རེབ་ཐོག་མདའ།
རྗེ་བཙན་སྒྲོལ་མ་ཡིས་བྱིན་གྱིས་བརླབས་པས།།
སྒྲོལ་མ་མིང་ཅན་གྱི་བུ་མོའི་ཁྲོད་ན།།
བསྟན་འཛིན་སྒྲོལ་མ་དང་བདག་གི་གཏམ་རྒྱུད།།
དེ་རང་དྲན་ངོགས་ནས་ཅུང་ཙམ་གླེང་ན།།
མེ་ལོག་གྲོང་བརྡལ་གྱི་ཟ་ཁང་ཞིག་ནས།།
ན་ནིང་རྡི་ལི་ཡི་གྲོང་ནས་འདྲིས་པས།།
ཁ་བརྡའི་སྣེ་མོ་ན་འཛུམ་གྱིས་ཕྱུག་པའི།།
སྒྲོལ་མ་མིང་ཅན་གྱི་བུ་མོ་ཐུག་སོང་།།
སྐྲ་ལོའི་སྣེ་མོ་ལ་ཆུ་ཐིགས་འཛར་བཞིན།།
ཕྱི་ལ་དཀར་པོ་དེ་བརླན་གྱིས་ཟིན་པའི།།
ང་དང་སྒྲོལ་མ་ཡི་གློ་བུར་མཇལ་འཛོམས།།
ལས་ཀྱི་དུས་ཆད་ཅིག་ཡིན་ན་བསམ་སོང་།།
ཁ་ཞིག་གྲག་འདོད་ཀྱང་བློ་ཁོག་མི་འདུག།
ཕར་ལ་ཆས་འདོད་ཀྱང་གོམ་ཁ་མི་བརྟན།།
ཁྱོད་ཀྱི་ཐོག་མ་ཡི་འཛུམ་ཆུང་སྣུམ་པོ།།
ད་དུང་བདག་སེམས་ནས་བརྗེད་ཐབས་མི་འདུག།
མཛའ་བོ་ཡོད་མེད་ཀྱི་ལོ་རྒྱུས་ཟབ་མོ།།
སྔོན་ཆད་དྲ་ལམ་ནས་འདྲི་བར་བསམ་ཡང་།།
བུ་མོའི་སེམས་པ་ལ་ཕོག་འགྲོ་བསམ་ནས།།
ཚིག་གི་སྣེ་མོ་དེ་བསྲིངས་ཐུབ་མ་སོང་།།
ཕྱི་རོལ་ཆར་པ་དེ་ཤག་ཤག་འབབ་གི།
ནང་གི་སེམས་པ་འདི་ཟང་ཟིང་ཆགས་སོང་།།
ཟ་ཁང་གྲུ་བཞི་འདིའི་ཚ་སྨུག་ཀློང་ནས།།
བདག་གི་ངོ་གདོང་ལ་རྔུལ་ཆུ་ཤམས་སོང་།།
འོ་ཇ་མངར་མོ་གང་དལ་གྱིས་འཐུང་ཞོར།།
གཟུགས་མེད་སེམས་པ་འདིའི་དྲན་ཤིང་ལྕི་མོ།།
མ་བསམ་འདས་སོང་གི་ལོ་ཟླའི་ངོགས་སུ།།
མ་བོས་མགྲོན་པོ་ཡི་ཚུལ་དུ་ཤོར་སོང་།།
སྔ་ལོ་དགུན་དུས་ཀྱི་གྲང་ངར་ཀློང་ནས།།
རྡ་སའི་རི་གྲོང་ནས་ལམ་ལ་ཆས་དེ།།
རང་དོན་ཙག་ཙིག་གི་དོན་གྱི་སླད་དུ།།
རྒྱལ་ས་རྡི་ལི་རུ་ཐེངས་གཅིག་ཆས་པས།།
མ་ཅིང་ཀྲེ་ལ་ཡི་འདུ་འཛོམས་ཀློང་ནས།།
མི་ཚོགས་མང་པོ་ཡི་ཟུར་ན་སྡོད་པའི།།
ན་ཆུང་བུ་མོ་ཞིག་མིག་ལ་ཟུག་སོང་།།
སེམས་པའི་རྟ་ཕོ་དེ་མ་ཁོགས་ཤོར་སོང་།།
ལོ་དང་ན་ཚོད་དེ་ཉི་ཤུའི་ནང་རེད།།
ཡག་དང་མོ་སྒོ་དེ་དགུང་གི་ཟླ་རེད།།
སྐྱེས་གཟུགས་རིང་ཐུང་ཡང་ཀུན་དང་མཐུན་པས།།
གོམ་ཁ་བུ་མོ་ལ་བསྒྱུར་ན་སྙམ་བྱུང་།།
བུ་མོའི་མཐོང་ལམ་ལ་དལ་གྱིས་སོང་ནས།།
མིག་ཟུང་བུ་མོ་ཡི་གདོང་ལ་གཏོད་དུས།།
འཛུམ་ཆུང་མེ་ཏོག་དེ་དལ་གྱིས་བཞད་བཞིན།།
ངོ་ཚའི་གདོང་པ་དེ་དམར་པོ་ཆགས་སོང་།།
ལན་རེར་མིག་ཟུང་གིས་རྒྱང་ལ་བལྟ་ཞིང་།།
མཚམས་རེར་ཟུར་མིག་དེ་བདག་ལ་འཕེན་པའི།།
གོས་ཆེན་རྒྱ་སྨུག་གི་ཕྱུ་པ་གྱོན་པའི།།
བུ་མོར་ཁ་བརྡ་ཞིག་འཆད་ན་བསམ་གི།
འཁྱག་ཆུ་མངར་མོ་ཞིག་ཁ་ལ་བཏུང་བཞིན།།
ལག་འཁྱེར་ཁ་པར་ལ་ཡང་ཡང་བལྟ་བའི།།
བུ་མོའི་ངང་ཚུལ་དེ་ཡིད་ལ་དྲན་ན།།
མི་རྐྱང་ཁེར་དགོད་རེ་ལྷན་གྱིས་ཤོར་འགྲོ།
དུས་ཀྱི་འཁོར་ལོ་དེ་དལ་གྱིས་འཁོར་ཐལ།།
བུ་མོའི་གོམ་ཁ་ཡང་ནང་ལ་བསྒྱུར་ཐལ།།
མི་རྐྱང་སེམས་ངོགས་སུ་ཁོ་མོ་འབྲི་བཞིན།།
སྨག་རུམ་གྱོན་བཞིན་དུ་མལ་དུ་ཆས་ཡིན།།
ལས་ཀྱི་ས་བོན་དེ་འདེབས་ཐུབ་མ་བྱུང་།།
སླར་མཇལ་སྨོན་ལམ་ཡང་སྙིང་ན་མེད་ཀྱང་།།
གླ་གཏོང་རྐང་འཁོར་ཞིག་ཚུར་ལ་བོས་ཏེ།།
རྡི་ལི་གསར་པ་རུ་འགྲོ་བར་བསམ་དུས།།
བུ་མོ་ལམ་འགྲམ་ན་འགྲེངས་ཏེ་བསྡད་འདུག།
གར་འགྲོ་བུ་མོ་ལ་ལན་ཞིག་དྲིས་དུས།།
རྡི་ལི་གསར་པ་ལ་ཆས་ན་བསམ་ཡང་།།
ཁེར་འགྲོ་བདེ་འཇགས་ལ་དོགས་རབས་ཟེར་གི།
བདག་ཀྱང་གནས་དེ་ལ་འགྲོ་དགོས་ལབ་ནས།།
མཉམ་དུ་ཨེ་འགྲོ་ཞེས་ངག་ནས་ཤོར་དུས།།
བུ་མོས་འཛུམ་ཆུང་ཞིག་གདོང་ནས་ངོམས་བཞིན།།
འགྲོ་འདོད་སེམས་པ་དེ་བདག་ལ་བཅོལ་སོང་།།
ཕ་ཡུལ་གང་ཡིན་དང་མྱིང་ལ་ཅི་ཟེར།།
རྒྱ་གར་ནམ་ཡོང་དང་ད་ལྟ་ཅི་བྱེད།།
ལམ་བར་དུས་ཡུན་དེ་རྩ་ཆེན་བཟུང་ནས།།
མིང་དང་ལོ་རྒྱུས་སོགས་ག་ལེར་དྲིས་ཡིན།།
སྒྲོལ་མ་མིང་སྐད་དེ་སྐྱེས་མིང་ཡིན་ཟེར།།
བསྟན་འཛིན་འབོད་པ་དེ་འདི་ནས་ཐོག་རབས།།
འདས་མ་ད་གསུམ་གྱི་དམིགས་ཡུལ་མ་ལུས།།
མ་གསང་དྲང་པོ་ཡི་ངག་ལ་བསྡུས་སོང་།།
ཉིན་འགའི་འགྲུལ་བཞུད་ཀྱི་ནང་རོལ་ཞིག་ནས།།
སེམས་པའི་ཟབ་ས་ལ་ཁྱོད་རང་བབས་ཐལ།།
གྱེས་བྲལ་སྣེ་མོ་ཡི་ཚོར་འདུ་ཟབ་མོས།།
ཁ་པར་ཨང་གྲངས་དེ་ལེན་པ་བརྗེད་སོང་།།
འབྲེལ་འདྲིས་བསམ་པ་སྙིང་ལ་བརྐོས་ཀྱང་།།
བུ་མོ་འབྲེལ་ལམ་དེ་གསལ་ཁ་མི་འདུག།
ལས་མཐུན་བུ་མོ་དེ་མིན་པར་བསམ་ནས།།
ཚོར་བ་ཟབ་མོ་དེ་རབ་རིབ་གྱུར་ཐལ།།
ཉི་མ་ཟླ་བ་ཡི་གདོང་ན་འཁོར་བའི།།
ལོ་གཅིག་དུས་ཡུན་དེ་དེ་ལྟར་རྫོགས་ཐལ།།
དྲ་རྒྱའི་རྒྱུད་ལམ་ལ་ཉུལ་བའི་མཐའ་མ།།
སྒྲོལ་མའི་གཟུགས་རིས་ཤིག་སླར་ཡང་རྙེད་ཐལ།།
གློ་བུར་མཇལ་འཛོམས་ཀྱི་དྲ་རྒྱའི་ངོགས་ནས།།
ཚིག་གི་སྣེ་མོ་ལ་ཚོར་བ་བྲིས་སོང་།།
ཡིག་ངག་འབྲེལ་བ་ཡི་སྔ་གཞུག་ཞིག་ནས།།
སྒྲོལ་མའི་གཤིས་ཀ་དེ་སེམས་ལ་ཐོག་སོང་།།
པར་རིས་མིག་ཟུང་ལ་ལྷུང་ཐེངས་རེ་ལ།།
དྲ་བའི་སྒོ་མོ་དེ་འབྱེད་ཐེངས་རེ་ལ།།
རེ་སྙེགས་གསོན་པོ་ཞིག་སྙིང་ལ་བརྐོ་བཞིན།།
སྨོན་ལམ་སྣེ་མོ་དེ་ཁྱོད་ལ་བསྲིངས་ཡིན།།
ནག་སྣུམ་སྐྲ་ལོ་དེ་ཚོན་གྱིས་བྱུག་མེད།།
ལྷན་སྐྱེས་མཛེས་པ་ལ་པིར་གྱིས་ལྷད་མེད།།
ཕ་སྐད་གཙང་མ་དེ་ངག་ན་བདེ་བའི།།
སྒྲོལ་མའི་སྐད་གདངས་དེ་རྣ་ལ་སྙན་པ།།
རྒྱ་ཆས་བོད་ཆས་གང་ལུས་ལ་གྱོན་ཡང་།།
བོད་པའི་གཤིས་ཀ་དེའི་ཡིད་སེམས་འཕྲོག་པའི།།
བྱེས་ཀྱི་སྒྲོལ་མ་ཚོའི་ལང་ཚོ་བསྡུར་ན།།
ཁམས་པའི་སྒྲོལ་མ་ཁྱོད་བློ་ལ་འབབ་ཀི།
རྡ་སའི་སྒྲོལ་མ་བཞིན་རང་ལུས་མི་བཙོང་།།
ནུབ་ཀྱི་སྒྲོལ་མ་བཞིན་ཕ་སྐད་མི་དོར།།
རྗེ་བཙུན་སྒྲོལ་མ་ལ་དད་འདུན་ཟབ་པའི།།
སེམས་མཐུན་སྒྲོལ་མ་ཁྱོད་སྙིང་ནས་དྲན་གི།
དེ་རིང་སྒྲོལ་མ་ཁྱོད་འདི་ལྟར་འཕྲད་དུས།།
བདག་གི་བླ་སྲོག་དེ་དམ་དུ་བཏག་ཐལ།།
སང་ཉིན་སྒྲོལ་མ་དང་བྲལ་བར་བསམ་ན།།
སྙིང་གཏམ་ཚིག་གསུམ་དེ་འཆད་དགོས་བསམ་ཡོད།།
ལས་ཀྱི་མདུད་པ་དེ་གཅིག་ཏུ་ཡོད་ན།།
ཁམས་པའི་སྒྲོལ་མ་ལ་བརྒྱབ་ན་བསམ་ཡོད།།
བློ་སེམས་དཀར་པོ་དེ་བདག་ལ་གཏོད་ན།།
མི་ཚེའི་རི་མོ་འདི་འབྲི་དགོས་བསམ་ཡོད།།
ཕྱི་ལོ ༢༠༡༣ ལོའི་ཟླ ༦་ཚེས ༢༦ ཉིན་དཔེ་མཛོད་ནས་བྲིས།
སྡུག་སྨྲོས་ཤིག་བཏོན་པ་ཙམ་རེད། བློ་ཁོག་མེད་པའི་མི་ཁྱོད་ཡིན་ན།
ཀླུ་སྨྱོན་ལས་ཅུང་སེམས་སྤོབས་ཆེ་བ་བྱུང་འདུག
ཤོག་ཐོག་ཏུ་མིན་པར་གདོང་དང་གདོང་ཐུག་ནས་ཚིག་འགའ་བཤད་ཐུབ་འདུག
དྲིན་ཆེན་པོ
ཁྱོས་འདོད་ཆགས་དེས་ཀྱང་རྩྭ་ཟ་ས་རེད་གོ
ཧ་ཧ་ཧ་ཀུ་རེ་ཡིན།
མུ་མཐུད་ནས་བྲིས།
ཡག་གི
གཞིས་ཆགས་བུ་མོ་ལ་ཡང་དེ་འདྲ་བོད་སྐད་དང་། བོད་ལུགས་མི་འདོར་མཁན་ཞིག་འདུག་གམ།
མཛའ་བོ་ཡོད་མེད་ཀྱི་ལོ་རྒྱུས་ཟབ་མོ།།
སྔོན་ཆད་དྲ་ལམ་ནས་འདྲི་བར་བསམ་ཡང་།།
བུ་མོའི་སེམས་པ་ལ་ཕོག་འགྲོ་བསམ་ནས།།
ཚིག་གི་སྣེ་མོ་དེ་བསྲིངས་ཐུབ་མ་སོང་།།
འདི་དངོས་གནས་རེད། འདིའི་གསང་བུག་དེ་བརྟོལ་ཐུབ་ན་གུ་ཡངས་ཤིག་འོང་གི་རེད།
དུས་གསུམ་ལ་གོ་རིམ་མི་འདུག། འགྲེལ་བརྗོད་དང་དངོས་བརྗོད་གཉིས་ལ་དབྱེ་བ་མི་འདུག། ཡར་མཆོང་མར་ལྡིང་གི་དྲན་ཐོ་རྫུན་མ་འདིས། མང་པོ་མང་པོ་ཞིག་ལ། བོད་ཡིག་ལ་ཡིད་ཁ་མེད་ནི་བཟོ་ས་རེད། བྲིས་བྲིས་གཉིས་ཀ་རྩོམ་འདྲ་ཡིན་ནི་མ་རེད། རེབ་མདའ་ལགས། རྗེས་ཕྱིན་དག་ཙམ་ཡག་རུ་གཏོང་རོགས།
སྐྲ་ལོ་རིང་བོ་བཞག་ནོ་ད་ག་ཟིག།
མིག་ཤེལ་ནག་པོ་བརྒྱབས་ནོ་དོན་མེད་རེད།།
བུ་མོ་ཞིག་ལ་ཁ་བརྡ་བདེ་མོ་ཙམ།།
བཤད་པའི་སྤོབས་པ་ཞན་པས་ངོ་རེ་ཚ།།