་མུག་དམག་དང་དུག་མཚོན་གྱིས།།
འཛམ་གླིང་སྣོད་བཅུད་འཇིག་ལ་ཉེ་བའི་སྐབས།།
སླར་ཡང་ཞི་བདེའི་རྫོགས་ལྡན་གསར་པའི་དཔྱིད།།
བསུ་བའི་དཔལ་གཅིག་མེས་པོའི་ཆོས་རིག་ཉིད༎
དཔའ་བརྟུལ་གྱིས།
བཙན་པོའི་གདུང་རྒྱུད་བོད་མི་ས་ཡ་དྲུག །
དབང་ཐང་ཉམས་ནས་དགྲ་ཡི་ལག་ཏུ་ཤོར།།
དཔའ་བོ་དུ་མའི་ཚེ་སྲོག་ཁྲག་ལ་སྦྱར།།
ཤུལ་ལུས་སྤུན་ཟླའི་སེམས་པ་སྡུག་ལ་སྦྱར།།
སྤྲང་ཕྲུག་གིས།
མདའ་གཞུ་འཁུར་བའི་དམག་གིས་ས་ཆེན་བཀང་།།
འུར་རྡོ་འཕངས་ནས་དགྲ་བོའི་ཀླད་རྒྱ་གཏོར།།
རྟ་རྨིག་སྒྲ་ཙམ་རྣ་བས་ཐོས་པས་ཀྱང་།།
དགྲ་བོའི་སྙིང་རྩ་འགས་པའི་ལོ་རྒྱུས་དྲན།།
རྡོ་མེ་འབར་གྱིས།
བཙན་པོ་ནས་བཟུང་སྟོང་ལོ་བཅུ་གསུམ་བར།།
མཚོན་གྱིས་བཀུམ་དང་མེ་ལྕེས་གཞོབ་པ་སོགས།།
ས་ཡ་དྲུག་གི་བདེན་པའི་འཐབ་རྩོད་ཆེད།།
མི་མངོན་དབྱིངས་སུ་གཤེགས་རྣམས་གུས་པས་འདུད།།
ཆབ་བསྟན་ཉི་མ་ཡིས།
རྨིག་འོག་རྡུལ་དམར་ལས་སྐྱེས་སྤྲིན་གྱིས་མཐའ་ཡས་གནམ་གྱི་རྒྱ་ཁྱོན་གཞལ་བའི་དུས་དེ་ནམ་ཞིག་ཡིན།།
ལུང་གི་ཕོ་ཉའི་རྔུལ་ཆུའི་ཐིག་ལེས་འཛིན་མའི་རེ་ཁྭ་དོག་པོར་བྱས་པའི་དུས་དེ་ནམ་ཞིག་ཡིན།།
སྤོབས་པའི་ཀི་རིང་འབའ་ཞིག་པས་ཀྱང་ཆེན་པོའི་རི་དྭགས་ཕྱོགས་སུ་བསྒྱེལ་བའི་གཏམ་དེ་གང་ཞིག་ཡིན།།
མེས་དཔོན་རྣམ་གསུམ་ཞེས་སུ་གྲགས་པའི་ས་ཡི་འཇེར་འཇིགས་དེ་དག་ད་ནི་དྲན་པ་ཉིད་ཀྱི་ཡུལ།།
རྫ་ཚེ་རིང་བཀྲ་ཤིས་ཀྱིས། ༢༠༡༣/༦/༨ལ།
ཤར་ནུབ་དལ་གྱིས་བགྲོད་པའི་ཉི་མའི་ཟེར། །
མོག་པོར་བགྱིས་པའི་འཁོར་སུམ་སིལ་སྒྲ་ལས། །
དུས་ཀྱི་མཐར་ཡང་དགྲ་བོ་འདར་བྱེད་པའི། །
བཙན་པོའི་དཔུང་དམག་རྒྱུ་བའི་ཤུལ་ལམ་རིང་། །
འགར་ཁྲི་བཙན་གྱིས། ༢༠༡༣/ ༦/ ༩/ ལ།
ཤར་གླིང་དབུས་ན་བརྗིད་ཀྱིས་འགྱིང་སྐབས་སུ།།
ཐུ་བོད་ཚང་གི་མཚན་སྙན་རབས་ལྕི་ཡང་།།
མེས་པོའི་སྲོག་གི་རྒྱུན་ཐག་ཆད་དང་ལྷན།།
རྒུད་པའི་སྣེ་མོ་དེ་རིང་ཉིན་ལ་ཐུག།
རྒོལ་མདས།
ཁ་བ་ཅན་དུ་སྲིད་ཀྱི་རྒྱལ་ཐབས་བཙུགས། །
སྟོབས་ཀྱི་སྙན་པ་སུམ་གཉིས་ཁྱོན་ན་གྲཊ། །
ཐུ་བྷོད་བཙན་པོ་གཤེཊ་པའི་ཤུལ་ལམ་དེར། །
ཁ་བ་རི་པའི་དཔུང་གདང་གཅིག་ཏུ་སྒྲིལ། །
༢༠༡༣/༠༦/༡༠ དབྱངས་གསལ་གྱིས།
སྨྱུག་གྲོགས་སྐོར་ཞིག་གིས་མཉམ་འབྲི་བྱས།
ཁ་བྱང་དང་སྙན་ངག་ཆ་མ་མཚུངས་པ་ཞིག་འདུག ཡིན་ན་ཡང་ཁ་ཤས་ཀྱི་ཚིག་སྦྱོར་ཡག་པོ་འདུག