གྲིབ་གཟུགས།
ཟོས་ཀྱང་ཆོག་ལ་གཡུག་ཀྱང་ཆོག་པའི
བླངས་ཀྱང་འགྲིག་ལ་བོར་ནའང་རུང་
གོང་ཆེན་མིན་པའི་ཁ་ཟས་དཀྱུས་མ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
སྦ་ཁུག་མཐུག་དུས་སྣང་མེད་བྱེད་
སྦ་ཁུག་སྲབ་དུས་སྐྱབས་ཀྱི་དམ་པ།
གྲྭ་རྐྱང་ང་ཡི་རྒྱུན་གྱི་འཚོ་བ།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
སུ་ཡི་ངོ་ལའང་ལྟ་དགོས་མེད་ཅིང་།
གཡས་དང་གཡོན་ལ་འཚེར་དགོས་མེད་
བྲོད་ཁོག་ལྟོགས་དུས་ཐད་ཀར་འབྱོ
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
དཀོར་ནག་འབུ་ཡི་རུལ་དྲི་ཉུང་ཞི
བགས་མེད་ལོངས་སྤྱོད་གཡའ་ཙམ་མེད་
ག་དུས་ཟས་ཀྱང་སེམས་པ་སྐྱིད་པའི།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
དགོན་པའི་འཚོ་བའི་རྒྱུད་རིམ་
ལུས་ཟུངས་འདི་ཡི་འཕེལ་རྒྱས་
མགོ་བོ་སྔས་ས་འབྲས་དང་ལྡ་ལི།།
སེམས་པ་བསྙེས་ས་འབྲས་དང་ལྡ་ལི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
ཉེར་གཅིག་དུས་ཀྱི་ཡུལ་གྲུ་གང་
རིན་མེད་ཟས་ཤིག་འབྱོར་རྒྱུ་ཁག་
མི་ཚེ་གང་པོར་ཟོས་ཀྱང་ཆོག་པའི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
སློབ་སྦྱོང་མེད་ལ་འཇོན་ཐང་མེད་
སྒོར་མོའི་མུ་གེས་རྒྱུན་དུ་མནར་
གྲྭ་རྐྱང་ང་ཡི་མི་ཚེའི་ལམ་རྒྱ
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
འབྲས་དང་ལྡ་ལིར་སུན་སྣང་མེད་ན།།
མི་ཚེར་སེམས་འཁྲལ་བྱེད་དགོས་མི་
འབྲས་དང་ལྡ་ལིའི་བྲོ་བ་མྱངས་ན།།
ཕྱི་རོལ་ཟས་ཀྱི་ཡི་ག་འགགས་འགྲོ།
ག་ཚོད་ཟས་ནའང་ཟ་ཉན་བྲོ་ཞིང་།།
རྒྱགས་པ་ཆགས་པར་སེམས་འཁྲལ་མེད་
འབྲས་དང་ལྡ་ལི་ཚ་པོ་ཚ་པོ།།
ང་ཡི་རྒྱུན་གྱི་ཁ་ཟས་དྭངས་མ།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
ཉམ་ཆུང་ཕ་མའི་རྔུལ་ཆུ་མ་འདྲེས།།
ཕུ་ནུ་ན་ཟླའི་རྣག་ཁྲག་མ་འདྲེས།།
ལས་མེད་བདག་ལ་རན་པའི་ཁ་ཟས།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
ཟིམ་ཆར་མོད་པའི་དུས་ཚིགས་འདི་
སྐྱིད་ཉལ་རྒྱག་པའི་གོ་སྐབས་བཟང་
རྨི་ལམ་ནང་ནའང་ཡང་ཡང་དྲན་པའི།།
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
སློབ་སྦྱོང་ཡོད་མེད་རྒྱུ་ནོར་ཡོ
གཟུགས་པོ་རིང་ཐུང་སྟོབས་ཤུགས་ཆེ
ཡོད་ཚད་ཁྱོད་ཀྱི་མདུན་དུ་འདྲ་
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
ཏིང་ཏིང་བརྡུངས་པའི་སྒྲ་ཙམ་ཐོས་
ཕོར་པ་སྟོང་པ་ཁྱོད་ལ་ཟད་ཆོག།
དུས་ཚོད་སྒོར་མོ་ཡོད་ཚད་གཉར་ནས།
གྲྭ་རྐྱང་ང་ཡི་ལྟོགས་སྐོམ་སེལ་
མེད་མུག་སྟོང་སྐད་རྒྱག་དགོས་མེ
ཁྱོར་བ་གཞན་ལ་ཟད་དགོས་མེད་པར།།
དགོས་འདོད་སྐོང་བའི་ཡིད་བཞིན་ནོ
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
ལོ་ནས་ལོ་ལ་འཛེམས་བག་མེད་པར།།
བདག་གིར་བྱས་ཏེ་ལོངས་སུ་སྤྱད་པ།
ད་དུང་ལོངས་སུ་སྤྱོད་རྒྱུ་ཡོད་
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱ
འཁྲུགས་ཆ་དོད་པའི་དུས་ཀྱི་མཚམས་
སེམས་པ་ལྕགས་རིའི་ཕྱི་ལ་ཤོར་
གོམ་ཟུང་ལྕགས་རིའི་ནང་ནས་བོར་བ།
འབྲས་དང་ལྡ་ལིའི་བཀའ་དྲིན་ལོས་
འབྲས་དང་ལྡ་ལིའི་བཀའ་དྲིན་བསམས་
ཉོག་ཚིག་གང་མང་བྲིས་པའི་དགེ་བས།
ལྷ་ཡི་ཡུལ་གྱི་འབྲས་དང་ལྡ་ལིའི།
བྲོ་བ་མྱུར་དུ་མྱོང་བར་ཤོག་ཅིག།
༢༡་༦་༣༠༡༣
ཟས་བཅུད་ལྡན་ལ་རིན་ཆུང་ཟ་མ། །
འབྲས་དང་ལྡ་ལིའི་བཀའ་དྲིན་ཆེ་བྱུང་། །
ད་ལྟའི་དལ་འབྱོར་སྟོབས་ལྡན་ཆགས་པར། །
འབྲས་དང་ལྡ་ལིའི་བཀའ་དྲིན་ལོས་ཡིན། །
བཟོ་ཤེས་རྡ་ལི་རྒྱ་གར་རྒྱལ་བོས་འཐུང་།།
མ་ཤེས་རྡ་ལི་སྒོ་ཁའི་ཁྱི་ལ་མིན།།
ཞིམ་དང་མི་ཞིམ་རང་གི་ལག་རྩལ་ལ།།
རག་ལས་ཡོད་ཕྱིར་ལག་རྩལ་ཞིབ་དུ་སྦྱོངས།།
སྐུ་ཞབས་གྲིབ་གཟུགས་ལགས་ཀྱི་སྙན་རྩོམ་འདིའི་ནང་དུ། །
གོ་རྒྱུ་ཆེ་ལ་འདས་པར་དྲན་གསོ་སློང་ནུས་ཀྱང་། །
ཉེ་རིང་ཀུན་གྱི་ཁྲག་དང་རྔུལ་ཆུ་མ་འདྲེས་པའི། །
ཡ་མཚན་ཅན་གྱི་ལྡ་ལི་དེ་དག་གང་ལས་བྱུང་། །
རང་རློམ་འགའ་ཡིས་ཤ་ཁྲག་སྤྱོད་ཅིང་། ཤ་མེད་སྤྱོད་པའི་མི་བུ་བཟང་ལ། བརྙས་བཅོས་ཚིག་གིས་རྩྭ་དུམ་ཟ་མཁན། མི་ངན་འདི་འདྲ་མཐོང་ན་སྐྱུག་བྲོ། གཟུ་ལུམ་དག་གིས་ཤ་སོགས་སྤྱོད་ཀྱང་། མི་བུ་ང་ནི་འབྲས་དང་ལྡ་ལི། དེ་ལས་ཞིམ་ཅིག་ཅི་ཡང་མིན་འདུག མི་ཚེ་གང་པོར་ཟས་ལ་སྤྱོད་ཤོག
རྔ་མོང་ཁ་ནས་སྐྱུགས་པའི་བཙོ་ཆུ་འདྲ།།
འཐུང་ན་ཕོ་ནད་སློང་ཞིང་ཟས་བཅུད་མེད།།
ཁྱི་ཡི་ཁ་ཟས་མི་ཡིས་ཟ་བ་དེ།།
རྒྱ་གར་ཨ་ར་ཅན་གྱི་ལུགས་སྲོལ་རེད།།
ཁ་སང་དེ་རིང་ཉིན་གཉིས་ཀའི་ཁ་ལག་ལ་འབྲས་ལྡ་ལི་ཟོས་པ་ཡིན། ད་རིང་གནམ་གཤིས་ཅུང་གྲང་མོ་འདུག་ཀྱང་འབྲས་ལྡ་ལི་ཚ་པོ་ཚ་པོ་དེ་ཞིམ་པོ་ཞེ་དྲགས་འདུག སང་ཉིན་ཡང་འབྲས་ལྡ་ལི་ཟས་ནས་པོ་ལོ་རྒྱག་རྒྱུ་ཡིན། ཁྱོད་ཚོར་ང་ལྟ་བུའི་རྒྱུན་དུ་འབྲས་ལྡ་ལི་ཟ་རྒྱུའི་བློ་ཁོག་ཡོད་དམ། ཧེ་ཧེ་་་་་་ངས་བལྟས་ན་ཁག་པོ་ཡིན་རྒྱུ་རེད་དོ།།
མ་ཧཱ་སིདྡྷི་ཉོན་ཅིག
གང་ཞིག་བཏུང་ན་མཁྲིས་པའི་སྣ་འདྲེན་ཅིང་།།
གང་ཞིག་ཟས་པས་གཅེས་པའི་ཚེ་སྲོག་སྟོང་།།
དུ་ཁའི་གནས་སུ་སྐྱེལ་བའི་ཟས་ཀྱི་ཐ།།
མར་ཁུ་དམར་ཟས་སྤྱོད་པ་གདོང་དམར་ལུགས།།
ཟོས་ནས་རྒྱགས་པ་ཆགས་དགོས་གནའ་བོའི་ལུགས།།
ཟོས་ཀྱང་རྒྱགས་ལོས་རན་པ་དེང་གི་ལུགས།།
གནའ་སྲོལ་ཡིན་ཕྱིར་ཞེས་པའི་རིགས་ལོག་དེས།།
འཕྲོད་བསྟེན་འབུར་འཇོམས་བྱས་པ་གད་མོའི་གནས།།
ཟ་བཞིན་ཟ་བཞིན་འབྲས་དང་ལྡ་ལི། དེ་ལས་ཞིམ་པ་ཟས་ཞིག་མ་མཐོང་། དེ་ལས་ཟ་རྒྱུ་མེད་པ་མ་ཡིན། སེར་སྣའང་མ་ཡིན་ཚོད་ཅིག་ལྟོས་དང་། ང་རང་ད་ལྟ་རང་འབྲས་དང་ལྡ་ལི་ཟས་རྗེས་ཡི་གེ་དེ་སྤེལ་བ་ཡིན། གྲོགས་པོ་མི་ཉུང་བ་ཞིག་ལྡ་ལི་ཞལ་གྱི་རོ་ལ་འཕྲད་ཡོད་ཀྱི་མ་རེད། ཚོད་ཅིག་མཛོད་དང་།
སྐབས་རེ་ཅིཀ་ཀན་མཐོང་ཡང་ཞེན་པ་ལོག །
སྐབས་རེ་འབྲས་དང་ལྡ་ལིར་ཁ་ཆུ་ཤོར།།
འདི་ཡིན་འཕྲོ་ལ་འདི་མིན་གཞན་ཞིག་འབྱུང་།།
སེམས་ཀྱིས་བསླུས་པ་བགྲང་ནས་ག་ལ་ཟད།།
རྒྱ་གར་བ་ལ་ལྡ་ལི་རྩིས་འདང་ཆེ།།
གངས་ཅན་བོད་མིས་རྩམ་པ་མཆོག་ཏུ་འཛིན།།
ཡུལ་ལུང་སོ་སོའི་མི་ཡི་གོམས་སྲོལ་ལས།།
དེ་བཟང་དེ་ངན་སྨྲ་བ་བླུན་པོའི་ལུགས།།
བཅོམ་ལྡན་འཁོར་བཅས་ལྡ་ལི་མཆོད་མྱོང་ཞིང་།།
མ་ཧ་གན་དྷི་ལ་སོགས་རྒྱ་གར་བའི། །
སྐྱེས་ཆེན་དམ་པ་དུ་མས་མཆོད་མྱོང་བའི།།
ཟས་བཅུད་ཕུན་གསུམ་ཚོགས་པའི་ལྡ་ལི་དྲན།།
ཟས་ན་ལུས་ལ་འཕྲོད་པའི་དགེ་མཚན་ལྡན།།
མཐོང་ན་སྐྱུག་ལེ་མི་ལངས་ཡིད་དུ་འོང་།།
འབྲུ་རིགས་དྭངས་མ་ལྡ་ལིའི་ཕན་ཡོན་དེ།།
མ་ལུས་སུ་དང་གང་གིས་བརྗོད་པ་ནུས།།