རང་བདག
སྒོ་ཤེར་ལགས་རྩོམ་པ་པོ་ཚད་ལྡན་གྱི་གྲས་དང་གུས་ཞབས་ཡོད་སོགས་བརྗོད་པ་ནི། དོན་དུ་སྒོ་ཤེར་གྱི་དཔེ་དེབ་བམ་སྔར་གྱི་བརྩམས་ཆོས་རྣམས་བལྟས་མྱོང་ཞིང་ཁོང་གི་ལྟ་ཚུལ་ཧ་གོ་ལ་འཐད་མོས་ཡོད་ཟེར་བའི་ཁུལ་ཡིན་ཚོད་རེད། ད་དུང་འགོ་འཛུགས་ས་དེ་ཤེད་ཅིག་ནས་ཚོགས་པ་དེ་དང་སྒོ་ཤེར་གཉིས་རྩ་བའི་ལང་ཕྱོགས་ཐ་དད་པ་ཡིན་པས་འགལ་བ་ཡོང་ངེས་རེད་ཟེར། དེ་བདེན་དུ་མཆིས་ཀྱང་ངས་བར་འདུམ་བྱེད་ཟེར་བ་ནི་བསམ་ཡུལ་ལས་འདས་པ་དང་ཡོང་རྒྱུ་མེད་པའི་སྐད་ཅ་ཞིག་སྟེ། དེ་ལྟ་བུའི་སྒོ་ཤེར་གྱི་ལྡོག་ཕྱོགས་(ལྟ་ཚུལ་)སམ་ཁྱོད་རང་གི་བསྙད་པའི་ཐ་དད་དུ་གྱུར་པའི་ཚོགས་པ་དེར་སྒོ་ཤེར་ཁ་གཏད་ལངས་པ་ནི་དབང་མེད་དང་འོས་འགན། ལྟ་གྲུབ་ཉིད་དུ་སྔ་མོ་ནས་གྲུབ་ཅིང་། ཁྱོད་ནི་ཚོགས་པ་དེའི་ལས་སྟངས་ལ་འཐད། མོས། སྐྱོར་མཁན་དེ་མ་ཡིན་ནམ། དེས་ན་ཁོང་གི་ལངས་ཕྱོགས་ལ་རྒྱུས་ཡོད་མདོག་བྱེད་པ་ཙམ་ལས་ཇི་ཙམ་གོ་ཡོད་རྣམ་རྟོག་གཏིང་ནས་ལངས་སོང་ངོ་།། ཡང་ན་ལྟ་རྒྱ་ཐོས་རྒྱ་ཆེ་མདོག་གམ་མི་གྲལ་དུ་མི་ཚུད་པའི་སེམས་ཁྲལ་ཅི་ཞིག་ཡིན་སྙིང་རང་ནས་དོགས་འོང་ངོ་།།
སྤྱིར་ཁྱོད་ལ་མཚོན་ན་ལྟ་གྲུབ་ཅིག་གམ་ལངས་ཕྱོགས་ཤིག་མངོན་གསལ་གྱིས་བཤད་རྒྱུ་ཡོད་པ་ནི་ཁྱོད་དཔའ་བ་འདུག་པས་དགའ་འོས་པ་སྨོས་མ་དགོས་ཀྱང་། སྒོ་ཤེར་ལ་དེ་འདྲ་མ་བྱེད། བསམ་ཤེས་གྱིས། ཁ་མ་གྲག་ཟེར་བའི་སྒྲག་གཏམ་གཏན་ནས་སྤེལ་ནུས་བཟོ་མི་འདུག་སྟེ། ཁྱོད་གཉིས་ནི་ནང་བསྟན་ལ་སྙེག་ཚུལ་དང་སྙེག་ཚུལ་གྱི་རྒྱུད་རིམ་རྩ་བའི་ཆ་ནས་ཐ་དད་དུ་སོང་འདུག རིང་ནས་རིང་ནས་སྒོ་ཤེར་མི་བདེ་ས་དང་སྡུག་བསྔལ་བྱེད་ས་ནི་མི་ཡི་དཔྱོད་ཤེས་ལ་ཚོད་བཀག་ཐེབས་ས་དེ་རེད། དེས་རྐྱེན་པས་སྒོ་ཤེར་གྱི་ཨ་མས་ཀྱང་རྩོམ་ཡིག་མ་འབྲི་ཞེས་བུ་ལ་བར་འདུམ་གནང་མྱོང་ལ་གསོལ་འདེབ་ཞུས་མྱོང་བ་རེད། ཁྱོད་རང་གིས་བཀག་སྡོམ་གྱི་ལས་ཀ་དེ་འགྲིག་འདུག་ལབ་པ་ནི་ལྟ་ལོག་པ་རྣམས་དགག་དགོས་ཟེར་བ་དེ་རེད། སྒོ་ཤེར་གྱིས་ཀྱང་ནང་བསྟན་ལ་དགག་ཕྱོགས་ལང་མཁན་ཡོད་པ་ནི་ལོས་ཤེས་ཤིང་ཤེས་པས་མི་ཚད་གསལ་ཐག་ཆོད་བྲིས་འདུག སྤུས་ཀ་མེད་པའི་རྩོམ་ཡིག་ཐོན་སྲིད་ཀྱང་། དེ་དག་ནི་ཚོགས་པ་དེའི་ཐབས་ལམ་ཏེ་བཀག་སྡོམ་དང་འཇིགས་སྐུལ་གྱིས་ཐག་གཅོད་དང་ལེགས་ལམ་དུ་དཀྲི་རྒྱུ་མ་ཡིན་པ་སློབ་གསོས་བསྐྱང་དགོས་ཚུལ་གསལ་པོར་འདུག
ད་དུང་ཁྱོད་དང་མི་འདྲ་ས་སྒོ་ཤེར་འདི་གཅིག་པུས་སེམས་ཁྲལ་ལངས་པ་མིན། གནད་དོན་དེ་བཀག་སྡོམ་དང་འཇིགས་སྐུལ་གྱིས་ཐག་གཅོད་དགོས་པ་འདོད་པའི་ཁྱོད་དང་ལྟ་ཚུལ་གཅིག་ཚུངས་ཀྱི་ཚོགས་པ་དེས་སྤྱི་ཚོགས་རིག་གནས་དང་རིག་གནས་གང་ལའང་ཚད་བཀག་བཟོ་འོང་གིན་པར་འདོད་འདུག མ་ཟད་གོང་དུ་ཟུར་ཙམ་ཞུས་པ་སྟེ་སྒོ་ཤེར་ནི་མི་ཡི་ཤེས་རབ་ལ་ཚད་མེད་པ་འདོད་མཁན་གྱི་གྲས་ཡིན་པས་ནམ་ཞིག་ཀླུ་སྒྲུབ་དང་ཆོས་གྲགས་ཀྱི་གསར་རྗེ་ནས་བོད་ནང་གི་རྟོགས་གེ་པ་དང་ཆོས་ལུགས་པས་གསར་པ་སྨྲས་པ་དང་གྲུབ་མཐའ་གཏོད་པའི་ཤེས་རབ་ལ་ཚད་མེད་སྟངས་དེས་མི་ལ་དད་པ་སྐྱེས་ལ་ཡིད་ཆེས་འཕེལ་མཁན་ཞིག་རེད་ལ། མ་ཟད་དེའི་ཞོར་དུ་མི་ལེགས་པ་མང་མང་ཡོང་ངེས་པའི་གོ་རྟོགས་ཀྱང་ཡོད་མཁན་ཞིག་ཡིན་རུང་། རང་ངོས་ནས་ནང་བསྟན་བཙུགས་ཏུ་བཀུར་ཞིང་སྙིང་ལ་སྦྱར་བའི་རྒྱུ་མཚན་གྱིས་ནང་ཆོས་ལས་གཞན་དུ་གྱུར་པ་ལ་བདེན་པ་གཏན་ནས་མེད་པ་མི་འདོད་ཅིང་། དེ་དང་འགལ་བ་གྱུར་ཚད་ལ་མི་འོས་སོ།། གནས་ནས་དབྱུང་ངོ་།། སྐྱུངས་སོ།། ཟེར་བ་དང་དཔེ་ཁྱི་རྔར་འདོགས་པ་དང་ལག་གྲིས་གཏུབ་པའམ་དེང་གི་རང་རེའི་ཁོར་ཡུག་ཏུ་དངོས་སུ་ཡོད་པ་སྟེ། རྒྱུ་མཚན་བདོག་མིན་ལ་མ་བལྟས་པར་ཞེན་ཆགས་ཤིག་གིས་མ་ཐུབ་མ་ཤོར་བར་དུ་བཙན་གྱིས་གནོན་པ་དང་བཀག་པ། སྡོམ་པ་བྱེད་པར་མི་མོས་པར་རྩོད་པས་བརྒལ་བརྟག་ཀྱིས་ཐག་གཅོད་དགོས་པའི་འདོད་ཚུལ་བཏོན་མྱོང་ལ་དེའི་མིང་ལ་ནཱ་ལནྡྲའི་སྙིང་སྟོབས་ཞེས་ཀྱང་བསྙད་འདུག་གོ།
འདི་ནི་དེང་རབས་ཀྱི་དཔལ་ཡོན་རེད། འདི་ནི་མི་རབས་གསར་པའི་འཚོལ་སྙེག་རེད། ཁྱོད་ནི་འུར་ཐུག་ནས་གཉའ་ལ་མ་ཤོར་བར་དུ་རང་མོས་རང་འཐད་ཀྱིས་མི་གཏོང་མཁན་དང་མི་ཡི་ཤེས་རབ་ལ་ཚོད་འཛིན་བྱེད་མཁན། རང་དང་ལྟ་ཚུལ་མི་མཐུན་པ་ཕུད་རྐྱང་འདེད་རྐྱང་བྱེད་མཁན་གྱི་སྲོལ་བཟང་ཅན་དེ་རེད་འདུག་པས་སྒོ་ཤེར་ཁྱོད་གཉིས་ཆེས་མི་འདྲ། ཇི་ལྟར་མཐུན། ལམ་གསར་རྙིང་གཉིས་ཀྱི་ཐ་དད་སའང་འདི་རེད། དེས་ན་ཁྱོད་ཀྱིས་སྒོ་ཤེར་ལ་བསམ་ཤེས་གྱིས་ཟེར་ས་མི་འགྲོ་སྟེ་བསམ་ཤེས་བཟོ་མི་ཐུབ་ས་དང་རིང་ནས་དགག་རྒྱག་བྱེད་ས་འདི་ལ་ཐུག་འདུག
རྒྱབ་ཁབ་གཞན་གྱི་གྲོས་ཚོགས་ཤིག་གི་རྟོགས་བརྗོད་དེས། ལས་བྱེད་ཀྱིས་རང་ཉིད་ཀྱི་ལངས་ཕྱོགས་བརྟན་ཆེད་སྒྲུབ་བྱེད་མཐུག་པོ་ཁྱེར་དགོས་ཞེས་ཟེར་དུ་ཆུགས་ཀྱང་དེས་འཁྲེགས་འཛིན་དང་ཨུ་ཚུགས་ཀྱིས་སྒྲུབ་བྱེད་ཞེད་པོ་ཞིག་འགོད་དགོས་ཟེར་བ་མིན་པར་ཤེས་པ་གྱིས་ཤིང་སྒོ་ཤེར་གྱི་ཁ་སྣ་གང་ལ་ཕོག་གི་ཡོད་མེད་ཀྱི་རྨི་ལམ་རྫིག་པོ་དེ་མ་རྨི་ཤིག
ཐེ་ཝན་དང་ཨ་རིའི་ལུང་མང་པོ་འདྲེན་མི་དགོས། ཆེས་རྨོངས་རྟུལ་ཞིག་མིན་ན་སུ་ཅིག་གི་ངོར་དེས་རྫིག་རྫིག་མི་ཡོངས་ཤིང་མཐར་ཐུག་ཤིག་བསྟན་མི་ཐུབ། དེས་ན་སྒོ་ཤེར་ལ་ཨ་རིའི་ལུང་གནང་མི་དགོས། ཐེ་ཝན་གྱི་ཁྲིད་གསུང་མི་དགོས། རྡོག་རྡོག་བཤད་ན་དེའི་བསྟན་དོན་ནི་གྲྭ་པས་བུད་མེད་སྤྱད་མི་ཆོག་པ་ལྟ་བུའི་གནད་ཙམ་ལས་བསྟན་མི་ཐུབ། དེ་ཙམ་ལ་ནི་སྒོ་ཤེར་གྱིས་སྔར་ཡང་སྐད་འབོད་བྱས་མ་མྱོང་ལ་བསྒྲག་གཏམ་སྤེལ་མ་སོང་། ད་དུང་ཁོར་ཡུག་ག་གེ་མོའི་སྲོལ་ལམ་ཁ་ཤས་བཤད་འདུག་པ་དེས་ཅི་ཞིག་སྒྲུབ་ཐུབ། ཁྱོད་རང་ཁོར་ཡུག་དེ་འདྲ་ཞིག་རྒྱུད་ནས་ཡོང་མིན་སུས་དྲིས། དེ་དག་བདེན་མིན་དང་བཟང་མིན་ཁྱོད་ཀྱིས་ཇི་ལྟར་ཐག་ཆོད།
ད་དུང་ཁྱོད་ཀྱིས་སྒོ་ཤེར་གྱིས་སྐྱོན་འཛུགས་མང་པོ་ཐད་ཀར་བྱས་འདུག་ཟེར། སྐྱོན་འཛུགས་ཟེར་བ་འདིའི་དོན་ཚིག་མཛོད་དག་ཏུ་ཉེས་མེད་ཉེས་འཛུགས་ཟེར་ཡོད་ཚོད། དེ་ནི་ཁྱོད་ཀྱིས་ཚོགས་པ་དེ་དག་ཐེར་བྱེད་པར་བརྩོན་གིན་འདུག་པས་ངས་གནས་སྐབས་མིང་ཚིག་དེ་ཁུང་མེད་དུ་འཛིན་ནས་བཏང་སྙོམས་སུ་བཞག གཞན་ཚིག་རྩུབ་པོའི་རིགས་དབང་མེད་ངང་ཤོར་ཡོད་པ་ནི་སྒོ་ཤེར་རང་གིས་ཀྱང་གསལ་འདེབས་སྤུས་ཀ་ཅན་བྱས་ཡོད། དེས་ན་སྒོ་ཤེར་འཁྲེགས་འཛིན་ཅན་དག་ལ་གཟོད་སྲན་མི་ཐུབ་པ་དང་། ཁྱོད་རང་འཁྲེགས་འཛིན་ཅན་དག་ལ་གཟོད་སྲན་ཆེ་དྲགས་པ་གཉིས་ནི་སྒོ་ཤེར་ཁྱོད་གཉིས་ཆེས་མི་འདྲ་ས་དེ་རེད། གནས་བབ་འདིའི་འོག་ནས་བལྟས་ན་སྒོ་ཤེར་ནི་ཅིག་ཅིག་གི་ཤིང་རྟ་ཆེན་པོ་རེད་ཟེར་ནའང་ཚོད་ཚོད་ལ་འགྲིག་སོང་བའི་ཚོད་རེད། གང་ལྟར་དཔྱད་གླེང་ཙམ་མིན་པར་སྣ་ཚ་དམར་པོ་ཅན་གྱི་སྨྱུ་གུ་ཁྱེར་ཏེ་སྒོ་ཤེར་ལ་རྟགས་འཐེན་པ་ནི་དགོད་བྲོ་བ་ཞིག་དང་ངུ་འཆོར་བ་ཞིག་འདུག་གོ།
ཁྱོད་ཀྱིས་སྒོ་ཤེར་ལ་རང་དབང་དང་ཐོབ་ཐང་གི་སྐོར་ལུང་འདྲེན་དང་སྒྲོགས་སྦྱང་དགོས་པ་མི་འདུག་སྟེ། འདིའི་སྐོར་ཁྱོད་ཀྱིས་རྒྱུས་ཡོད་མདོག་བྱས་པའི་རྩོམ་པ་པོ་སྒོ་ཤེར་གྱི་ན་ནིང་སྒོར་ཕུད་པའི་དེབ་དེའི་བཅར་འདྲའི་སྐབས་གསལ་པོ་བཤད་ཅིང་ཁྱོད་ལས་སེམས་ཁུར་ཅི་བས་ཆེ་བ་གནང་འདུག ད་ཁྱོད་ཀྱིས་སྒོ་ཤེར་གྱི་སྐད་ཅ་གཅིག་ལ་ལན་རྒྱག་དགོས། དེ་ནི་ལྷ་མོ་དོན་འགྲུབ་ཀྱིས་ཆོས་མངོན་པའི་བཀའ་བཞིན་སྒྲུབ་གི་མི་འདུག་པས་ད་རྗེས་སུ་གང་ཞིག་ནས་ཅིག་བྱེད་དགོས་ས་རེད་ལབ་དང་ངས་རྣ་བ་སྲང་ནས་ཉན་ཡོད། འདི་ཁྱོས་གོ་དགོས། ཁྱོས། དེ་མི་འདྲ། དེ་མི་འདྲ་ཟེར་ངེས་ཏེ་ཁྱོད་འདྲ་མཉམ་ལ་རྒོལ་མཁན་གྱི་ཕྱོགས་སུ་ཡོད་པས་སོ།། འོན་ཀྱང་དེང་གི་རབས་ནི། མི་འདྲ་བར་མི་འདོད་ལ་འདྲ་བ་དང་མཉམ་པ་ལ་རྩོད་མཁན་དང་སྙེག་མཁན་དེ་ཡིན། འདི་ལྟར་འདོད་དགོས་པའི་རྒྱུ་མཚན་ཡང་ཁྲིམས་མེད་ལུགས་མེད་ཀྱིས་མ་ཡིན་པ་མི་ཡི་ཤེས་རབ་ལ་ཚད་མེད་པ་དང་། ཤེས་རབ་རྣོ་མིན་ནི་དབང་དང་གོ་སས་འཇོག་མི་ཐུབ་པར་ངེས་ཤེས་གཏིང་ནས་འགྲངས་ཡོད་པས་ཡིན་པར་ཤེས་པ་གྱིས་ལ། མ་ཟད་འཛམ་གླིང་ཐོག་ཐོབ་ཐང་འདྲ་མཉམ་ཟེར་བའི་ཁྲོད་དུ་ཆོས་ལུགས་འདྲ་མཉམ་ཟེར་བ་འདི་གང་ནས་སླེབས་པར་ཤེས་ཤིག ཤེས་ཤིག ད་ལྟར་ཅི་ཙམ་ཡི་གར་མི་འོང་པའི་ཆོས་ལུགས་ཤིག་ཡིན་རུང་དེ་ལ་བཙན་གནོན་གྱིས་བཀག་སྡོམ་བྱེད་པའི་ལུགས་དང་བཀོད་པ་ཤིག་ག་པར་འདུག དེ་མེད་པའི་རྒྱུ་མཚན་ནི་ཐོབ་ཐང་ཟེར་བ་འདི་ཡོད་པས་དང་འདྲ་མཉམ་ཞེས་པ་འདི་ཡིན་པས་རེད། དེས་ན་ཁྱོས་ལ་ངོས་གཅིག་ཁོ་ན་སྟེ། མགོ་ནོན་ཐུབ་མིན་གྱི་སེམས་ཁྲལ་ཙམ་ལས། ངོས་གཞན་ཞིག་སྟེ་སྒེར་མིའི་ཐོབ་ཐང་དང་དཔལ་ཡོན། དགེ་མཚན་བཅས་ལ་ཤེས་རྟོགས་དང་རྒྱུས་ལོན་རྩ་ནས་མི་འདུག་པས་ད་ནི་ཁྱོད་ཀྱིས་རང་གིས་སེམས་ཁྲལ་མ་མྱོང་བ་ཞིག་སྒོ་ཤེར་གྱིས་སེམས་ཁྲལ་བྱེད་པ་ལ། དེ་མ་བྱེད། མི་དགོས་ཟེར་ནས་སྒམ་ཚུགས་མ་སྟོན་ཞིག ད་ནི་ཁྱོད་ཚོས་ཞོར་དུ་ཤེས་དགོས་པ་ཞིག་ལ་སྔ་མོ་ཆོས་ལུགས་ལ་སྒེར་གཅོད་ཡོད་མེད་རྩོད་དོན་དེ་ཁུང་མེད་པར་རེད་འདུག་མིན་དེ་རེད།
ང་ནི་ནམ་ཡང་འཇིགས་སྐུལ་དང་བཀག་སྡོམ་གྱི་ལས་དེར་མི་འཐད། དེ་ལ་ཐག་ཆོད་ཀྱི་འབྲས་བུ་བཟང་པོ་ཞིག་གཏན་ནས་མི་མཐོང་། དེས་ན་ངས་ཁྱོད་ལ་སྒྲག་གཏམ་ཞིག་སྤེལ། ཁྱོད་ཚོ་ཆོས་ཞེན་སྲོལ་ཞེན་པ་ཚོས་གཞན་གང་ལའང་བསམ་ཤེས་མི་བྱེད་ཅིང་། ད་དུང་ཉེ་བའི་ལོ་རེ་ཉིས་ཙམ་ལ་ང་རྒྱལ་རྙིང་པ་དེ་སླར་ཡང་རོ་ལང་རྒྱག་གིན་འདུག་ཚུལ་ལ་བལྟས་ན་ད་ནི་གཞོན་སྐྱེས་དག་གི་གསར་རྗེ་དེ་སླར་ཡང་ལང་མི་དགོས་པའི་ངེས་པ་གཏན་ནས་མི་འདུག་པས། ཁྱོད་ཚོས་མཁས་མདོག་དང་སྒམ་མདོག་གིས་ཚུར་ལ་བསམ་ཤེས་བསམ་ཤེས་ཟེར་ནས་བསུན་མ་བཅུག་ཨ། ཁྱོད་ཚོ་དང་གཞོན་སྐྱེས་དག་གི་སེམས་ཁམས་གྲུབ་སྟངས་གཏན་ནས་མི་འདྲ་བས་ཨུ་ཚུགས་ཀྱིས་འདིར་འཚང་མ་ཡོང་ཅིག
རེད། དངོས་གནས་བདེན་པ་རེད། རྫ་ཚེ་ལྟ་བུར་ཐེ་ཝན་དུ་སྐུ་སྒེར་གྱིས་གཏོང་ནའང་། ལོ་འཁོར་མོ་ཡུག་ཏུ་རང་དོན་དུ་ཞབས་བརྟན་རྒྱུགས་ཅིང་། རང་གི་མིང་ཞིག་འཇོག་ཐུབ་ཐབས་ལ་འབད་མཁན་ཞིག་རེད། གྲྭ་པ་ཡིན་མིན་ཙམ་ཡང་འབྱེད་ཐུབ་ཀིན་མེད་ན་གདན་ས་ཆེན་པོའི་ཀིརྟིའི་དགོན་པའི་གནས་སྟངས་ལ་ནམ་ཡང་ཇུས་གཏོགས་མེད། ཁྱོད་རང་སྡོམ་པ་སྲུང་རྒྱུ་བརྗེད་མི་ཉན། གངས་ཅན་ན་སློབ་གཉེར་ཚད་ལྡན་ཡོད་པ་ཀིརྟི་གཅིག་པུ་རེད་ཟེར་ཀྱང་ཆོག ཁྱོད་ཀྱི་འདི་དག་གི་གནས་བབ་ནམ་ཡང་ངོས་མི་ཟིན།
རེད་འབྲོག་ཕྲུག་གིས་བཤད་པ་དེ་རང་རེད། ཁ་ནང་གི་རྨ་དེ་ཁ་ནང་དུ་གཙང་མ་བྱེད་ཐུབ་པ་ལས་གཞན་གྱིས་ག་འདྲ་སེ་བྱེད་ཐུབ།
གོང་གི་ཚིག་བརྗོད་རྣམས་བདེན་པ་རེད།
(གངས་ཅན་ན་སློབ་གཉེར་ཚད་ལྡན་ཡོད་པ་ཀིརྟི་)འབྲུག་ཕྲུག་ཧ་ཅང་བདེན། རྒྱུ་མཚན་འདི་ཁོ་ནས་ངས་དགོན་པ་འདིའི་ཐད་ནས་མ་མཐའ་ཡང་དགོན་པ་འདིར་འོས་མཚམས་མིན་པའི་མཚན་ཤས་ཆེན་པོ་ཞིག་མ་བཟོས་ན་སྙམ་པའི་ལྷག་བསམ་གྱི་སྙོམ་སྒྲིག་གི་སྐད་ཆ་ཞིག་བཤད་ཁུལ་བྱས་པ་ཙམ་ཡིན།
སྒེར་ངོས་ནས་སྒོ་ཤེས་ང་གཉིས་ལས་དབང་གི་ཐད་ནས་ཧ་ཅང་ཉེ་བ་ཡོད་དེ། ཁོང་ང་གཉིས་ས་གནས་ཀྱི་བཙོན་ར་གཅིག་ཏུ་སྔ་རྗེས་བཙོན་འོག་གི་འཚོ་བ་བསྐྱེལ་མྱོང་། ངས་ཁོང་ལ་གུས་ཞབས་ཆེན་པོ་ཞུ་གིན་ཡོད།
ད་ལྟ་གྲོགས་པོ་ཞིག་གིས་འབྲེལ་ཐག་འདི་སྐུར་བ་བྱུང་བཞིན་རྩོམ་ཡིག་འདི་ཡང་ཚར་གཅིག་བཀླགས་ཟིན། བཀའ་དྲིན་ཆེ།
ངས་ནི་རྫ་ཚེས་བྲིས་པའི་རྩོམ་ཡིག་དེ་ཡང་ཀླག་པ་ཡིན་་་རང་བདག་གིས་བྲིས་པའི་རྩོམ་ཡིག་དེ་ཡང་ཀླག་པ་ཡིན་་་་་་་་་དཔྱད་རྩོམ་བྲི་བ་པོ་གཉིས་ཀ་ལ་ང་རང་རྒེར་ངོས་ནས་དམིགས་གསལ་གྱིས་འབྲེལ་བ་ཡོད་པ་དེ་འདྲ་གང་ཡང་མིན་་་་སྒོ་ཤེར་གྱི་རྙོག་གླེང་དེ་ཡང་ཚ་ཆང་རྒྱུད་ལོན་བྱས་པ་ཡིན་གནས་ཏང་འདི་འདྲ་ཞིག་གི་འོག་ནས་རང་གི་བསམ་ཚུལ་ཞུས་ན་་་་་་རང་བདག་གི་བྲིས་པའི་རྩོམ་ཡིག་དེར་རིན་ཐང་ཡོད་པ་ཞིག་དང་གཟུ་བོར་གནས་པའི་སྐད་ཆ་ཞིག་རྩ་བ་ནས་མཐོང་གི་མིན་འདུག་་་དེར་ལྟོས་ན་རྫ་ཚེས་བྲིས་པ་དེ་རྣམ་དཔྱོད་ཅན་དང་གཟུ་བོར་གནས་པ་གནས་ལུགས་ཡོད་པ་ཞིག་བྲིས་འདུག་་་་་་་་རྡ་སར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་སྒྲིགས་ལམ་ཀུན་སྤྱོད་རིམ་པ་དེ་ཚོ་ཤིན་ཏུ་དང་བ་འདྲེན་པོ་དང་དགོན་པ་ཞིག་ལ་ཚང་དགོས་པའི་སྒྲིགས་ལམ་ཡག་པོ་ཞིག་ཡོད་པ་ཀིརྟི་སྐྱབས་མགོན་རང་ཉིད་ཉེ་འཁྲིས་སུ་ཡོད་པའི་ཐུགས་རྗེ་དཀའ་དྲིན་ཡིན་པ་གསལ་པོ་རེད་་་་་་སྒྲིགས་ལམ་འདི་འདྲ་ཞིག་གི་འོག་ནས་སྒོ་ཤེར་དགོན་པར་གནས་ཐབས་ཞིག་ཡོད་དམ་་་་་་ངས་བྱས་ན་ཁག་པོ་རེད་་་་་་དེ་ནི་གྲྭ་ཚང་གི་ནོར་འཁྲུལ་ཞིག་རྩ་བ་ནས་མ་རེད་དེ་སྒོ་ཤེར་རང་ཉིད་ཀྱི་ནོར་འཁྲུལ་ཞིག་རེད་་་་་་ཡང་ན་དགོན་པར་དགོན་པའི་སྒྲིགས་ལམ་ཞིག་མི་དགོས་སམ་་་་་སྔར་སྐྱེས་སར་ཀླུ་གྲུབ་ཟེར་བ་ཁོང་ཡང་དགོན་པ་ནས་ཕུད་དགོས་པ་ཡང་འདི་འདྲ་དང་འདྲ་མཚུངས་གི་གནས་ཚུལ་ཁ་ཤས་ཡོད་པ་མ་རེད་དམ་
རྫ་ཆེ་བཀྲ་ལགས་ཀྱིས་བཤད་པའི་སྐད་ཆ་དེ་ལ་གནས་ལུགས་འདུག། ད་ཕན་བོད་ནང་དང་བཙན་བྱོལ་ནང་སྒོ་ཤོར་སྐོར་ལ་མགོ་མ་ཚོས་བཞིན་དུ་ཅོལ་ཆུང་འུར་འགྲོགས་བྱེད་མཁན་མང་པོ་བྱུང་སོང་སྟེ། རྫ་ཚེའི་རྩོམ་དེ་གཅིག་པུ་བསམ་གཞིག་གནད་ལ་ཐིངས་པ་དང། ཉམས་མྱོང་ཅན་གྱི་སྐད་ཆ་རང་རེད། དེང་སང་མང་པོ་ཞིག་གིས་བརྟག་དཔྱད་མི་དགོས་པར་ཚོར་བ་རྐྱང་རྐྱང་གིས་འབར་བསྡད་ཡོད་པ་རེད། དེའི་གྲས་ལ་ནང་གི་ལྗིད་ཁོག་ནི་མེད། ཁ་ཕྱོགས་བསམ་བློ་ནི་མེད། སྙིང་ཡང་རྗེ་ལ་སེམས་ཡང་སྐྱོ།
རྫ་ཚེ་རིང་བཀྲ་ཤིས་སུ་འབོད་པའི་མི་དེ་ངོ་གཏན་ནས་མི་ཤེས་མོད། ཡིན་ནའང་ཁོང་གིས་བར་འདུམ་ཞེས་པའི་རྩོམ་ཡིག་དེ་ཡག་པོ་བྲིས་འདུག་ཅེས་བོད་ཕྱི་ནང་གཉིས་ནས་གཟུར་གནས་བློ་ལྡན་མང་པོ་ཞིག་གིས་གསུང་གི་འདུག དེ་ནང་བཞིན་བདག་གིས་ཀྱང་ལེགས་པར་མཐོང་སོང་། ཡང་གཅིག་བཤད་ན་སྒོ་ཤེར་ཁོ ནི་རྩོམ་པ་པོ་བོད་མི་ན་གཞོན་ཤེས་ཡོན་པའི་གྲས་ཤིག་ཡིན་མོད། འོན་ཀྱང་སྒོ་ཤེར་ཁོ་ཆུང་དུས་ནས་འཚར་ལོངས་དང་རང་རྒྱུད་ལ་ཤེས་ཡོན་གྱི་རྐང་འབྱུང་སའི་རྔ་པ་ཀིརྟིའི་དགོན་གྱི་ཁ་གཏད་དུ་ལངས་ཏེ་རྩོམ་ཉོག་མང་དུ་སྤེལ་བ་ མཐོང་ཐོས་བྱུང་དུས་ཁོའི་བྱེད་སྟངས་ལ་བློ་ཕམ་བྱུང་སོང་། སྒོ་ཤེར་རང་ཉིད་ཀྱིས་སློབ་སྦྱོང་གང་འཚམ་ཐོབ་པའི་དོན་དེ་ནང་གི་དགྲ་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་དང་། ཕྱིའི་དགྲ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། ལྷག་ཏུ་རྔ་པ་ཀིརྟི་དགོན་ཆེན་བཅས་རྩ་མེད་དུ་གཏོང་འཆར་ཡོད་པའི་རྒྱ་ནག་གུང་ ཁྲན་གཞུང་གི་ཁ་གཏད་དུ་མི་ལངས་པར། རང་གི་དགེ་བའི་བཤེས་གཉེན་དང་དགོན་སྡེ་འདིའི་མཁན་བླ་སྤྲུལ་དགེ་འདུན་པའི་སྡེ་འདི་འདྲ་ཞིག་ལ་ངན་སྨྲས་དང། དགེ་འདུན་དབྱེན་དཀྲུག་གི་ལས་ངན་ཚབས་པོ་ཆེ་བསགས་པའི་ཚུལ་འདི་ནི། གཡོ་ཅན་ཝ་མོ་ལྟ་བུ་ཡིས། །རང་དོན་ངན་པ་ཁོག་ལ་བཅུག །གཞན་དོན་ཡིན་ཞེས་ཐམས་ཅད་དཀྲོག །ཅེས་པའི་དཔེ་ལས་མ་འདས་ནའང་འདི་ལ་བསམ་བློ་ཟུར་ཙམ་ཡང་མི་གཏོང་བ་དང་། ལྷག་པར་དུ་ཚོགས་སྡེ་དང་སྒྲིག་འཛུགས་གང་ཞིག་ཏུ་གནས་ན་དེའི་ཁྲིམས་དང་སྒྲིག་ གཞི་ལ་བརྩི་བཀུར་བྱེད་དགོས་པ་ནི། གནའ་མི་བོད་ཀྱི་གཏམ་དཔེར། ཡར་ལུང་སྟོད་ལ་བསྡད་ན། ཡར་ལྷ་ཤམ་པོ་བསྟོད་དགོས། ཞེས་པའི་རྒྱུན་ཤེས་ཙམ་ཡང་མ་ཤེས་པའི་སྐྱོན་སྒོ་ཤེར་ལ་རང་བཞིན་གྱིས་འབབ་པ་ སོགས་གཟུར་གནས་བློ་ལྡན་མང་པོས་མཁྱེན་གསལ་ལྟར་རེད།
སྤྱིར་བཏང་རྒྱ་ཆེའི་ མང་ཚོགས་ཀྱི་མིག་མདུན་དུ་སྐད་ཆ་དང་ཟུར་མཆན་སོགས་གང་ཞིག་བཀོད་ནའང་བསམ་མེད་དྲྭ་འབུ་ཚོ་དང་མི་འདྲ་བར་རང་ཉིད་ཀྱིས་འགན་ཞིག་འཁུར་དགོས་དུས། འདིའི་ཐད་ལ་རྒྱུས་ལོན་དང་ཞིབ་འཇུག་ཅུང་བྱས་པ་ཡིན། སྒོ་ཤེར་ཁ་གཏད་དུ་ལངས་ཏེ་སྐུར་འདེབས་སྣ་ཚོགས་བྱེད་ཡུལ་གྱི་རྔ་པ་ཀིརྟི་དགོན་ གྱི་ཤེས་ཡོན་འགན་འཛིན་ཚོགས་ཆུང་གི་མི་སྣའི་གྲུབ་ཆ་ནི། སྒོ་ཤེར་ཁོ་རང་གི་དགེ་བའི་བཤེས་གཉེན་ཚུད་པའི་རྔ་པ་ཀིརྟིའི་དགོན་ཆེན་གྱི་གྲྭ་ཚང་བཞི་གའི་མཁན་པོ་རྣམ་པ་བཞི་དང་། གྲྭ་ཉིས་སྟོང་བདུན་བརྒྱ་ལྷག་གིས་འོས་ཤོག་གི་ལམ་ནས་འདེམས་ཐོན་བྱུང་བའི་དགེ་ བཤེས་ལྷ་རམས་དང་དཔེ་ཁྲིད་དགེ་རྒན་ཤ་སྟག་ཡིན་ཞིང་། འོས་གཞིའི་ནང་སྒོ་ཤེར་རང་ཉིད་ཀྱང་ཡོད་ནའང་དེའི་ནང་འདེམས་ཐོན་མ་བྱུང་བ་དེས་ དོན་དངོས་ཐོག་གྲྭ་མང་གིས་སྒོ་ཤེར་ལ་མཐོང་ཅི་ཙམ་སྤྲད་ཡོད་མེད་ཀྱང་གང་འཚམ་ ཚོད་དཔག་བྱེད་ཐུབ།
ང་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ཐད་ནས་བོད་རྒྱ་ཆེའི་མི་མང་ལ་དྲན་བསྐུལ་ཞིག་བྱེད་རྒྱུ་ཡོད་པ་ནི། བོད་གངས་རིའི་ལྗོངས་ཀྱི་ཆོས་དང་རིག་གནས་ཀྱི་རྒྱུན་འཛིན་རྨད་དུ་བྱུང་བ་བླ་ རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། རྭ་རྒྱ་ཤེས་རིག་སློབ་གླིང་དེ་དག་གི་ནང་དུའང་ད་ལམ་གྱི་འདི་འདྲ་བའི་དཀྲུག་ཤིང་དང་དཀའ་ངལ་རབས་དང་རིམ་པ་བྱུང་བ་བཞིན་ད་ལྟ་རྔ་པ་ཀིརྟིའི་དགོན་དུའང་དེ་མཚུངས་བྱུང་ཡོད། འདི་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ན་ཉིད་དུ་ཟད་པས་བོད་མི་སྤྱི་བོ་གནམ་བསྟན་ ཡོངས་ཀྱིས་ཕྱིན་ཆད་འདི་རིགས་མི་འབྱུང་བའི་ཐབས་ལ་འབད་དགོས་པའི་རེ་གསོལ་ཞིག་ཀྱང་ཞོར་དུ་ཞུ་འདོད་བྱུང་།