སྤྱི་བཏང་རྟ་བཤད་ལ་རིགས་མང་པོ་ཞིག་ཡོད་པ་ལས་ ་་རྟ་བཤད་རྨིག་བཞི་རླུང་འགྲོས་་ ཟེར་བ་འདི། ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། སྟོན་བཤད་སྐྱིད་གཡང་དགའ་འཁྱིལ་ཟེར་བ་ལས་རྟ་བཤད་ཐུང་ཤོས་ཤིག་བཤུས་ཏེ་བཀོད་པ་ཡིན།
རྟ་རབ་ཅིག་གི་མགོ་བོ་ལ།། སྲོག་ཆགས་བདུན་གྱི་མགོ་བོ་ཚང་།།
ཡ་མགལ་པོ་ཏི་བརྩིགས་འདྲ་ལ།། མ་མགལ་ལོགས་ནས་བཏེགས་འདྲ་དགོས།།
སྦལ་བ་རྒྱ་བོའི་མིག་སྒམ་ལ།། ཨ་བྲ་སྐྱ་མོའི་མིག་འབྲས་དགོས།།
རྣ་རྩེ་བདུད་ཀྱི་སོ་བ་ལ།། སྣ་ཁུང་ཇག་པ་སྐུང་ས་དགོས།།
སོག་པ་མཛོ་རྒན་ཤ་ཤོར་ལ།། དཔུང་བ་ལུག་ཐོང་བཀྱིག་འདྲ་དགོས།།
ལག་ངར་སྤྱང་མོ་འདུར་ཤེས་ལ།། སྐེ་ཞེང་བེར་གྱི་ཕུ་རུང་དགོས།།
འབྲོང་རིས་ད་ཆེན་སྟེང་མ་ལ།། ཚོང་བ་ཚིགས་མལ་བྱེད་ས་དགོས།།
མགོ་སྤྱི་གཙུག་རུས་པའི་མཆོད་རྟེན་ལ།། ཤ་འབྲུ་རྡོག་ཙམ་ཞིག་མེད་ན་བཟང་།།
ཐོད་པའི་མེ་ལོང་སྟེང་མ་ལ།། ནས་བྲེ་གང་ཉི་མར་སྐམ་ས་དགོས།།
སྟོད་ལྷུ་བཞིའི་འཐེན་ཐག་ཟེ་ན་ཡོད།། ཟེ་ལབ་ཙེ་བཞིན་དུ་མཐོ་ན་བཟང་།།
སྨད་ལྷུ་བཞིའི་འཐེན་ཐག་ཉྭ་ན་ཡོད།། ཉྭ་རྒྱ་ཟོར་ཙམ་ཞིག་གུག་ན་བཟང་།།
སྔོན་ནས་བལྟས་ན་ཧད་སེ་ཡོད།། ཤ་ཡུ་མོས་ཁྱི་སྐད་ཉན་པ་འདྲ།།
ཟུར་ནས་བལྟས་ན་མེར་སེ་ཡོད།། འབྲོང་བྲེ་སེར་རྫ་ནས་འགྱིང་བ་འདྲ།།
རྒྱབ་ནས་བལྟས་ན་སྒུར་སེ་ཡོད།། མགོ་སྒུར་ཏེ་རྒུམ་འབུ་འཐུ་བ་འདྲ།།
ལག་རྨིག་པ་ཕུ་ནུ་ནང་འཁོར་དེ།། རི་ཆེན་པོའི་ངོས་ལ་འགོས་ན་བཟང་།།
རྐང་རྨིག་པ་རྒྱ་ཟངས་ཁ་བསྒོར་དེ།། ཐང་ཆེན་པོའི་དཀྱིལ་ནས་རྒྱུག་ན་བཟང་།།
ཐོང་ཞེང་ཐང་དཀར་གཤོག་རྒྱང་དེ།། རྒྱུག་ཡ་ནམ་མཁའི་བྱ་ལས་མེད།།
སྒུར་རུ་རྒོད་པོའི་ཐེར་ཞེང་ཆེ།། སྲིབ་ནས་ཡུ་མོར་འགྲན་ལོ་བྱེད།།
མགོ་བོ་རིལ་ལ་དྲུག་ཤ་སྒུར།། འདོ་བ་གཡག་སུག་ཐེའུ་མགོ་ལ།།
ལག་ཏུ་འབྲེང་བ་བཞི་སྐྱ་བཟུང་།། དེ་ལ་བྲབས་དང་མ་བྲབས་མེད།།
རྐྱང་རིགས་ཨ་བྲ་སྲེ་མོང་མགོ།། སྔ་དྲོ་ཁོ་འགྲོ་ཁོ་འགྲོ་ཟེར།། ཕྱི་དྲོ་ཁོ་འདུག་ཁོ་འདུག་ཟེར།།
བེར་ནག་ཤ་ཁ་ཐུར་ལུག་དེ།། སྟག་ཤར་གཡུལ་ལ་འགྲོ་དུས་བཟང་།།
བེར་དཀར་ལུ་གུའི་གྲོད་པུ་དེ།། བུ་དཔའ་བོའི་དཔུང་བ་གཤིབ་ཉིན་བཟང་།།
ཐོད་གཙུག་ནོར་བུ་པང་ལེབ་དེ།། དཔའ་བོ་བཟང་བོའི་བཅིབས་པ་རེད།།
སྐེ་རྔོག་གཙུག་ཉི་ཟྙ་ཁ་སྤྲོད་དེ།། བླ་མ་བཟང་བོའི་བཅིབས་པ་རེད།།
ལུང་གཙུག་ཏ་ལེན་མགོ་བསྡུ་དེ།། བག་མ་བཟང་བོའི་ཞོན་པ་རེད།།
མཆན་རྩིབ་ཤ་བ་མདའ་འཁུར་དེ།། རྔོན་པ་བཟང་བའོ་བཅིབས་པ་རེད།།
མདོར་བསྡུས་ན་རྟ་རབ་ཅིག་ལ་འཛོམས་དགོས་པ་ནི། གཉིས་རིང་གཅིག་ཐུང་། བཞི་ཕྲ་གཟུགས་ཆེ་ཟེར།
རྣ་རྩེ་གཉིས་རིང་དགོས། སྐེ་ཐུང་དགོས། རྐང་ལག་བཞི་ཕྲ་དགོས། ལུས་བོངས་ཆེ་དགོས།
རྟ་བཤད་འདི་ཧ་ཅང་སྙན་པོ་འདུག རྟ་ཡིས་གནའ་དེང་བོད་མིའི་འཚོ་བའི་ནང་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་བཙན་པོའི་ཆབ་སྲིད་དབང་ཤུགས་རྒྱ་སྐྱེད་བྱེད་པར་དམག་མཚོན་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་ལྷག་པར་རྟ་ནི་དམག་འཁྲུག་ལ་ཧ་ཅང་གལ་ཆེན་ཡིན་པ་ཚོར་ཞིང་། ཁོང་གི་བློན་པོ་འགོས་རྒན་གྱིས་ཞུས་དོན་ལྟར། ཁྱིམ་མཚེས་རྒྱལ་ཁབ་ནས་རྟ་མཁན་གདན་དྲངས་པའི་ཐོག་བོད་མི་རྟ་མཁན་དང་བཅས་ལ་རྟ་འཚོ་བའི་བཤད་པ་དང་གསོ་དཔྱད་དཔེ་དེབ་མང་པོ་ཞིག་འབྲི་རུ་བཅུག་ཡོད་པ་རེད།
གནའ་བོའི་རྟ་དཔྱད་དངུལ་དཀར་མེ་ལོང་གི་རྟའི་འབྱུང་ཁུངས་ནང་། རྟ་ཡི་ཕ་བྱ་རྒོད་དང་མ་སྤྲེའུ་ཡིན་ལུགས་བཤད་ཡོད། དེ་ཡང་གངས་ཏེ་སེ་དང་མཚོ་མ་དྲོས་པའི་འགྲམ་ན་སྤྲེའུ་རྣམས་རྩེད་མོ་ལ་རོལ་པའི་ཚེ། སྤྲེའུ་ཞིག་ཆགས་པ་ལངས་ནས་བྲག་ཟུས་མཐོན་པོ་ཞིག་ནས་བལྟ་བཞིན་ཡོད་པ་ལ། ནམ་མཁའ་ནས་བྱ་གཟུགས་དཀར་ལ་མཛེས་པ་མགོ་མཐོ་བ་གཤོག་རྒྱངས་རིང་བ་གཅིག་མཐོང་སྟེ་དེས་ཡིད་འཕྲོག་ནས་འདོད་པ་འཕེལ་ཏེ། དེའི་ཕྱོགས་སུ་མྱུར་བར་རྒྱུགས་ནས་བྲག་མཐོན་པོ་ཞིག་གི་ཁར་ཕྱིན་ནས་བསྡད་པས། སྔར་གྱི་བྱ་མཛེས་པོ་དེ་དང་མི་འདྲ་བའི་སེམས་ཅན་དྲི་མ་ཅན་ཞིག་འོངས་ནས་འདོད་པ་སྤྱད་པ་ལས། ཕ་བྱ་རྒོད་ཡིན་པ་དེ་ལྟར་རོ། དེའི་སང་ཕོད་ཀྱི་དུས་སུ་སྤྲེའུ་མོས་སླར་ཡང་བྱ་དེ་འོང་ངམ་སྙམ་ནས་སྒུག་མོད་བྱ་དེ་མ་ཡོང་ངོ།
བོད་མིའི་ཕ་ནི་སྤྲེའུ་དང་མ་ནི་བྲག་སྲིན་མོ། བོད་རྟ་ཡི་ཕ་ནི་བྱ་རྒོད་དང་མ་ནི་སྤྲེའུ་ཡིན་པའི་འབྲེལ་བ་ལ་ལྟོས་དང་།
དངོས་གནས་སྙན་པོ་འདུག སྙན་ངག་ཟེར་ན་འདི་འདྲ་ཅིག་ལ་ཟེར་རྒྱུ་རེད་བསམ། རྩོམ་ཉོག་གཞན་གྱི་ཚིག་འགྲོས་དང་བསམ་ཚོར་བསྐྱར་སྐྱུག་བྱས་པ་དག་གློག་གློག་ནས་འདི་འདྲ་ཞིག་མཐོང་ན་སྣང་བ་སྐྱིད་པོ་ཞིག་འདུག ནུབ་ཕྱོགས་ཀྱི་སྙན་ངག་པ་དང་རྩོམ་རིག་དཔྱད་བརྗོད་པ་མང་པོ་ཞིག་གིས་འཆར་རྟོག་ནུས་མཐུ་འམ་ཅི་ཡང་བློས་བསླངས་ཐུབ་པའི་ནུས་པ་དེ་རྩོམ་ལས་ལ་འཇུག་སྐབས་མེད་དུ་མི་རུང་པའི་ཆ་རྐྱེན་ཞིག་ལ་རྩི་གི་ཡོད། རྟ་བཤད་འདི་གློག་དུས་སེམས་དམིགས་མི་དགོས་བར་བརྗོད་བྱའི་རྟ་རྣམས་མིག་ལ་སེ་གོལ་གཏོགས་ཙམ་རིང་ཤར་ཡོང་གི་འདུག
གློག་མཁན་གྱི་ཡིད་ལ་བག་ཆགས་གཏིང་ཟབ་འཇོག་ཐུབ་དོན་ནི་ཚིག་གི་སྙན་ཆ་དང་ཡང་ཟོར། ཚིག་རྐང་གི་གདངས་འགྲོས་སོགས་གཅིག་པོ་མ་ཡིན་ལ། འཆར་རྟོག་གི་ནུས་མཐུས་དཔྱད་བྱའི་རྟ་དེ་ཅི་
བཞིན་འགྲེལ་བརྗོད་བྱས་པ་དེའང་རེད། རྟ་ཞིག་གི་ལུས་ཀྱི་ཁྱད་ཆོས་དག་བཤད་ཡོང་དུས་དབུགས་ལྷེམ་ལྷེམ་ལེན་བཞིན་པའི་བོད་ཡུལ་གྱི་སྲོག་ཆགས་མང་པོ་ཞིག་དང་འཁོར་ཡུག ད་དུང་བོད་མའི་ཉིན་རེའི་འཚོ་བའི་བྱ་ལས་སོགས་ཞོར་ནས་བརྗོད་ཡོང་གི་འདུག ཝི་ལྗི་ནས་ཡ་བོལ་ཧྥོས་ཡིས་རྟོག་བཟོ་དངོས་ཡོད་ནང་ཟུག་བསྡད་ཡོད་ཞེས་པ་དེའང་འདི་འདྲ་ལ་ཟེར་བ་འདྲ། གངས་ཅན་ཚང་གི་རྟ་བཤད་པ་རྣམས་ལགས། བཀའ་དྲིན་ཆེ
སྙན་པོ་འདུག་ཟེར་མཁན་གཉིས་མ་གཏོགས་མི་འདུག་ཀྱང་། སྙན་པ་ཡོད་ན་ད་རུང་གཞན་ནས་ཁ་སྣོན་ཅུང་ཟད་བྱེད། ངས་འདི་འདིར་བཀོད་དོན་ཡང་རྟ་བཤད་ཅིག་ཡིན་པ་གཅིག་པོས་མིན་པར་འདི་ལ་དམིགས་བསལ་གྱི་ཚིག་ཉམས་ལྡན་པས་ཀྱང་ཡིན། དེ་ནས་ཨ་མདོའི་སྐད་ལ་ཞིབ་འཇུག་བྱེད་མཁན་དང་སྦྱོང་མཁན་ཚོར་ཡང་ཕན་ཐོགས་ན་ཐང་བསམ་ནས་བྲིས་པ་ཡིན། ད་ལྟ་གང་ས་གང་དུ་ཨམ་སྐད་སྦྱོང་མཁན་ལ་ཐུག་རྒྱུ་འདུག ངས་ཁོ་ཚོར་སྐད་ཆ་གཅིག་བཤད་གི་ཡོད། ཨ་མདོའི་གླུ་དང་ལ་གཞས། སྟོན་བཤད་དང་རྟ་བཤད་ཀྱི་རིགས་སྦྱོངས་ཟེར་གི་ཡོད།
གོང་གསལ་འདིའི་ནང་གཙོ་བོ་རྟ་བཟང་བོ་ཞིག་ལ་ཚང་དགོས་པའི་གཟུགས་གཞིའི་སྐོར་རེད། གཟུགས་གཞིའི་སྐོར་དེ་རྟ་བཤད་ཕལ་ཆེ་བ་རྩ་བའི་ཆ་ནས་མཐུན་པ་རེད། འདིའི་ནང་མ་ཚང་བ་རེ་ཟུང་་ཁ་གསབ་བྱས་ན།
ཐོད་པ་མཚན་ལྡན་ཀ་པ་ལ།། རྔོག་མ་ལྷ་སྤྲིན་ཕྱུག་མོ་འདྲ།།
གདོང་བ་མར་དཀར་ཊ་རུ་ལ།། སྣ་བུག་གསེར་གྱི་བུ་ག་དགོས།།
དུང་སོ་གའུ་ཁ་སྦྱོར་ལ།། གཡང་དཀར་བསྟར་ལ་བསྒྲིགས་འདྲ་དགོས།།
མ་ནེ་ལོགས་ནས་བཏགས་འདྲ་ལ།།ལྕེ་དམར་ཆུང་དར་དམར་དྲིལ་འདྲ་དགོས།།
མིད་པ་བྱང་ཆུབ་འགྲིམ་ལམ་ལ།། འགྲམ་པ་གཡུ་འབྲུག་འཁྱིལ་འདྲ་དགོས།།
རྩིབ་ཆེན་གུར་ཆེན་ཕུབ་འདྲ་ལ།། རྩིབ་ཆུང་གུར་ཆུང་ཕུབ་འདྲ་དགོས།།
སྒལ་བ་ཉ་མོའི་རྒྱབ་འདྲ་དགོས།། སུག་བཞི་ཀ་བཞི་བཙུགས་འདྲ་དགོས།།
སྒྱིད་པ་རྒྱ་ཟོར་བཀུག་འདྲ་དགོས།། རྨིག་པ་ལྕགས་འཁོར་བསྒོར་འདྲ་དགོས།།
མཚོས་སྤེན་ཅ་ལ་བསྟར་འདྲ་དགོས།། གྲ་ཁ་ཤ་བའི་སྦུ་ཆུང་དགོས།།
རྔ་མ་རྡོ་ཐོག་ཆུ་ཕྱར་དགོས།། རྔ་ལྟག་མུ་ཏིག་བསྟར་འདྲ་དགོས།།
རྔ་སྣེ་མེ་ཏོག་འཐོར་འདྲ་དགོས།།
མདོར་དེད་ན་འདོ་བའི་ཡག་བཞིན་དེ།། ཁྲ་བྲང་ཁྱུང་སྐེ་ཡུ་མོ་མགོ། སྟོད་ཀྱི་ཡག་གསུམ་དེ་ན་ཡོད།།
བ་རྔ་ཀ་སྒྱིད་སྒོར་བོ་དྲུག། སྨད་ཀྱི་ཡག་གསུམ་དེ་ན་ཡོད།། ཤ་སྤུ་གླང་གྲོད་ཉ་མོ་རྒྱབ།། བར་གྱི་ཡག་གསུམ་དེ་ན་ཡོད།། འདི་དག་ཡར་མར་ནས་བཏུས་ཏེ་གོང་གི་རྟའི་གཟུགས་གཞིའི་སྐོར་གྱི་ཁ་གསབ་ཡིན།
དེ་ནས་རྟ་ཡི་དབྱེ་བ་ཅུང་བཤད།
རྟ་རབ་སྟག་དང་སེང་གི་འདྲ།། རྟ་འབྲིང་ཤ་བ་གླ་བ་འདྲ།། རྟ་ངན་ཁྱི་དང་གྲུམ་པ་འདྲ།། རྟ་ཐ་མ་ཨ་ལོ་རྒྱུས་ལོ་འདྲ།།
རྟ་མཆོག་རིགས་ལ་དབྱེ་བ་མང་།།
གནམ་རྟ་གྱི་ལིང་ཁྱུང་དང་འདྲ།། ཁྱུང་ཆེན་མཁའ་ལ་སྐྱོད་དང་འདྲ།། མཐོ་གི་མཐོ་གི་གདེང་ཞིག་ཡོད།།
ས་རྟ་གྱི་ལིང་སྤྱང་དང་འདྲ།། སྤྱང་མོས་རི་རྩིབ་སྙེགས་དང་འདྲ།། རྒྱུག་དང་བརྒྱུག་གི་གདེང་ཞིག་ཡོད།།
མེ་རྟ་གྱི་ལིང་འཕར་བ་འདྲ།། འཕར་བ་ནགས་ནས་མཆོངས་བ་འདྲ།། གྱེན་དང་ཐུར་ལ་གདེང་ཞིག་ཡོད།།
རླུང་རྟ་གྱི་ལིང་སྤྲིན་དང་འདྲ།། སྤྲིན་དཀར་གནམ་འཕང་སྙེགས་དང་འདྲ།། སྐྱོད་དང་བསྐྱོད་གི་གདེང་ཞིག་ཡོད།། ཆུ་རྟ་གྱི་ལིང་ཉ་མོ་འདྲ།། ཉ་མོ་མཚོ་ལ་འཁྱུག་དང་འདྲ།། འཁྱུག་དང་འཁྱུག་གི་གདེང་ཞིག་ཡོད།།
དེ་ནས་ས་ཆའི་ཆགས་རིམ་མི་འདྲ་བ་ལ་བརྟེན་ནས་རྟ་ལའང་མི་འདྲ་བའི་ཁྱད་ཆོས་ཚང་དགོས་པ་ནི།
གངས་རིའི་རྩེ་ལ་རྒྱུག་དུས་སུ།། གངས་སེང་དཀར་མོའི་རྩལ་ཞིག་དགོས།།
བྲག་དམར་རྩེ་ལ་རྒྱུག་དུས་སུ།། ཐང་དཀར་རྒོད་ཀྱི་རྩལ་ཞིག་དགོས།།
ཁྲ་ཡག་རྫ་ལ་རྒྱུག་དུས་སུ།། བྲེ་སེར་འབྲོང་གི་རྩལ་ཞིག་དགོས།།
ཙན་དན་ནགས་ལ་རྒྱུག་དུས་སུ།། དམར་ཡག་སྟག་གི་རྩལ་ཞིག་དགོས།།
སེར་ཡག་སྤང་ལ་རྒྱུག་དུས་སུ།། ཕོ་ཆེན་ཤྭ་བོའི་རྩལ་ཞིག་དགོས།།
ན་དམར་གཞུང་ལ་རྒྱུག་དུས་སུ།། ཁ་དཀར་རྐྱང་གི་རྩལ་ཞིག་དགོས།།
ཆུ་བོའི་གཞུང་ལ་རྒྱུག་དུས་སུ།། གསེར་མིག་ཉ་མོའི་རྩལ་ཞིག་དགོས།།
དེ་ནས་མི་ཡི་རིགས་མི་འདྲ་བ་ལ་རྟ་རིགས་ཇི་འདྲ་འཚམས་མིན་སྐོར་ནི།
ངང་སེར་གསེར་གྱི་གཤོག་པ་ཅན།། ལྷ་དང་བླ་མའི་ཆིབས་པ་ཡིན།། ཆིབས་ན་ཆོས་བསོད་དགུང་ལས་མཐོ།།
གྲ་ནག་རླུང་གི་སྤུ་གྲི་ཅན།། གོང་ཆེན་དཔོན་པོའི་ཆིབས་པ་ཡིན།། ཆིབས་ན་ཁེབས་རྒྱ་མཁའ་ལྟར་ཡངས།།
སྔོ་ནག་ཁུ་བྱུག་སྤུ་རིས་ཅན།། སྟག་ཤར་གཞོན་ནུའི་རྩེད་རྟ་ཡིན།། ཞོན་ན་མེ་ཏོག་རྨིག་པས་གཏོར།།
དཀར་དཀར་དུང་གི་སྒོ་ང་འདྲ།། སྨན་ཤར་མཛེས་མའི་བག་རྟ་ཡིན།། ཞོན་ན་གཡང་གི་སྒོ་མོ་འབྱེད།།
གྲོ་གྲོ་གསུས་ཆེ་མཇུག་མ་རིང་།། ས་མཁན་སྔགས་པའི་ཞོན་རྟ་ཡིན།། ཞོན་ན་གང་བསམ་ས་མིག་ནོན།།
ཁམ་ཞུར་ཁྲག་གི་རྔོག་མ་ཅན།། སྟོབས་ཆེན་དཔའ་བོའི་ཞོན་པ་ཡིན།། ཞོན་ན་སྡང་དགྲ་ཟིལ་གྱིས་གནོན།།
སྨུག་གུ་གྲོ་ཞུར་རྔོག་མ་འཐུག། ཕྱུག་པོ་སྟོང་གི་རྫི་རྟ་ཡིན།། ཞོན་ན་འདོ་བ་སྟོང་ཁར་འབུད།།
སྐྱེས་བུ་རང་གི་བླ་རྟ་དེ།། འབྱུང་ཁམས་རླུང་རྟའི་མདོག་དང་མཐུན།།
ད་འདི་ནས་མཚམས་འཇོག རྟ་གི་སྐོར་མི་ཤེས་མཁན་ཏག་ཏག་ལ་རྟ་བཤད་མང་དྲགས་ན་འགའ་རེ་རླུང་གིས་སྦོས་ཡོང་།།
གོང་འོག་གི་རྟ་བཤད་འདི་གཉིས་ལ་སྙན་ངག་གི་ཉམས་འགྱུར་རྨད་དུ་བྱུང་བ་ཞིག་འདུག རྟའི་ཁྱད་ཆོས་འགའ་ཡང་ཤེས་པར་གྱུར། ཡིན་ནའང་། ཉེ་ཆར་ངས་མོ་རྒོལ་(moghol)མི་རིགས་ཀྱི་ལོ་རྒྱུས་དེབ་གཅིག་བྐླགས་པ་ཡིན། ཚོ་ཁག་ནས་རྒྱལ་ཁབ་ཅིག་ཏུ་གྱུར་བའི་མི་རིགས་འདིར་དམག་རྟ་ཁྱད་པར་བ་ཞིག་ཡོད་པར་གྲགས། དཔེར་ན། རྟའི་རྣ་རྩེ་ནང་དུ་གུག་ཡོད་པའི་རྣམ་པ་ཅན། རྒྱང་རིང་ནས་མདེའུ་འཕུར་ཡོང་ཚེ་བཤོལ་ཤེས་ཅན། དམག་འཁྲུག་གི་རྔལ་ཟིལ་ལ་མི་འཇིགས་པའི་སྙིང་སྟོབས་ཅན་སོགས་ཁྱད་ཆོས་མང་པོ་ཞིག་ཡོད་ཚོད་འདུག་སྟབས། གོང་གི་རྟ་བཤད་ནང་གི་རྟ་དེ་དག་དང་མོལ་རྒོལ་གྱི་རྟ་དམག་གཉིས་ཀྱི་བར་ལ་ཅུང་མི་འདྲ་སའང་འདུག་སྙམ་པ་ཞིག་བྱུང་།