རྔ་བ་ཀུན་བཟང་།
—–རྩོམ་པ་མོ་འོད་ཟེར་ལགས་ལ་བྲིས།
ནང་བསམ་བློ་ཡངས་པའི་རིག་བཟང་མ།།
ཕྱི་རྣམ་པ་མཛེས་པའི་ཡིད་འོང་མ།།
བློ་རིག་པར་སྦྱངས་པའི་གསར་བཏོད་མཁན།།
བོད་ཁ་བ་ཅན་གྱི་རྒྱན་ཆ་ཡིན།།
ཕྱི་སྐྱེ་འགྲོ་ཡོངས་ལ་བྱམས་སེམས་ལྡན།།
ནང་སྤུན་ཟླའི་མིང་སྲིང་མཐུན་སྒྲིལ་བཟང་།།
རྒན་དར་གཞོན་བྱིས་པའི་མུན་བསལ་མཁན།།
དུས་གསར་བའི་སྤྱི་ཚོགས་ཁྱེད་ལ་གུས།།
ཁོག་ལ་རྒྱ་ལྡན་པའི་དཔའ་མོ་ཁྱེད།།
བློ་རིག་པ་ལྡན་པའི་ཤེས་བཟང་མ།།
དགུང་ཉི་ཟླ་འདྲ་བའི་འོད་གསལ་ཅན།།
ཕྱོགས་འཛམ་གླིང་ཡོངས་ལ་འབོད་སྒྲ་སྒྲོག །
ཁྱེད་ཞུམ་མེད་སྙིང་སྟོབས་དབྱིངས་ལ་ཁྱབ།།
ཁྱེད་གཞན་དོན་བསམ་པ་དུང་ལས་དཀར།།
ལྷ་བླ་མ་འདྲ་བས་བསོད་ནམས་ཆེ།།
ཁྱེད་བུད་མེད་ཚང་གི་ལེགས་སྐྱེས་ཡིན།།
གཡུ་བྱུ་རུ་དུང་གི་རྒྱན་ཆ་ཅན།།
ཉ་གསེར་མིག་འདྲ་བའི་མིག་མདངས་མཛེས།།
བོད་ཁ་བ་ཅན་གྱི་མཛངས་མ་ཁྱོད།།
ནང་སྤུན་ཟླ་ཀུན་ཀྱི་རྒྱན་ཆ་ཡིན།།
ཁྱོས་[1]འབོད་པ་ས་ཡ་དྲུག་པོ་རེད།།
ཁྱོས་བྲིས་པ་ཁ་བའི་བདེ་སྡུག་ཡིན།།
སེམས་བསམ་པ་དཀར་བའི་ཤེས་ལྡན་མ།།
ཞུམ་མི་ཉན་བོད་པའི་ལ་རྒྱ་ཟུངས།།
མཆན། ཁྱོས་ཟེར་བ་ཨ་སྐད་དུ་ཁྱོད་ཀྱིས་ཟེར་བ་གོ་བས་དག་མིན་མ་ངེས།
༢༠༡༣ ༦ ༢༠་ཉིན་བྲིས།
གླུ་རེ་བླངས་ན་བཙོན་ལ་ཁྲིད་་་སྐད་རེ་སྐུར་ན་བཙོན་ལ་ཁྲིད་་་་པར་རེ་བཤམ་ན་བཙོན་ལ་ཁྲིད་་་ཁྱེད་ཉིད་བཙོན་ལ་ཁྲིད་རྒྱུ་མེད་་་་་་
ཚེ་རིང་འོད་ཟེར་ལགས་ལ་མཚམས་འདྲི་ཞུ་རྒྱུ་དང་།
ཁྱེད་ནི་སྐྱེ་བོའི་ནང་གི་མིག་ལྡན་ཡིན།།
ཁྱེད་ནི་འཛམ་གླིང་ནང་གི་མཛངས་མ་ཡིན།།
ཁྱེད་ནི་དེང་རབས་ནང་གི་ཕོ་ཉ་ཡིན།།
ཁྱེད་ནི་མཁས་དབང་ནང་གི་རྒྱན་ཆ་ཡིན།།
བློ་བཟང་ནས།།
ཀུན་བཟང་སྒྲོལ་མའི་སྙན་ངག་ཡག་པ་དང་།།
ཚེ་རིང་འོད་ཟེར་བློ་སྟོབས་ཆེ་བ་ཡིས།།
ཀློག་གིན་ཀློག་གིན་སུས་ཀྱང་མི་ཁེག་པའི།།
ཁྲག་གི་རྦ་རླབས་སྙིང་གི་ཁོང་ནས་འཕྱུར།།