འདྲེ་མྱེ།
—-གདོང་དམར་བོད་པའི་རྒྱལ་ཁམས་ལ་བཏབ་པའི་ཆིག་ལབ་རིང་མོ།
སྟོད་ཕྱོགས་ཡུལ་ནས་བསང་ཞིག་བཏང་བས་བོད་སྐྱོང་ལྷ་སྲུང་དགྱེས་རྒུར་རོལ་ཏེ།།
ལྷ་རི་གྱང་ཐོའི་མགུལ་བའི་ཕྲག་ནས་བཙན་པོའི་གཞིས་ཀྱི་མངའ་ཐང་སྲུང་ཞིང་།།
སྟོང་གསུམ་ཞིང་གི་རྨུག་རྗེས་འདི་ཀོ་རྟ་ཕོ་འཚེར་བའི་ངར་ཞགས་ཡིན་པས།།
ཡར་ཀླུང་ངོགས་ཀྱི་གདོང་དམར་བོད་པའི་མངའ་ཐང་ལྷ་ཡི་ཞིང་ལ་འགྲན་ཡོད།།
ཡུལ་གཉན་དབུས་འགྱུར་འཕགས་པའི་ཡུལ་ནས་བདེན་གཉིས་གསེད་པའི་ཆོས་ཚུལ་ཞུས་ཡོད།།
སྨད་ཕྱོགས་ཙི་ནའི་རྒྱལ་ཁམས་དེ་ནས་སྨན་དང་རྩིས་ཀྱི་རིག་པ་བླངས་ཡོད།།
བསིལ་ལྡན་ཁ་བ་གངས་ཀྱི་ལྗོངས་འདིར་གཙུག་ལག་རིག་པའི་སྒོ་མོ་བརྒྱ་བ།།
ཆེས་ཆེར་ཕྱེ་བའི་བཙན་པོའི་སྐབས་འདིར་སྒང་བ་བོད་པའི་སྙན་པ་རྒྱས་ཡོད།།
ཆེན་པོ་ཐང་གི་སྲས་མོ་རྩ་ཆེན་ཐབས་དང་ཤེས་པས་བོད་དུ་བཀུག་ཡོད།།
ནུབ་ཕྱོགས་རྒྱལ་པོའི་སྲས་མོ་གཙུག་ཆེན་སྟོབས་དང་འབྱོར་བས་བཙུན་མོར་བསུས་ཡོད།།
ཕྱི་ནང་གཉེན་གྱི་འབྲེལ་ལམ་འདི་གས་བོད་རྒྱལ་བཙན་པོའི་མངའ་ཐང་ངོམ་ཡོད།།
བཟོ་རྩལ་འཕྲུལ་གྱི་རིག་པ་དག་གིས་མི་རིགས་འདི་ཡི་ངོ་སོ་བསྟན་ཡོད།།
དུས་དང་འགྱུར་བའི་རླུང་རླབས་བཙན་པོས་དྲང་སྲོང་རྒན་པོའི་རྨི་ལམ་དཀྲུགས་ཏེ།།
བཙན་པོའི་དབུ་འཕངས་དགུང་གི་ཉི་ཟླ་སྲོག་གཟའི་རྔམ་གྱིས་ས་ལ་ལྷུང་བས།།
འཁོར་བའི་ལས་ཀྱི་རེ་མོས་དར་རྒུད་མགོ་ནག་བོད་པའི་གདོང་ལ་འཁོར་ནས།།
ཞེན་ཆགས་རླུང་བུའི་ཁ་ཕྱོགས་འདི་ཡང་ཉམས་ཉེས་ཆེ་བའི་སྐྱོ་ངལ་ཞིག་རེད།།
མདའ་མཚོན་རྣོ་ཡི་བཙན་ཁ་ཚ་བོས་ཆོས་རྒྱལ་རིམ་པའི་རྒྱུད་པ་བཅད་སོང་།།
དབུ་འཕང་མཐོ་བའི་ཐུ་བྷོད་ཞིང་འདིའི་སྟོབས་དང་འབྱོར་བ་རླུང་བུས་ཟོས་སོང་།།
ཆོས་སྲིད་དཔུང་གི་ཉི་མ་གཞོན་ནུ་ས་ལ་བརྡབས་པའི་རྔམ་ཞབས་འདི་ཡིས།།
སིལ་བུར་འཐོར་བའི་ཉམས་ཉེས་ལོ་རྒྱུས་སྐྱོ་གནས་སྒུམ་བའི་སྣོད་ཅིག་ཆགས་སོང་།།
འབྲུ་དྲུག་སྙེ་མའི་ཟེ་མདངས་བཀྲ་བའི་ས་རིས་ཐང་པོར་སྐྱ་ཞེད་འཐིམས་ཤིང་།།
མཐོ་རིས་ཡུལ་ནས་དམུ་ཐག་སྦྲེལ་བའི་འཁོན་ལྷ་སྨུག་པོའི་ཐུགས་བསྐྱེད་རུམ་པའི།།
མེས་པོའི་སྲོལ་ཤིང་རླུང་བུའི་གཡུགས་ལས་སླར་ཡར་སྒྲིག་པའི་རྟེན་འབྲེལ་སྐྱ་ཐག །
སྟོབས་ཀྱིས་བསྲིངས་པའི་རྒྱལ་ཐབས་བཙན་པོས་བདེ་བའི་རྨི་ལམ་ལན་གཅིག་རོལ་ཡོད།།
བྱང་ཆུབ་ལུགས་ཀྱི་ཡིད་དགའི་མཆོད་པས་མཁའ་ལམ་སྐྱ་བོས་ཤུགས་ཀྱིས་སྒུལ་ཅིང་།།
སྲ་ཚུགས་གཏམ་དང་བདེན་ལུགས་སྙིང་པོ་ཡུལ་བ་ཡུར་པའི་ཞིང་ནས་གསོས་ཏེ།།
ཆོས་སྲིད་ལུགས་ཀྱི་གདུགས་དཀར་འཁོར་ལོ་སེར་པོ་གསེར་གྱིས་ཡུལ་འདིར་སྦྲེལ་བ།།
གདོང་དམར་ཚང་གི་ཁྱིམ་གཞིས་སྐྱ་བོར་སྣུམ་ཞགས་ལན་གཅིག་ཐིགས་པ་ཡིན་འདྲ།།
ཐོལ་གྱིས་ལྡིང་བའི་གནས་ལུགས་འཁྱོག་པོ་རང་ལུགས་ཡིན་པའི་ངེས་སྣང་མེད་ཀྱང་།།
འཇའ་རིས་འདྲ་བའི་འོད་ཀྱི་གུར་ཁང་འཕྲུལ་མའི་ཟོལ་གྱིས་ཞིང་འདིར་འཐེན་དུས།།
ལུགས་ཀྱིས་དྲངས་པའི་ནུབ་རླུང་གྲང་མོ་བཅོས་མའི་ཡུལ་གྱི་ཞིང་ཁམས་སྲུང་བའི།།
བདེན་པའི་རྩ་བ་ཚུགས་ཐུབ་ཡིན་སྙམ་ཁྱོད་དང་ང་ཡི་རུས་གསེང་བསྒྲིབས་ཡོད།།
འདི་ལྟར་ཆོས་ཀྱིས་རིང་ནས་བཟློས་པའི་ས་ཡ་དྲུག་གི་སྟོབས་འབྱོར་མངའ་ཐང་།།
མཚམས་རེར་རྒྱས་ཤིང་ལན་རེར་ཉམས་པའི་ནང་དམེའི་གྲི་ཆུང་རྣོན་པོའི་དབལ་ཁ།།
འཁོར་བསྐྱོད་ཅིག་གིས་གཡས་གཡོན་དྲལ་བའི་དགའ་ལྡན་ཞིང་གི་ཕོ་བྲང་འདི་ལ།།
མི་ལོར་བརྒྱུས་པའི་གཏམ་རྒྱུད་ཡོད་པ་དགའ་སྐྱོ་འདྲེས་མའི་སྣང་ཤས་ཤིག་ཡིན།།
རླུང་རྟའི་དབལ་ཁ་དར་བ་མེད་ཀྱང་ལོ་རྒྱུས་ཤིག་གི་གླེགས་ཐག་བསྡམས་ཡོད།།
སྟོབས་དང་འབྱོར་བའི་བཙན་ཁ་མེད་ཀྱང་འཇིག་རྟེན་ཞིག་གི་སྣང་བ་བཀུག་ཡོད།།
སྲིད་དོན་ཀ་བར་བརྗིད་ཉམས་མེད་ཀྱང་མཚོན་བྱེད་རིགས་པའི་རྟགས་རྣམ་ཚང་ཡོད།།
སྟོབས་དང་དཔུང་གི་མངའ་ཐང་མེད་ཀྱང་རྒྱལ་ཁབ་ཅིག་གི་མངོན་ཆོས་འཛོམས་ཡོད།།
སྡེ་བ་གཞུང་གི་ཆོས་སྲིད་གདུགས་དཀར་ལས་ཀྱིས་འཁོར་བའི་ཉམས་ཉེས་དེ་གས།།
སྟོད་སྨད་ཕྱོགས་མཐའི་སིམ་འཛུལ་རྣོན་ཁས་གྲུ་འཛིན་ཞིང་གི་རྨི་ལམ་དཀྲོགས་སོང་།།
མཐའ་ཡས་ཁམས་ཀྱི་སྨོན་ལམ་བརྗིད་པོ་ཡོངས་སུ་སྲུང་སྙམ་སྣང་ཚུལ་འདི་ཀོ །
ཨ་འཐས་སྣང་བས་ལས་ལ་བརྐོས་སམ་བོད་ཁམས་ཆེན་པོར་མིག་ཆུ་ལྷུང་སོང་།།
ཉེས་དམོད་བཙན་ཁའི་དྲག་ཤུལ་ཚ་བོས་བདེན་སྐྱོང་སྙིང་པོའི་རྨི་ལམ་དཀར་གཙང་།།
ལྷ་སྲུང་ཆེ་རྒུའི་མཐུ་སྟོབས་བཙན་པོས་གཡས་གཡོན་བདེ་བའི་གསོལ་འདེབས་ཡིན་འདྲ།།
མེ་སྒྱོགས་དྲག་མཚོན་དབལ་ཁའི་སྒུལ་ཤུགས་པོ་ཏཱ་ལ་དང་ནོར་བུ་གླིང་གར།།
ཤུགས་ཀྱིས་བབས་པའི་གནས་སྣང་དེ་དག་སྐྱུར་ཁ་སྐྱོམས་པའི་ཉིན་ཐོ་འདྲ་ཨང་།།
ཕ་ལོ་སྟོང་གི་གསོན་ཤུགས་ངར་ཁ་གསུམ་བཅུའི་ཚེས་ཞགས་བཙན་པོས་འཁྱེར་སོང་།།
མ་ལོ་སྟོང་གི་བྱམས་སེམས་སྣུམ་ཁ་གསུམ་པའི་བཅུ་བཞིའི་མཚམས་ནས་ཡལ་སོང་།།
ཕུ་ནུ་སྟོང་གི་མཛའ་བརྩེའི་སྐོར་བྲོ་བར་སྐོར་ལམ་ནས་རླུང་བུས་ཕྱགས་རྗེས།།
མགོ་ནག་བོད་པའི་ཁྱིམ་གྱི་གཞིས་ཀ་དམར་པོ་ཁྲག་གིས་བྱེར་ཞིང་བསྟིམས་སོང་།།
ལྷ་བླའི་བཀའ་གཙུགས་བདེན་པས་སྐྱོང་བའི་འགྲོ་བའི་ལྷ་སྲས་མཐའ་རུ་སྤྱུགས་སོང་།།
འགྲོ་དོན་ཐུགས་བསྐྱེད་གཡར་དམ་བརྗིད་པོ་སྣང་བ་ཡས་མཐའ་བཙོན་ནས་བཀག་སོང་།།
ཕ་རྒན་སྤྲེལ་རྒྱུད་དར་དཀར་ཕྲ་མོ་གཞིས་དང་བྱེས་པའི་བར་ཐག་བཅད་སོང་།།
མ་རྒན་སྲིན་མོའི་བརྩེ་ཞགས་དཀར་པོ་མུན་པ་སྟུག་པོའི་མཚམས་སུ་བཅུག་སོང་།།
བཀའ་གཙུག་གསེར་གྱི་གཏེར་སྒྲོམ་དག་ཀྱང་ངོམས་མེད་མཆེ་སྡེར་རྩེ་ལ་དྲངས་སོང་།།
ཡང་དག་རིན་ཆེན་ལུགས་ཀྱི་དངུལ་ཚགས་རླུང་རླབས་འདྲ་ལེའི་མེ་ལ་བསྟིམས་སོང་།།
དཀའ་སྤྱད་རྔུལ་ཐིགས་བརྩེགས་སུ་བསྐྲུན་པའི་ལྷ་རྟེན་མཆོད་པའི་ཡུལ་ངོས་ཚོགས་ཀྱང་།།
འབྱུང་བཞིས་བདས་པའི་འཇིགས་པའི་ང་རོར་སུ་དང་གང་གིས་འགོག་པར་ནུས་སམ།།
ཕ་ལོའི་ཚེ་སྲོག་ལྕགས་ཀྱིས་སྦྲེལ་ཏེ་མུན་ནག་ཁུང་བུའི་གཏིང་དུ་བརྫངས་སོང་།།
བུ་ལོའི་རུས་ཚན་མཚོན་གྱིས་བསྣུན་ཏེ་རྒྱུས་མེད་ཡུལ་མཐའི་གྲོང་ལ་སྤྱུགས་སོང་།།
མ་ལོའི་གདུག་སྦྱོང་བཙོན་ལ་བསྲེས་ཏེ་ངུ་དམོད་མིག་ཆུ་ཁྲག་གིས་གཤེར་སོང་།།
སྒང་བ་བོད་འདིའི་སྐྱོ་སྡུག་ལོ་ཟླ་མི་རབས་འདི་ཡི་སྲོག་ལ་ཐེབས་སོང་།།
ལྷ་ཡི་ཞིང་ཞེས་སྨོན་པ་འཆོར་ཡུལ་གངས་དཀར་རི་ཡི་ལྗོངས་ཆེན་འདི་ནས།།
གདལ་དྲུག་མེས་པོའི་ཚལ་རུས་རྒྱུད་པ་སིལ་བུར་རླུང་གིས་གཏོར་བ་འདྲ་ལེའི།།
མགོ་ནག་བོད་པའི་རྒུད་རླབས་བར་ན་དུས་རབས་འདི་ཡི་སྒལ་ཚུགས་སྲུང་གིན།།
སྟོན་མཇུག་ལོ་མའི་ལས་དབང་འཁུར་ནས་ཤར་ནུབ་ཡུལ་གྱི་ཁམས་ལ་འཐོར་སོང་།།
ཤེས་རིག་མེ་ཏོག་རླུང་གི་ཚལ་ནས་ངག་རིག་དབྱངས་རྟ་འགུགས་ལ་བསྐྱོན་པའི།།
ཐུ་བྷོད་སྐད་ཡིག་རིག་འཕྲུལ་ནོར་བུས་གཡང་ལ་ཁུགས་པའི་ལེགས་བྱང་ངོས་ནས།།
ལས་ཀྱིས་བསྐྱལ་བའི་བདེན་དོན་མཚམས་ཀྱིས་མི་ལོ་ཧྲིལ་པོ་ང་བཞིའི་སྐྱ་རྐང་།།
གཞིས་དང་བྱེས་པའི་བཅད་ལམ་འདི་ནས་འཐོར་བའི་སྐྱོ་གཏམ་འདི་ལྟར་བྲིས་ཡོད།།
དུས་ཀྱི་དགུ་ཚུགས་རེ་རེའི་ཁྲོད་ནས་གློག་གི་ཞགས་པ་འཕེན་ཐབས་མེད་ཀྱང་།།
ཡུལ་གྱི་བསྐལ་བའི་རླུང་ཁའི་གཟེར་མ་བྲག་ལ་བརྡབས་པའི་ངང་ཚུལ་དྲན་ན།།
སྐྱོ་ཤས་གཏམ་གྱི་ཚོམ་བུ་རེ་ལ་དབྱངས་ཀྱི་འགྱུར་ཁུགས་ཟུར་རེ་གླན་དུས།།
ངེས་སྣང་བདེན་ལུགས་དོན་གྱི་སྙིང་པོར་ཤེད་ཀྱི་སོ་འབྲད་ལན་རེ་ཤོར་ཡོང་།།
གཡོ་འཁྱོམ་སྡུག་སྲིན་ཁྱུང་སྐྱེས་གླལ་བ་རྔམ་ཁྲག་རྟགས་རྒྱའི་བྱུས་ཀྱི་ཕུགས་ལ།།
བཅོ་བརྒྱད་འཁྲུལ་ཞགས་རིང་ནས་བརྐྱངས་པའི་ལོག་སྨོན་ཤོར་བའི་དྲན་པ་ཙམ་གྱིས།།
མེ་ཕུང་སྤུངས་པའི་རླབས་རྩེའི་ཁྲོད་ནས་སྲོག་གི་སྙིང་པོ་བདེན་པར་བརྡར་དུས།།
གོ་ལའི་ཕང་བར་བདེན་པའི་ལུགས་ཤིག་ཡོད་རེ་སྐན་པའི་ངང་ཚུལ་མཐོང་བྱུང་།།
ལྷ་མོའི་གཡའ་ཆུ་རླུང་གིས་གཏོར་ནས་ལོག་པའི་ཞིང་སར་ལན་གཅིག་འཐིམས་པར།།
སྐྱོ་བའི་ཞེ་ཐག་གནམ་ལ་སྦྲེལ་གྱིན་འདས་དོན་བདེན་པའི་ཨ་འཐས་གཏམ་རྒྱུད།།
ཟུར་ངོས་རེ་རེ་འདི་ལྟར་གྱེར་བའི་གླུ་ངག་མགྲིན་ལམ་རྩུབ་ཀྱིས་སྒུལ་དུས།།
མ་ངེས་འཁོར་བའི་ངང་ཚུལ་འདི་ཀོ་རིགས་པའི་ལམ་ནས་མདུན་མར་བསྒྲིགས་ཡོད།།
མདའ་གྲི་མདུང་གསུམ་རྒྱབ་ལ་ཐོག་སྟེ་ཡར་ཀླུང་གཙང་པོར་འཕྲད་ཀྱིས་བརྒལ།།
གངྒའི་ཚུར་རོལ་ཤུགས་ཀྱིས་བསྡུས་ཏེ་མི་འཇིགས་རྡོ་རིང་གནམ་ལ་བསླངས། །
སྨད་ཀྱི་ལྕགས་རི་རིང་མོའི་རྩེ་ནས་རྒྱལ་ཁའི་བཀའ་ལུང་ཕྱོགས་སུ་བསྒྲགས། །
གནའ་དུས་བཙན་པོ་རིམ་བྱུང་དག་གི་ལོ་རྒྱུས་གསོན་པོ་འདི་འདྲ་ཞིག །