བོད་ལ་ཞེན།
གཞན་གྱིས་བཀླགས་ནས་ལེགས་སོ་མེད་ན་ཡང་།།
རང་གིས་བྲིས་པའི་སྙན་ངག་དུམ་བུ་འགའ།།
རང་རྩོམ་རང་ལ་སྙན་པའི་སྙན་ངག་པ།།
ང་དང་འདྲ་བ་དེང་སང་ཇེ་མང་རེད།།
རང་བཙན་ཡིན་ཞེས་ངར་ངར་ཤོར་ཤོར་དང་།།
རང་སྐྱོང་དགོས་ཞེས་གྲོས་མོལ་ལྷུག་ལྷུག་ཀྱང་།།
ནུབ་ཕྱོགས་ཞེ་ན་ཡོད་པའི་ཆབ་སྲིད་པ།།
ང་དང་འདྲ་བ་དེང་སང་ཉུང་ཉུང་མིན།།
ཁ་སང་༧སྐུ་མདུན་ཟེར་ནས་དད་ལུགས་དང་།།
དེ་རིང་བོད་གཞུང་ཟེར་ནས་ཞལ་བདེ་ཡང་།།
ལྐོག་ཟའི་རུལ་དྲིས་ཁྱབ་པའི་ལས་སྣེ་བ།།
ང་དང་འདྲ་བ་གཅིག་ཐོན་གཉིས་ཐོན་རེད།།
བརྩེ་བ་དགོས་ཞེས་ཡ་རབས་རྣམ་འགྱུར་དང་།།
མིག་བཙུམ་བརྒྱབ་ནས་མིག་ལོག་ལྟ་ན་ཡང་།།
འབྱོར་ལྡན་རྒད་པོའི་སྙིང་ནོར་གཞོན་ནུ་མ།།
ང་དང་འདྲ་བ་བོད་མོའི་ནང་དུའང་མང་།།
ལ་རྒྱ་ཡོད་ཅེས་ཕོ་རབ་ཉམས་བཟང་དང་།།
བློ་ཁོག་ཆེ་མདོག་སྟག་དང་འདྲ་ན་ཡང་།།
རྒྱ་དང་ཐུག་ཚེ་ཕོ་གསར་ཝ་མོའི་ཁྱུ།།
ང་དང་འདྲ་བ་རེ་རེ་གཉིས་གཉིས་མིན།།
སྙན་ངག་ཞེས་པ་ལྕེ་བདེའི་སྒྱུ་རྩལ་རེད།།
སྙན་ངག་ཞེས་པ་བསམ་ཚུལ་ཁོ་ན་རེད།།
སྙན་ངག་ཞེས་པ་ཤེས་རིག་གྲོགས་པོ་རེད།།
སྙན་ངག་ཞེས་པ་སྨྱུག་འཛིན་འཚོ་བ་རེད།།
ང་ནི་མི་ཚེ་ཁྱེད་ལ་དགའ་བའི་གཡོག་པོ་ཡིན།།
ང་ནི་རྒྱུན་དུ་སྤྱི་ཚོའི་རྗེས་ལུས་ཁེ་རྐྱང་ཡིན།།
ང་ནི་ཤེས་རིག་དབུལ་བའི་སྲུང་རྒན་ལག་སྟོང་ཡིན།།
ང་ནི་མེད་མུག་ཕྲེང་བ་བགྲང་བའི་ཅོལ་ཆུང་ཡིན།།
ཁྱེད་ཚོ་ཡག་པོ་འདུག དགའ་བས་བཟི་ནས་སྡད་ཡོད། སརྦ་མངྒ་ལཾ།