ཡར་ཆབ་སྔོན་མོ།
༡
ཟླ་འོད་མེད་པའི་མཚན་ལྗོངས་འདི་ན།
རང་ཉིད་ཁེར་རྐྱང་ངང་།
སྐྱོ་བའི་གདུང་དབྱངས་ལེན་བཞིན།
དྲན་པའི་སྨྲེ་ངག་འདོན་ཞོར།
རང་ཉིད་ཀྱི་ལས་དབང་ལ་འཁང་ར་བྱེད་པར་ཐལ།
མ་ཟད།
ནམ་རྒྱུན་དུ་རྨིས་མྱོང་བའི་རྨི་ལམ་དང་།
རྟག་ཏུ་འདྲེན་བྱེད་ཀྱི་མདུན་ན་མཐོང་བའི།
ཁྱེད་ཉིད་ཀྱི་ཞལ་རས་དང་།
ཡོད་ཚད།
བསིལ་རླུང་བཞིན།
དྲི་ངད་བཞིན།
སེམས་ཁམས་ཀྱི་ཟབ་ས་རུ་འཛུལ།
༢
སྔར་སོང་གི་དོན་དེས།
བདག་ལ་བརྩེ་དུང་གི་རྒྱ་མཚོའི་ནང་།
ལོངས་སྤྱོད་ཀྱི་རྐྱལ་རྩལ་ངོམས་པའི་སྤོབས་སེམས་སྦྱིན།
འོན་ཀྱང་།
ལས་དབང་དེའི་རྐྱེན་གྱིས།
བར་ཐག་དེའི་དབང་གིས།
ང་ལ་ཐོབ་པ་ནི།
གྲང་བསིལ་བསིལ་གྱི་མིག་ཆུ་དང་།
དྲན་གདུང་གི་ན་ཟུག་ལས་གཞན་ཅི་ཞིག
དེ་ཡང་། དྭངས་གཙང་དང་ལྷད་མེད་ཀྱི་མིག་ཆུ།
ཁྱེད་དྲན་དྲགས་པའི།
སྙིང་ཆུང་དེའི་ཁྲག་ཐིགས་ཡིན་པ་ཁྱེད་ཀྱིས་ཤེས་སམ།
༣
ད་དུང་། ཡིད་ཀྱི་གཏིང་རིམ་ན་སྒོམ་པའི་ཁྱེད།
མེ་ཏོག་བཞིན་མཛེས་སྡུག་ལྡན་ལ།
བསིལ་རླུང་བཞིན་བདག་ཕྱོགས་སུ་དལ་བུར་ལྡང་།
དེ་བཞིན། ཁྱེད་ཀྱིས་ང་ལ་གནང་བའི་རིན་བྲལ་གྱི་ལེགས་སྐྱེས་དེས།
བདག་ལ་རྫོགས་མེད་ཀྱི་བདེ་སྐྱིད་ཅིག་དང་།
འཆར་ཡན་དང་སྟོང་བསམ་གྱི་རེ་སྨོན་སྣ་ཚོགས་སྦྲུམ།
འདི་ལྟར། འགྲོ་ཞོར་དང་སྡོད་ཞོར།
ད་དུང་། ཉལ་དུས་དང་ཟ་དུས།
གང་ལྟར། དུས་རྟག་ཏུ་སེམས་ཀྱི་ཞིང་ཁམས་འདི་ན།
ཁྱེད་ཁོ་ན་ལས་གཞན་ཅི་ཞིག
༤
འདི་ལྟར། ལོ་ཟླའི་གོ་རིམ་བརྩེགས་མའི་ཁྲོད་ནས།
ངས་ཁྱེད་ལ་ལྟ་གིན་ལྟ་གིན།
ན་ཟུག་ལྕི་མོ་རྒྱབ་ཏུ་འཁུར་ནས།
དྲན་པའི་མིག་ཆུ་ཁོག་ཏུ་སྦས་ནས།
ཡོད་ཚད་ལ་འཁང་ར་དང་།
རང་དབང་གི་མཛའ་བརྩེ་ཞིག་ཐོབ་པའི།
རེ་སྒུག་གི་བསིལ་རླུང་འཇམ་པོ་དེ།
ད་དུང་མཚམས་ཆད་མ་མྱོང་།
དེ་ན། ཁྱེད་རང་དྲན་པའི་སེམས་ཀྱི་ན་ཟུག་དེ།
མི་ཚེ་འདི་ཡི་དྲན་ཤིང་ཡིན་ལ།
ཉིན་མོ་མ་ཟད། མཚན་མོའི་ཞིང་ཁམས་འདིར་ཡང་འཁྲུངས་མྱོང་བའི་ཁྱེད།
ཟུབ་དཀའི་སེམས་ཀྱི་རི་མོ་ཞིག
ད་དུང་། ཆུ་མོ་བཞིན་འཁྱིལ་བའི་ཁྱེད།
ངས་ཡང་ཡང་དྲན། ཉིན་མཚན་ཀུན་ཏུ་དྲན།
༢༠༡༣།༦།༥ ཉིན།