བོད་རིགས་བུ་མོ་ཁ་བ་ལྷ་མོ་ལ་བཅར་འདྲི་བྱས་པ།
ཁ་བ་ལྷ་མོ།
དངོས་མིང་མེ་ཏོག་སྐྱིད།༢༠༠༢ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ནས་ད་ལྟའི་བར་ཕ་ཡུལ་བོང་སྟག་ཐེམ་ཆེན་ན་དགེ་རྒན་གྱི་ལས་གཉེར་གྱིན་ཡོད།
བཅར་འདྲི་མཁན། ན་གཞོན་གསར་བ།
ལན་འདེབས་མཁན། མེ་ཏོག་སྐྱིད།
ཁྱེད་བདེ་མོ། ཐོག་མར་ཁྱེད་ཀྱིས་ངེད་དྲ་བའི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན།
ཐུགས་རྗེ་ཆེ།
ཁྱེད་རང་སློབ་གསོའི་ལས་ཀ་གཉེར་བའི་བུད་མེད་ཅིག་ཡིན་པའི་ཆ་ནས་ད་ལྟའི་བོད་ཀྱི་བུད་མེད་ཀྱི་གནས་བབ་ལ་ལྟ་ཚུལ་ག་འདྲ་འཛིན་གི་ཡོད།
རིག་གནས་སློབ་གསོ་བརྒྱུད་མ་མྱོང་ཞིང་རང་གི་ལས་དབང་ལ་རང་གིས་ཁ་ལོ་བསྒྱུར་མི་ཐུབ་པའི་བུད་མེད་ཡིག་རྨོངས་བ་དག་གི་ཡ་ང་བའི་འཚོ་གནས་ལ་སྙིང་རྗེ་འཆོར་གྱིན་ཡོད། དེ་མིན་གྲོང་དང་གྲོང་ཁྱེར་ནས་འདྲ་མཉམ་གྱི་སློབ་གསོ་མྱོང་བཞིན་པའི་སྐལ་ལྡན་གྱི་བུ་བུ་མོ་དག་ལ་བར་ཁྱད་ཤོར་ན་ནི་བུད་མེད་རང་སྟེང་ནས་མ་ནུས་པ་ཙམ་ལས་སྲོལ་རྒྱུན་དང་ཁོར་ཡུག་སོགས་ལ་ངན་ཁག་དཀྲི་བ་ནི་རང་གི་སྒྱིད་ལུག་དང་འདྲ་མེད་ཀྱི་རང་གཤིས་ལ་ཁ་གཡོར་ས་འཚོལ་བ་རེད་བསམ་གི
ཁྱེད་ཀྱིས་བལྟས་ན་སློབ་གསོའི་ཐབས་ལམ་ཅི་ཞིག་ལ་བརྟེན་ན་ད་གཟོད་བོད་ཀྱི་བུད་མེད་ཚོས་རང་ཉིད་མི་གྲལ་ལ་འཇོག་པའི་འདུ་ཤེས་སྐྱེ་ཐུབ་ས་རེད།
ཆུང་ངུའི་དུས་ནས་མི་བུ་ཐམས་ཅད་འདྲ་མཉམ་ཡིན་པའི་འདུ་ཤེས་དང་རང་བཀུར་རང་བརྩིའི་བསམ་བློ་སྐྱེད་བསྲིང་བྱ་དགོས་སྙམ།
ཁྱེད་ཀྱིས་བལྟས་ན་ཐུབ་བསྟན་རིག་གནས་དང་བུད་མེད་ཀྱི་བར་ན་འབྲེལ་བ་ཅི་ཞིག་འདུག་པ་དང་དེའི་སྐོར་གྱི་ལྟ་ཚུལ་རགས་ཙམ་བཤད་ན།
ཐུབ་བསྟན་རིག་གནས་ཟེར་ན་ཆ་རྒྱུས་ཆེར་མེད་པས། ཁ་ཚོན་བཅད་ནས་འདི་འདྲ་རེད་ཟེར་ཁག་པོ་འདུག འོན་ཀྱང་རྒྱུན་ལྡན་གྱི་མཐོང་ཐོས་སུ་གྱུར་བའི་ཆོས་
ལུགས་ཀྱི་ཆོ་ག་སྒྲུབ་ཚུལ་རེ་འགའ། དཔེར་ན་ལྷ་བསང་གཏོང་བ། ལབ་ཙེ་སྟོད་པ་སོགས་ལ་བུད་མེད་ཀྱི་རིགས་གཏན་ནས་ཞུགས་མི་ཆོག་པའི་ཚུལ་འདི་ལྟ་བུར་གཞིགས་ན་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནའང་ཕོ་མཆོག་མོ་དམན་གྱི་ལྟ་བ་འདྲ་ཡོད་ཚོད་རེད་སྙམ་བྱུང༌།
ཁྱེད་ཀྱིས་བལྟས་ན་ཕོ་མོ་འདྲ་མཉམ་བྱུང་དགོས་ན་ཐོག་མའི་རྨང་གང་ནས་བཙུགས་ན་འགྲིག་ས་རེད།
འདྲ་མཉམ་གྱི་སློབ་གསོའི་རྨང་གཞིའི་སྟེང་ལ་བུད་མེད་རང་ཅག་ལ་ཐོབ་ཐང་བརྩོན་ལེན་གྱི་བརྩོན་པ་དགོས།
ཁྱེད་ཀྱིས་བལྟས་ན་བུད་མེད་མང་དག་ཅིག་ལ་རང་རྟོན་གྱི་འདུ་ཤེས་མེད་པའི་གནད་ཀྱི་རྩ་བ་གང་ལ་ཐུག་འདུག
“གཡག་བཞོན་སྐྱ་མིར་འགྲོག་ན་རྗེས་མི་ཆོད།
རྒན་མོས་སྡེ་དོན་བཤད་ན་དོན་མི་འགྲུབ །”
” ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས གཏམ་ཨ་ཕས་གཏོང་རྒྱུ་ཨ་མས “འུ་ཚོས་དམངས་ཁྲོད་ནས་རྒྱུན་ཏུ་གཏམ་དཔེ་འདི་འདྲ་མང་མང་གོ་རྒྱུ་རིག་རྒྱུ་ཡོད་ཀི བུད་མེད་མང་ཆེ་ཤོས་ལ་རང་རྟོན་གྱི་འདུ་ཤེས་ཆེར་མེད་པའང་འདི་ལྟ་བུའི་ཁོར་ཡུག་གི་བག་ཆགས་ཀྱིས་ལན་ནམ་སྙམ།
ཁྱེད་ཀྱིས་བརྩེ་དུང་ལ་རྣམ་འགྱུར་ག་འདྲ་འཛིན་གྱི་ཡོད། ཁྱེད་རང་ཆེས་དགའ་བའི་སྐྱེས་པའི་རིགས་གང་ཡིན།
བརྩེ་དུང་ཟེར་བའང་རང་དབང་གི་རྨང་གཞིའི་སྟེང་ན་ཡོད་པས་ཕ་རོལ་བོ་སྒེར་གཅོད་དང་བདག་འཛིན་ཆེན་པོའི་རང་བཞིན་ཅན་ལ་དགའ་པོ་མེད། བཤད་ཕོད་པ་བསྒྲུབ་ཕོད་པ། སྒེར་གཤིས་ཅན་གྱི་སྐྱེས་པའི་རིགས་ལ་དགའ་པོ་ཡོད།
ཁྱེད་རང་བོད་ཀྱི་དྲ་ཐོག་རིག་གནས་ལ་འཇུག་པའི་བུ་མོ་ཐོག་མའི་གྲས་ཡིན་པའི་ངོས་ནས་ད་ལྟའི་བོད་ཀྱི་པོད་ཁུག་རིག་གནས་སོགས་ལ་རྣམ་འགྱུར་ག་འདྲ་ཞིག་འཛིན་གི་ཡོད།
རང་ཉིད་བུད་མེད་རྩོམ་དགའ་ཞིག་གི་ངོས་ཐད་ནས་པོད་ཁུག་ནི་རང་གི་ནང་མི་སྤུན་ཟླ་ཚོར་བསམ་བློ་བརྗེ་རེས་བྱེད་སའི་གཤིན་ས་ལྟ་བུར་ངོས་བཟུང་ཡོད། འོན་ཀྱང་འུ་ཚོའི་པོད་ཁུག་ན་ཧ་ཅང་བློར་མི་འབབ་སའམ་མིག་ལ་མི་མཛེས་པ་ཞིག་ཡོད་པ་ནི། དྲ་མིང་རྫུན་མའི་གདོང་འབག་གྱོན་ཞིང་སྒེར་གྱི་ཤ་འཁོན་སྙིང་ལ་ཁྱེར་བའི་མི་རེ་འགས་གཞན་ལ་མཚང་འདྲུ་བ། ངན་སྨོད་བྱེད་པ་སོགས་ཐ་ཤལ་གྱི་སྤྱོད་ཚུལ་སྣ་ཚོགས་མངོན་ཀྱིན་པ་དེ་རེད། འདིའི་རིགས་ཀྱིས་གསར་ཞུགས་ཟིན་བྲིས་བ་ཚོའི་སེམས་ཤུགས་ལ་གནོད་སྐྱེལ་གྱིན་འདུག ལྷག་པར་དུ་མ་གཞི་ནས་གྲངས་ཀ་ཉུང་བའི་བུད་མེད་རྩོམ་མཁན་དག་གི་དཔའ་སྙིང་ལ་བར་ཆད་བཟོ་གིན་འདུག་སྙམ།
དུས་ཚོད་ཀྱི་དབང་གིས་བཅར་འདྲི་མཚམས་འཇོག་པ་དང་ཆབས་གཅིག་ཁྱེད་ཀྱི་བྱ་བ་ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བར་སྨོན་པ་བཏང་བ་ཡིན།
ཡ་ཡ། ཐུགས་རྗེ་ཆེ།
ཨ། བུ་མོ་ངོ་ཡག་ལས་ངན་མ། ཁྱོད་ཀྱང་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ཅི་ཡིན་མི་ཤེས་མཁན་ཚོའི་གྲས་ནས་རེད་འདུག ལྷ་བསང་གཏོང་བ་དང་། ལབ་ཙེ་སྟོད་པ་སོགས་དེང་སང་མཐོང་ཆོས་སུ་གྱུར་པའི་ཆོས་ལུགས་ཡིན་ཟེར་བའི་ཆོ་ག་མང་པོ་ཞིག་སངས་རྒྱས་ཀྱི་གསུང་ཡིན་ནི་མ་རེད་ལ། སངས་རྒྱས་ཀྱི་ཆོས་ཀྱང་མ་རེད། ཐ་ན་སངས་རྒྱས་རང་ཉིད་ཀྱིས་གཟིགས་ཀྱང་འདི་ངའི་བསྟན་པ་མ་རེད་ལ། ང་ཡང་འདི་སྟོན་པ་པོ་མིན་ཞེས་གསལ་བཤད་གནང་སྲིད་ཀྱི་རེད་ལ། སྟོན་པ་ཁོང་ཡང་ཧང་སང་སྲིད་ཀྱི་རེད། ཡིན་ན་ཡང་སྐྱེ་དགུའི་བདག་མོས་རབ་བྱུང་སྒྲུབ་པའི་སྐོར་སོགས་དང་། འདུལ་ལུང་འགའ་ཞིག་དང་། སྤྱོད་འཇུག་སོགས་ཀྱི་ནང་ན་བུད་མེད་ལ་དམིགས་བསལ་གྱིས་གཤེ་གཤེ་བཏང་ཡོད་ས་མང་ནི་རེད། དེ་ཚོ་ཁྱེད་རང་གི་མཐོང་ན་ཁོང་ཁྲོས་རིལ་རིལ་ཆགས་འགྲོ་གི་རེད། དེ་བས་དག་སྣང་སྒོམ་ལ་ཐལ་མོ་རེ་སྦྱར་ནས་སྡོད་དང་། བུད་མེད་ཡ་རབ་མ་ཞིག་གི་མིང་ལོན་ནི་རེད་ཡ། ངོ་ཡག་པོ་དེ་འཕྲོ་བརླག་ལ་མ་གཏོང་། སྔོན་ཐོན་བྱེད་པ་ལས་ཁ་ལས་དགེ་ན་བཟང་ནི་རེད། གཅེས་ལོ་མ།
མདང་དགོང་ངས་ཨ་མདོའི་བུ་མོ་ཞིག་ལ་འྑྲིས་པ་སྤྱོད་དུས་མོ་དབྱིན་ལུགས་ཤེས་གྱི་ཡོད་པས་ཅེས་དང་པོ་དྲིས་གི་འདུག་་ངས་བོད་བོད་ལུགས་མ་རྟོགས་དབྱིན་ལུགས་ཤེས་མེད་
ཁྱོད་ཀྱི་ཨ་མདོའི་བུ་མོ་ཞིག་ལ་འཁྲིས་པ་སྤྱོད་དུས་དབྱིན་ལུགས་མི་ཤེས་ཅེས་ཟེར་དགོས་དོན་མེད་ ཁ་དང་རྐུག་གཉིས་གང་རུང་ནང་སྤྱོད་ན་དེ་ནི་དབྱིན་ལུགས་རེད་་་་་་བོད་པས་བུ་མང་པོ་ཞིག་དེར་དགའ་པོ་བཟོ་གོ་ཡོད་པ་འདྲ་
བུ་མོ་མེ་ཏོག་སྐྱིད། ཁྱེད་ཀྱིས་གཏམ་དྲང་མོ་ཞིག་བཤད་འདུག ང་ཧ་ཅང་དགའ་བོ་བྱུང་། བོད་རིགས་བུད་མེད་རྣམས་དུས་ནམ་ཡང་ཕོ་མོ་འདྲ་མཉམ་གྱི་གར་སྟེགས་གཅིག་ཏུ་ཐོན་པར་སྙིང་ནས་རེ་བ་ཆེ། ད་དུང་བུད་མེད་རྣམས་ཀྱི་ཐོབ་ཐང་རྩོད་སྐབས་འདྲ་མཉམ་གྱི་ཐོབ་ཐང་དེ་ཉིད་སྐྱེས་པ་གཅིག་བུའི་ངོས་ནས་ཡོང་རྒྱུ་ཞིག་མིན་པར། ད་དུང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མང་དག་ཅིག་དང་། བྱེ་བྲག་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ལ་དགག་རྒྱག་བྱེད་ཐུབ་དགོས། དེ་ལྟར་འབད་བརྩོན་བྱེད་ཐུབ་ན་གཞི་ནས་གངས་རིའི་ལྗོངས་སུ་ཕོ་མོ་འདྲ་མཉམ་གྱི་དུས་སྐབས་ཤིག་ཤར་ཐུབ་པར་འདོད།
འདི་ལྟར་དྲང་ཚིགས་དང་། བབ་ཆགས་གཏན་བརླིང་གི་ཚིག་ཉུང་དོན་འདུས་རེ་བཤད་ཕོད་མཁན་ཁ་བ་ལྷ་མོ་ལྟ་བུའི་ན་གཞོན་བུད་མེད་ཅིག་དྲ་ཐོག་ལ་ཕེབས་པ་དགའ་བསུ་ཞུ་འོས་པ་རེད། དབུགས་ལྒང་འདྲ་བ་འགའ་རེས་ལམ་སེང་ཚིག་ཉོག་གི་གད་སྙིགས་གང་བྱུང་དུ་འཕེན་པ་ཚོས་བག་ཡོད་ཅིག་བྱས་ན་མི་ལེགས་སམ།
འོ་ཡ། མདོ་ལྷ་ཁམས་པ། དེས་ན་དབུགས་ལྒང་འདྲ་བ་ཚོས་བག་ཡོད་བྱེད་རྒྱུ་བྱེད། བུ་མོ་ཅིག་གི་དྲི་མ་སྣུམ་ས་རག་ན་ཉིན་དཀར་དང་མཚན་མོ་གཉིས་གཅིག་རེད་ཟེར་རུང་། ཡ་ཡ་དང་ཡིན་ཡིན། ལགས་ལགས་ལོ་ལོ་ཟེར་མཁན་གྱི་མོ་དགའ་འཛུམ་རིལ་ཚོ་དེ་འདྲ་ཡིན་ནི་རེད། ཉི་དགའ་མེ་ཏོག་དང་འདྲ་བ་ཁྱོད་གྱིས་སྲབ་མཐུར་གློད་རྒྱུ་བྱོས།
རིག་རིག་བདེན་པ་བཟུང་ན། ཉིན་ཞིག་རང་གི་མི་གསོད་ལུགས་ཤིག་ཀྱང་བདེན་པར་མི་འཛིན་པའི་ངེས་པ་མེད། དེའི་ཕྱིར་དེང་སང་ཉེན་ཁ་ཆེ་ཤོས་དེ་ནི་བོད་ཕྱི་ནང་གཉིས་སུ་དཀྲོགས་གཏམ་ལ་དགའ་བའི་སྐྱེ་ཕོ་མོ་མི་ཉུང་བ་ཞིག་འཚར་ལོངས་བྱུང་བཞིན་ཡོད་པ་ལས། རྒྱུ་མཚན་བཙལ་ནས་རྙེད་པ། གནས་ལུགས་མྱོང་ནས་རྟོགས་མཁན་ཆེས་ཉུང་བ་འདི་ནི་དངོས་ནས་སེམས་པ་སྐྱོ་བའི་གཞི་ཞིག་ཆགས་ཡོད་པ་དེ་རེད།
ཨ་ཙི། ཨཙི། ཆག་སྒོ། ཆག་སྒོ། གོ་ནོར་ཟེར་བ་འདི་གང་ནས་ཡོང་བ་ཡང་མི་ཤེས་གི། ཁ་སངས་ན་གོ་བདེ། ལང་སངས་ན་འགྲོ་བདེ་ཟེར་བའི་དཔེ་དེར་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ཡང་ཡིད་ལ་དྲན་བཅུག་སོང་།
གོ་རྒྱུ་མཆན་གཉིས་པས་མ་གོ་བར། མི་གོ་རྒྱུ་མཆན་དང་པོས་གོ་འདུག
མ་གཞི་ནས་བཞིན་བཟང་བློ་ལྡན་མ་འདིས་ཉིན་མཚན་ལྟ་བུའི་འགལ་འདུ་ཡོད་པ་ཞིག་གང་ན་ཡང་ངག་ནས་ཐོན་མི་འདུག
མོ་ཞིག་དང་འབྲེལ་བའི་ལས་དོན་ཞིག་གླེང་དུས་། མི་ཁ་ཤེས་ཞིག་གི་སེམས་ངོར་དེ་མ་ཐགས་འདོད་ཆགས་འཁྲུགས་སྦྱོར་གྱི་བསམ་པ་དེ་དང་པོར་འཁོར་ཡོང་བ་འདི་ཅི་ཞིག་ཡིན་ན་། ངའི་བསམ་ན་དེ་དག་ཀླད་སྐྱོན་ཚབས་ཆེན་ཞིག་འདུག་།
མོས་བཤད་པ་ལ་རྒྱུ་མཚན་ངེས་ཅན་འདུག་མོད་ འོན་ཀྱང་ལྷ་བསང་གཏོང་བ་དང་ལབ་རྩེ་སྟོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་ཚུལ་མ་རེད་ལ་སངས་རྒྱས་ཆོས་ལུགས་ལ་འབྲེལ་ཡོད་པ་ཞིག་ཀྱང་མ་རེད་ སངས་རྒྱས་ཆོས་ལུགས་ཀྱི་བལྟ་གྲུབ་ནང་དུ་ལྷ་གསོལ་ཀླུ་གསོལ་གྱི་ཚིག་གཅིག་མཐོང་རྒྱུ་མེད་པས་ ཁ་བ་ལྷ་མོས་དེ་ལུགས་སེམས་ལ་འཛིན་པར་བྱ་ སྤྱིར་བུད་མེད་དང་ནང་སྒོས་སུ་བོད་པའི་བུད་མེད་ཚོར་ཐོབ་ཐང་མི་འདུག་ཅེས་པ་འདི་རང་ཨེ་ཡིན་ བུད་མེད་གནམ་གྱི་ཕྱེད་ཀ་རེད་ཅེས་དགེ་འདུན་ཆོས་འཕེལ་གྱིས་བུད་མེད་ལ་དེ་འདྲའི་གདེང་འཇོག་དང་བརྩི་མཐོང་སྤྲད་པ་རེད་ གནམ་གྱི་ཕྱེད་ཀ་ཡིན་ན་ དེའི་ཚོད་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་པ་མི་མཚོན་ནམ་ དེ་ལུགས་མཁས་པ་རྣམས་ཀྱིས་དཔྱད་པར་བྱ།
ཨོ་ གོང་དུ་བཅར་འདྲི་བྱེད་མཁན་དེ་ལ་ཐུགས་རྗེ་ཞུ་། ད་ལྟའི་བོད་དོན་ཉག་ཕྲ་བའི་སྐབས་འདིར་། ང་ཚོ་ཕྱི་ནང་གཉིས་ཀྱི་བསམ་བློ་ཕན་ཚུན་རྒྱུས་ལོན་ཐོགས་། ལྟ་བ་གཅིག་གི་སྟེང་འཛུབ་མོ་ལྔ་བཅངས་ཁུ་ཚུར་དང་། མདུང་ཡུ་གཅིག་མ་མཆིལ་མ་འདེབ་རྒྱུ་ནི་ང་ཚོའི་རྒྱལ་ཁའི་རྩ་བ་ཡིན་པར་བསམ་།
འདི་ལྟར་བུད་མེད་ལ་སྐྱེས་པས་ཆེ་མཐོང་སྤྲོད་དགོས་ལ་བུད་མེད་ཀྱིས་བུད་མེད་རང་ཉིད་ལ་ཡང་ཆེ་མཐོང་དསྤྲོད་དགོས།
ང་ཚོའི་བུད་མེད་ཚོ་མགོ་བོ་གཟེངས་སུ་འདེགས་དགོས་པར་གནོན་ཤུགས་ཀྱི་ཐོ་བ་དང་། སྲོལ་རྒྱུན་གྱི་ཕོ་མཆོག་མོ་དམན་ལྟ་གྲུབ་དེ་དག་རིང་དུ་དོར་དགོས་པ་མ་ཡིན་ནམ།།
ད་དུང་དྲ་གྲོགས་ཚོས་དྲ་ངོས་འདིར་ཁྱོད་ཀྱི་ཁ་དང་ངའི་སྣ་ཞེས་མ་རྩོད་པར་བདེན་དོན་དང་གནས་ལུགས་ལྡན་པའི་གཏམ་གླེང་རེ་གནང་ན་བོད་མི་རིགས་སྤྱི་ལ་ཕན་ཐོགས་ཡོང་ངེས་རེད་སྙམ།།
བུ་མོ་ཁ་བ་ལྷ་མོ་དང་། སྐྱེས་སར་ཀླུ་སྒྲུབ་ལགས་གཉིས་ཀྱིས་ནང་ཆོས་ལ་སློབ་སྦྱོང་གནང་མ་མྱོང་བས་ལན་འདུག ནང་ཆོས་སུ་ཕོ་མཆོག་མོ་དམན་གྱི་ལྟ་གྲུབ་མེད་པ་མ་ཟད། ཕོ་ལས་མོ་མཆོག་གི་འདུ་ཤེས་གསལ་བོར་ཡོད། དཔེར་ན་དང་པོ་སོ་སོར་ཐར་བའམ་འདུལ་བའི་སྐབས་ཕོ་མོ་གཉིས་ཀར་སྨོད་པའི་ཚིག་ཡོད་ཅིང་། དེ་ནི་ཕྱོགས་གཉིས་ཀའི་སྡོམ་པའི་མི་མཐུན་ཕྱོགས་ཡིན་པས་རྐྱེན་གྱིས་རེད་མ་གཏོགས་ཕོ་མཆོག་མོ་དམན་གྱི་འདུ་ཤེས་མ་རེད། དེ་ནས་ཤེར་ཕྱིན་ཐེག་པའི་སྐབས་སུ་སེམས་ཅན་ཐམས་ལ་ཀུན་ཁྱབ་ཀྱི་འདུ་ཤེས་འཛིན་དགོས་པ་མ་ཟད། མ་སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་ཐོག་མར་མ་རྒན་ཞེས་བུད་མེད་ཀྱི་ཕྱོགས་གཙོ་བོ་བྱས་ནས་བརྗོད་ཀྱི་ཡོད་པ་ལས། ཕ་རྒན་གཙོ་བོ་བྱས་མེད། ཁྱད་པར་ཐེག་པའི་ཡང་རྩེ་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ། སྐྱེས་པས་བུད་མེད་ལ་སྨོད་ན་རྩ་ལྟུང་འབྱུང་གི་ཡོད་ལ། བུད་མེད་ཀྱིས་སྐྱེས་པར་སྨོད་ན་སྐྱོན་མེད་པས་ཕོ་ལས་མོ་མཆོག་གི་ལྟ་གྲུབ་གསལ་བོར་བསྟན་ཡོད། མཁྱེན་སོང་ངམ།
བསང་གསོལ་དང་ལབ་ཙེ་འཛུགས་སྐབས་བུད་མེད་མི་འགྲོ་བ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་བོན་ལུགས་ཀྱི་ལུགས་སྲོལ་དང་བོད་ཀྱི་སྲོལ་རྒྱུན་ཙམ་ལས་ནང་ཆོས་ཀྱི་ལྟ་གྲུབ་མ་ཡིན་པ་ངེས་པར་དུ་མཁྱེན་དགོས།
བསྟན་འཛིན་བློ་གསལ་བདེན་པ་རེད་འདུག འོན་ཀྱང་སྐྱེས་སར་ཀླུ་སྒྲུབ་ཀྱིས་ནང་ཆོས་ཡག་པོ་ཤེས་ནི་རེད། ངེས་གཉིས་ངོ་ཤེས་ཡིན། སྐུ་སྒྲུབ་ཟེར་བ་འདི་ལ་ངོ་མས་ཤེས་རབ་དཔེ་མ་སྲིད་པའི་ཡག་པོ་ཡོད། འདི་ལོར་ཁོས་བྲིས་པའི་གནས་ཡིག་དེབ་ཆུང་དེ་ཡང་ཧོར་འཇིགས་ཀྱིས་ལོ་དགུ་ལ་ཕྱོགས་བཏུས་བྱས་པའི་དཀྲུགས་དེབ་རོ་ཆེ་མ་དེ་ཚོ་ལས་རིན་ཐང་ཆེ་བ་འདུག ཨོ་ཨོ། ངའི་ཁ་འདི།
ལྷ་གསོལ་ཀླུ་མཆོད་འདི་ནི་ནང་ཆོས་ཀྱི་སྙིང་དོན་མིན་ལ་དེར་བུད་མེད་འགྲོ་མི་ཆོག་པའི་བཀའ་བརྒྱ་འདིའང་ནང་ཆོས་དང་འབྲེལ་བ་མེད། ནང་ཆོས་ལས་སེམས་ཅན་ཐམས་ཅད་ལ་རིགས་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་འདྲ་མཉམ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་རང་གི་ཕ་མར་བྱས་པ་གཅིག་པ་དང་དེ་ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་སྡུགས་བསྔལ་མི་འདོད་པ་ལ་མཉམ་པ་སོགས་ཀྱི་སྒོ་ནས་ནང་ཆོས་ཀྱི་ལྟ་གྲུབ་བཤད་ན་མཉམ་ཉིད་ཀྱི་ལྟ་བ་ལས་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་མེད།
འོན་ཀྱང་ནང་ཆོས་ཉམས་ལེན་བྱེད་མཁན་བོད་པ་ལྟ་བུ་ལ་མཚོན་ན་ཕོ་མཆོག་མོ་དམན་གྱི་ལྟ་བ་ནི་དུས་ད་ལྟའི་བར་དུའང་གནས་ཡོད། ལྟ་བ་ངན་པ་འདི་དུས་རབས་ཉེར་གཅིག་པའི་ནང་ལ་མུ་མཐུད་དེ་བརྒྱུད་འཛིན་བྱས་ན་ང་ཚོ་ཡང་སྐྱར་ལེན་གཅིག་རྗེས་ལུས་ཀྱི་ཕྱོགས་སུ་འགྲོ་གི་ཡོད།
༧གོང་ས་མཆོག་གིས་བུད་མེད་ནི་སྙིང་རྗེའི་བདག་ཉིད་ཡིན་ཚུལ་སོགས་ཀྱིས་ཆེ་བསྟོད་ཡང་ནས་ཡང་དུ་གནང་གི་འདུག ངས་འདིའི་བསྐོར་ལ་བསམ་རྣོ་མང་པོ་བཏང་ཡིན། དེ་ནི་དངོས་གནས་རྒྱུན་མཚན་ལྡན་པ་ང་ཚོར་བོད་པར་དགོས་ངེས་ཤིག་རེད་འདུག
ཕྱི་རྒྱལ་ལ་མཚོན་ན་བོད་པའི་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཕལ་ཆེར་བུད་མེད་རེད་ལ། དེ་བཞིན་ད་ལྟ་ང་ཚོ་བོད་པའི་གནས་སྟངས་ཉག་ཕྲ་བའི་སྒང་འདི་ལ་རྒྱལ་སྤྱི་ནང་དུ་བོད་པར་བུད་མེད་ཀྱི་བརྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་གི་ཡོད།
དཔེར་ན་ཇར་མི་ནི་སྲིད་བློན་དང་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་རྒྱལ་སྤྱིའི་ནང་ནུས་པ་ཡོད་པའི་བུད་མེད་ཚོས་བོད་ཀྱི་བདེན་དོན་ལ་བརྒྱབ་སྐྱོར་ཤུགས་ཆེར་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ཚོར་ལྟ་དུས་ང་ཚོས་ངེས་པར་དུ་ཕོ་མཆོག་མོ་དམན་གྱི་ལྟ་བ་དོར་ནས་བུད་མེད་ཀྱི་ནུས་པ་གོང་མཐོར་སྤེལ་བ་ལ་འབད་བརྩོན་བྱེད་དགོས་པར་འདོད།
“ལྷ་བསང་གཏོང་བ་དང་ལབ་རྩེ་སྟོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་ཚུལ་མ་རེད་ལ་སངས་རྒྱས་ཆོས་ལུགས་ལ་འབྲེལ་ཡོད་པ་ཞིག་ཀྱང་མ་རེད། ”
བསང་ཞེས་པ་འདིར་ཆོས་ལུགས་པའི་ངོས་ནས་གོ་དོན་མི་འདྲ་བ་ཁ་ཤས་ཤིག་ཡོད།
དང་པོ། ས་གནས་མང་ཚོགས་ཀྱི་བྱ་བྱེད་སོགས་ཀྱི་རྐྱེན་གྱིས་ཡུལ་ལྷ་གཞི་བདག་གི་ཚོགས་ལ་མནོལ་གྲིབ་ཕོག་པས་གཞི་བདག་ལ་ན་ཚ་འདྲ་མིན་བྱུང་བ་དང་། དེའི་རྐྱེན་གྱིས་གཞི་བདག་གི་ནད་དུག་ཅན་གྱི་ཁ་རླངས་ས་གནས་མི་ཟོག་ལ་ཕོག་ནས་ན་ཚ་འདྲ་མིན་ལྡང་བ་དང་། སྐྱེ་བོ་ནུས་པ་དང་ལྡན་པ་དག་གིས་མདོ་ལས་གསུངས་པའི་འཕགས་པ་སེང་གེའི་སྒྲ་དང་རྣམ་འཇོམ་གྱི་ཆོ་ག དེ་བཞིན་ལྷ་ཆབ་སྔོན་མོའི་མནོལ་བསང་དང་གྲུབ་ཐོབ་ཀྱི་ཞལ་ལས་བརྒྱུད་པའི་སྡེ་བརྒྱད་གསེར་སྐྱེམས་སོགས་ཀྱིས་རི་ཁྲུས་ཡུལ་ཁྲུས་བྱས་ནས་གཞི་བདག་གི་མནོལ་གྲིབ་བསངས་ཏེ་ས་གནས་མི་ཕྱུག་གི་ན་ཚ་འགོག་པའི་བྱེད་སྟངས་ཤིག་ཡིན་ཞིང་། ཆོ་ག་འདི་རིགས་ནི་བོད་པའི་ཆོས་སྒྲུབ་མཁན་དག་གི་ཁྲོད་ན་གནའ་ནས་ད་བར་གྲགས་པ་འབར་བའི་བྱ་ཉུང་དོན་ཉུང་གི་ཆོས་པ་རྣམ་དག་མི་ལ་རས་པས་ཀྱང་ཚེ་རིང་མཆེད་ལྔའི་གཙོ་མོར་ཞབས་རིམ་བསྒྲུབས་པའི་ལོ་རྒྱུས་ལ་བལྟས་ན་དོགས་པ་རང་སར་འགྲོ་བ་དང་།
གཉིས་པ་ནི། ངོ་བོ་བསང་དུད་ཡིན་པ་ལ་རྣམ་པ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པའི་དངོས་པོར་དམིགས་ཏེ་མཆོག་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་མཉེས་པར་བྱེད་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གོང་དུ་འཕེལ་བར་བྱེད་པའི་ཆ་རྐྱེན་དམ་པ་ཞིག་ཡིན་པས། བསང་འདི་ལ་བརྟེན་ནས་རང་གཞན་དོན་གཉིས་སྒྲུབ་ལུགས་ཁྱད་དུ་འཕགས་པ་ཞིག་ཡོད་པ་ཤེས་ཐུབ། ལ་རྩེ་བསྟོད་པ་འདི་ཡང་གོང་བཞིན་ས་གནས་ཀྱི་དཀར་ཕྱོགས་ལ་དགའ་བའི་ཡུལ་ལྷ་གཞི་བདག་གི་ཚོགས་ཀྱི་ངོ་སོ་བསྟོད་པའི་ཆེད་དུ་དམིགས་པ་གཅིག་དང་། གང་ཟག་སྒེར་བ་དག་གི་ཚེ་འདིའི་ནད་མུག་འཁྲུག་རྩོད་ཞི་བ་དང་སྐྱེ་བ་ཀུན་ཏུ་དམ་པའི་ཆོས་ཀྱི་ཉམས་ལེན་གནད་དུ་འགྲོ་བའི་ཆེད་ཆོས་སྐྱོང་སྲུང་མའི་རིགས་ལ་མཆོད་བསྟོད་བཀུར་གསུམ་སོགས་བྱེད་པའི་ཐབས་ལམ་དམ་པ་ཞིག་ཡིན་པས། ལ་རྩེའི་དར་ལྕོགས་ཀྱི་ཁྲོད་དུ་བཙུགས་པའི་སངས་རྒྱས་བྱང་སེམས་དེ་དག་གི་སྨོན་ལམ་ལ་བརྟེན་ནས་ལ་རྩེའི་རླུང་ཕྱོགས་ཀྱི་སེམས་ཅན་དང་ལ་རྩེའི་གྲིབ་མ་ཙམ་ཕོག་པའི་སྲོག་ཆགས་ཕྲ་རགས་ཀུན་གྱི་རྒྱུད་ལ་ཐར་པའི་ས་བོན་ཁྱད་པར་ཅན་བསྐྲུན་ཐུབ་པའི་དགོས་པ་ཆེན་པོ་ཡོད་པས། ནང་པའི་ཆོས་ལུགས་ལ་བསང་དང་ལ་རྩེ་བསྟོད་པ་མི་རུང་བ་དང་མི་མཛའ་བར་འདོད་པ་ནི་རང་ཉིད་ནང་པའི་ཆོས་ལ་རྒྱུས་ཆུང་བའི་གཏམ་ཙམ་དུ་ཟད་དོ།།གོང་ས་མཆོག་གིས་ཡུལ་ལྷ་གཞི་བདག་གི་སྐོར་འདི་གསུངས་པའི་གསུང་དེ་དག་ནི་གལ་ཆེ་ཆུང་གི་ཐད་ནས་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་པ་སྟེ། རྡ་སའི་གནས་ཆུང་གྲྭ་ཚང་དང་གནས་ཆུང་ཆོས་སྐྱོང་ཡང་རྒྱུད་སྡེའི་སྒྲུབ་མཆོད་ཀྱི་ཕྱག་བཞེས་ཡོད་པའི་རྣམ་རྒྱལ་གྲྭ་ཚང་དང་བསྡུར་ན་དེ་ཙམ་གལ་ཆེན་མ་ཡིན་ཡང་། གནས་ཆུང་གྲྭ་ཚང་རང་ཉིད་ལ་ཡང་རང་ཉིད་ཀྱི་ནུས་པ་དང་ཐུན་མོང་མིན་པའི་ཁྱད་ཆོས་ཡོད་པ་བཞིན་ནོ།།
ཡིག་ནོར་
དར་ལྕོགས་ཀྱི་ཁྲོད་དུ་བཙུགས་པའི་
དར་ལྕོག་གི་ངོས་སུ་བྲིས་པའི་
དེ་བཞིན་བསང་དང་་གསུར་གྱི་རིགས་འདི་མཆོད་སྦྱིན་གཉིས་ཀར་འགྲོ་བ་སྟེ། མཆོད་པའི་དངོས་པོར་འགྲོ་བ་ནི་གོང་དུ་བྲིས་ཟིན་ཅིང་། ཡི་དྭགས་དང་བར་དོའི་སེམས་ཅན་སོགས་ལ་སྦྱིན་པར་འགྲོ་བ་ནི་དགེ་ལུགས་པའི་ལོ་རྒྱུས་སྟེང་རྗེ་ཙོང་ཁ་བ་ཆེན་པོའི་སྤྲུལ་བར་ཡོངས་སུ་གྲགས་པའི་པཎ་ཆེན་བློ་བཟང་ཆོས་རྒྱན་ལྟ་བུའི་སྐྱེས་ཆེན་དམ་པ་དེས་ཀྱང་གསུར་བསྔོའི་སྨོན་ལམ་གསུངས་ཡོད་པ་ལ་བལྟས་ན། ཁོང་གིས་མཛད་པའི་བླ་མ་མཆོད་པ་ལས། འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར་བ་དང་། །ཞེས་པའི་གོ་དོན་ཡང་ཞར་ལ་རྙེད་པར་འགྱུར་རོ།།
འ་འ་འ། དེ་རིང་ཨ་ལགས་ཚང་ལ་ཞེ་གི་ནང་ཆོས་ཀྱི་ལྷ་བབས་དང་ཟིག ངོ་ནས་དགའ་ནི་ཟིག་རེད། དེང་སང་ཁ་ཤས་ཀྱིས་ཟབ་མོ་ཅིག་རྟོག་མདོག་བསྟན་ནས་སྟོང་པ་ཉིད་དང་། རང་བཞིན་གནས་རིགས་སོགས་མ་གཏོགས། གསང་གཏོང་པ། ཀླུ་གཏོར་གཏོང་བ། ཚ་བསུར་གཏོང་བ། གཏོ་བྱས་རིགས། ཆར་འབེབས་བྱེད་པ། ལྷ་འབེབས་བྱེད་པ་སོགས་ནང་ཆོས་མིན་པར་བརྗོད་པ་ནི་འཐད་རྒྱུ་ཞིག་མི་འདུག མདོར་ན་འདི་ཚོས་ནང་ཆོས་ལ་དག་འབུད་བྱེད་ཀྱི་ཡོད་པའི་ཁུངས་རེད་དེ། དེས་ནང་ཆོས་ལ་དག་འབུད་བྱེད་ག་ལ་ཐུབ། གོང་གི་འདི་དག་ཚང་མ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ནང་དུ་ཁ་ཡོད་ལག་ཡོད་ཀྱི་ཕན་བདེ་སྒྲུབ་པའི་ཆོ་ཀ་འབའ་ཞིག་ཡིན་པས། ཁོང་ཚོ་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ན་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་བྱེད་གང་ཡང་མི་འདུག་ཀ། ཅེས་རྒོལ་ན། ཁོང་ཚོས་སྟོང་པ་ཉིད་ཡིན་ཟེར་སྲིད། ཡང་ན་སྙིང་རྗེ་རེད་ཟེར་སྲིད། འོན་ཀྱང་དྲི་བ་ཅིག་ཡོད་པ་ནི་དཔེར་ན། དེང་སང་རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ན། ཆང་ས་རྒྱགས་སྐབས། ཁྲིམས་ཁང་ནས་ཆོག་མཆན་མ་ཞུས་སྔོན་ལ་རང་ཉིད་ཀྱི་ཆོས་ལུགས་གང་ཡིན་པ་དེའི་ཆོས་ལུགས་པ་ཅིག་གི་མདུན་ནས་ཆང་ས་རྒྱབ་པའི་ས་རྟགས་དགོས་པ་རེད། དེས་ན་ཆོས་ལུགས་དེའི་ཆང་སའི་ཆོ་ཀ་སྔོན་དུ་འགྲོ་དགོས་པ་རེད། སྟོང་པ་ཉིད་དང་སྙིང་རྗེ་ཟེར་ནས་འགྲིག་གི་མི་འདུག འགྲོ་བ་མིའི་སྤྱོད་པ་དང་མཐུད་པའི་ཆོ་ཀ་ཆོས་ལུགས་ཅིག་དགོས་པ་རེད། དེ་བཞིན་དུ་བསང་བསུར་གཏོང་བ་སོགས་ཀྱང་གཅིག་པ་རེད། དེ་སངས་རྒྱས་པའི་ཆོས་ལུགས་རེད། གོང་དུ་ཅོལ་ཆུང་ཁ་ཤས་ཀྱིས་བུ་མེད་ཅིག་གི་གདོང་ལ་ལྟོས་ནས་ནང་པ་སངས་རྒྱས་པའི་རིན་ཐང་བྲལ་བའི་ཆོས་ལུགས་ཆོ་ག་མང་པོ་ཅིག་ནག་སུབ་གཏོང་གི་ཡོད་ནོ་འདི་ཚོར་བལྟས་ཡོང་ན། ཆགས་ཅན་འདི་ཚོ་ཇི་མ་འགྲིག་པ་ཡིན་ནམ་བསམ་ནས་སེམས་པ་ཡང་སྐྱོ།
ངས་བསམ་པ་ལ་ལྷ་བསངས་རྣམ་དག སྡེ་བརྒྱད་གསེར་སྐྱེམས། གནས་ཆུང་འཕྲིན་སྐུལ། བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ། ༧ གོང་ས་མཆོག་གི་མཛད་པའི་བདེན་གསོལ་སྨོན་ཚིག འདི་དག་ཚང་མ་ནང་པ་སངས་རྒྱས་པའི་ཆོས་རེད་ཟེར་ཀྱི་ཡོད།
ངས་ཆོས་ལུགས་ཅུང་ཟད་སྦྱང་མྱོང་། ཆོས་ལུགས་ཀྱི་ཆོ་ག་ཡང་མང་པོ་ནང་དུ་ཞུགས་མྱོང་། བུད་མེད་ཞུགས་མ་ཆོག་པ་དེ་འདྲ་ཅིག་དགེ་སློང་གི་གསོ་སྦྱོང་མ་གཏོགས་མཐོང་མ་མྱོང་། དགེ་སློང་གི་གསོ་སྦྱོང་ལ་བུད་མེད་ཕར་བཞག་དགེ་ཚུལ་རྣམས་ཀྱང་ཞུགས་མི་ཆོག་པའི་ཕྱག་ལེན་འདུག དེ་མི་བསང་གཏོང་ས་དང་། ལབ་ཙེ་གཏོད་ས་ལ་བུད་མེད་ཞུགས་མི་ཆོག་པ་དེ་འདྲའི་ཕྱག་ལེན་ཅིག་ད་ལྟའི་བར་དུ་མཐོང་མ་མྱོང་། གཅིག་བྱས་ན་གོང་གི་བུད་མེད་དེས་བཤད་པ་ནི་ངོ་ནས་ཡིན་མི་གང་ཤེས། གལ་ཏེ་མོ་རང་གིས་དེ་འདྲ་ཅིག་མཐོང་ཡོད་ན་དེ་ནི་ལུང་ཁུག་བྱེ་བྲག་པ་ཅིག་གི་ལག་ལེན་ཐོ་རེ་བ་ཅིག་ཡིན་རྒྱུ་རེད། དེས་ཆོས་ལུགས་ལ་ནག་འགེབ་བྱེད་མི་ཐུབ།
དགའ་པོ་ཞེ་དྲག་བྱུང་སོང་ཨ། མོ་ལུས་ལེན་དེ་འདྲ་སེ་ལེན་ཤིན་ཏུ་འོས་ཤིང་འཚམ་པ་ལ་ཨང་།
ལྟ་གྲུབ་དང་ཡོངས་གྲགས་གཉིས་སོ་སོར་དབྱེ་ནས་གསལ་བརྗོད་ཐུབ་ན་ལེགས། བཞིན་བཟང་མ་འདིས་སྤྱི་ཚོགས་ཀྱི་སྲོལ་རྒྱུན་དངོས་ཡོད་ཅིག་ཐད་ཀར་དྲང་བོར་བརྗོད་འདུག་ནའང་། ཆོས་ལ་ཕྱོགས་པ། ཕོ་ལ་ཕྱོགསཔ། གྲུབ་མཐའ་ལ་ཕྱོགས་པ་སྐོར་ཞིག་གིས་དེ་མ་ཐག་བུ་མོའི་བསམ་བློར་འཁུར་བོ་རྒྱ་ཕྲག་དུས་གཅིག་ཏུ་འགེལ་དོན་མི་འདུག
(བོད་ཀྱི་མང་གཙོ་དང་བཀའ་ཁྲིའི་འོས་འདེམས་ཀྱི་གནས་སྟངས་ལས་མ་འོིངས་བོད་ཀྱི་ལས་དབང་ལ་ཅི་ལྟར་བལྟ་རྒྱུ་ཡིན་)ཞེས་པའི་གླེང་གཞིའི་ཐོག་ཁ་པར་བརྒྱུད་བཅར་འདྲི་དྭངས་ལེན་བྱེད་མཁན་ཡོད་ཚེ་ ཁ་བརྡའི་ཐོག་ཁ་པར་ཨང་གྲངས་ཤོག་དང་ སྙན་བཟང་བོད་རྒྱལ་གྱིས་ཁྱོད་ལ་འབྲེལ་བྱ་ངེས་ཡིན་ ཡང་ཚུར་འབྲེལ་བ་བྱེད་ན་དེ་བས་ལགས་སོ་ཞུ་གི་ཡིན་ 202-266-4072
སྟབས་ཡག་ནས་བོད་ནང་ད་རུང་བུ་མོ་སྐྱེས་ན་གསོད་གི་ཡོད་པའི་གཏམ་གོ་མ་མྱོང་། རྒྱ་ནག་ལ་མཚོན་ན་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེ་ཡོད་པའི་ཐོག འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་བཙན་པོ་ཞིག་ལོ་བཅུ་ཕྲག་འགར་ལག་ལེན་བསྟར་བའི་མཇུག་འབྲས་ལྡོག་ཕྱོགས་སུ་སྨིན་དང་སྨིན་བཞིན་པ་ཞིག་ནི།
བུ་ཡི་སྐྱེས་ཚད་མངོན་སུམ་གྱིས་འཕར་བ་དང་། བུ་མོའི་སྐྱེས་ཚད་མངོན་སུམ་གྱིས་མར་ཆགས་པ་རེད། ད་ད་ལྟ་གྲོང་གསེབ་འགའ་རེའི་ནང་བུ་མོ་ཉུང་ཤས་ཤིག་ཡོད་པ་དེ་ཚོ་འཚོ་བ་རྒྱས་སྤྲོས་ཆེ་བའི་གྲོང་ཁྱེར་ནང་ཤོར་ཏེ་གྲོང་གསེབ་ཏུ་ཞིང་ལས་ནང་ལས་ཚང་མ་ཕོ་ཧྲེང་རྐྱང་རྐྱང་གིས་བྱེད་གི་ཡོད་འདུག ཞིང་བ་དང་བཟོ་བ་ཚོར་སྐྱེས་དམན་མ་རེག་པའི་དཀའ་ངལ། བཟའ་ཚོ་རེག་པ་ཚོས་ཀྱང་ཕར་ཚུར་གཉིས་ཀྱི་ཕ་མ་བཞི་ལ་ལྟ་སྐྱོང་བྱེད་དགོས་པའི་དཀའ་ངལ། རྒན་རྒོན་མང་པོ་ཞིག་ལ་ལྟ་སྐྱོང་བྱེད་མཁན་མེད་པའི་དཀའ་ངལ་སོགས་དཀའ་ངལ་འཕར་མ་མང་པོ་ཞིག་ཡོང་གི་ཡོད་པ་
དཀའ་ངལ་དེ་ཚོ་ད་རུང་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་མཁན་འདུག དེ་ནི་ད་ལྟའི་ཆར་འཕྲུལ་ཐབས་ལ་བརྟེན་ནས་མངལ་གྱི་ཕྲུ་གུ་དེ་ཕོ་མོ་གང་ཡིན་སྔ་པོ་ནས་ཤེས་ཀྱི་ཡོད་པས་ཕོ་མཆོག་མོ་དམན་གྱི་ལྟ་བ་ཟབ་པའི་ཕ་མ་གཉིས་ཀྱི་འདོད་ཐོག་ལ་ཆར་བབས་པ་མ་རེད་དམ།
ཕོ་མཆོག་མོ་དམན་གྱི་ལྟ་བ་འདི་ད་རུང་རྒྱལ་ཁབ་ཕལ་ཆེ་བ་ཞིག་གི་ནང་ཡོད་པ་རེད། ཡིན་ནའང་། ལྟ་བ་འདི་མོ་སྲོག་གཅོད་བྱེད་ཀྱི་རལ་གྲི་ལྟ་བུར་ཆགས་བསྡད་ཡོད་པ་ནི་རྒྱ་ནག་དང་རྒྱ་གར་གཉིས་རེད་འདུག
རྒྱ་གར་ལ་མཚོན་ན་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་བཙན་པོ་དེ་འདྲ་མེད་ནའང་། བུ་མོའི་སྐྱེ་འཕེལ་མར་ཆགས་དོན་ནི་བུ་མོ་ཞིག་ལ་མཚོན་ན་མནའ་མ་འགྲོ་སྐབས་ཁྱིམ་ཚང་སྒོ་ནག་ལ་མ་བཏང་ཙམ་བྱས་ནས་ཕ་མ་གཉིས་ཀྱིས་ཚེ་གང་བསགས་པའི་ཚེ་གསོག་སྣེ་ལོ་གང་བོ་རྫོང་བར་འཁྱེར་འགྲོ་དགོས་པ་དེ་ལ་ཐུག་ཡོད་འདུག
གྲོང་གསེབ་ཏུ་རྒན་རྒོན་བྱིས་པ་དང་ཁྱོ་ག་གཅིག་པོ་ལྷག་པའི་གནས་ཚུལ་འདི་ལྷོ་ཀོ་རི་ཡའི་ནང་ཡང་ཡོད་འདུག ཡིན་ན་ཡང་། དེ་ནི་ཕོ་མོའི་སྐྱེ་འཕེལ་ལ་དོ་མཉམ་མེད་པས་མིན་པར་བུ་མོ་ཕལ་ཆེ་བ་གྲོང་ཁྱེར་དུ་སྡོད་པ་ལས་གྲོང་གསེབ་ཀྱི་ཤུགས་ལས་བྱེད་འདོད་མེད་པས་རེད་འདུག
ཀོ་རི་ཡའི་ཁྱོ་ག་མང་པོ་ཞིག་གཉེན་འབྲེལ་ཚོང་སྡེ་ཆེན་པོ་དེ་འདྲར་སྒོར་མོ་སྟོང་ཕྲག་མང་པོ་སྤྲད་དེ་དེ་ཚོས་ལམ་སྟོན་ལྟར་ཧྥི་ལི་པེན་དང་ཝི་ཐི་ནམ་སོགས་ལ་ཕྱིན་ནས་བུ་མོ་མང་པོའི་ནང་ནས་རང་དགའ་བའི་སྐྱེས་དམན་འདེམས་སྒྲིག་བྱེད་གི་ཡོད་འདུག རྗེས་སུ་སྐད་དང་གོམས་སྲོལ་མ་གཅིག་པ། ཐོག་མའི་རྨི་ལམ་དང་མ་མཐུན་པ་སོགས་ལ་བརྟེན་ནས་བློ་འདོད་དང་མཐུན་པའི་གཉེན་སྒྲིག་བརྒྱ་ལམ་ཙམ་ན་རེ་འགའ་ཡིན་ཚོད་རེད།
བུ་མེད་དམན་པར་ལྟ་བ་བརྟེན་ནས་བུ་མེད་ཀྱི་སྐྱེ་ཚད་ཉུང་དུ་ཕྱིན་འདུག བུ་མེད་ཉུང་དུ་ཕྱིན་པ་ལ་བརྟེན་ནས་བུ་མེད་ཀྱི་རིན་ཐང་འཕར་བའི་དུས་ཚོད་ཅིག་གང་མགྱོགས་འཆར་གི་རེད།
ད་བོད་ནང་གི་དཀའ་ངལ་ཞིག་ནི་བུ་མོ་ཚོ་རྐུ་མར་ཤོར་གི་ཡོད་པ་དང་། མགོ་སྐོར་བསླུ་འཚོང་བྱས་ཏེ་རྒྱ་ནང་ཐུར་མནའ་མར་ཁྲིད་འགྲོ་བ་གང་འཚམས་ཤིག་ཡོང་གི་ཡོད་སྐད་ཐོས།
བོད་ནང་ལ་མཚོན་ན་བུ་མོ་ཡིན་ནའང་མི་ཞིག་གི་འདུ་ཤེས་དང་རང་རང་གི་ཤ་ལས་ཆད་པའི་དུམ་བུ་ཞིག་ཡིན་པའི་བརྩེ་བ་ཞིག་བཅངས་ནས། དབུགས་རྟ་རྔ་འདྲ་བོ་དེ་བཅད་མ་བཞག་པ་དེ་ཡང་སྡུག་པ་རྣམས་དང་བསྡུར་ན་ད་རུང་ཡག་པོ་རེད།
གོང་དུ་ཁ་བ་ལྷ་མོའི་བཤད་པ་དེ་བདེན་ཤས་ཆེ་ནའང་། བསང་དང་ལབ་ཙེ་བསྟོད་པ་སོགས་ལ་བུད་མེད་ཞུགས་མི་ཆོག་པ་དེ་ངས་བལྟས་ན་ཆོས་གཞུང་གི་དགག་བྱ་མ་ཡིན་པར་དེ་ནི་ཡུལ་སྲོལ་གོམ་གཤིས་ཤིག་རེད་སྙམ་པས་ཞིབ་དུ་བརྟགས་རྒྱུ་གལ་ཆེ་བར་མཐོང་། ཆོས་ལུགས་ཁ་ལ་འཁྱེར་བའི་ཞབས་འདྲེན་པ་ཁ་ཤས་ཤིག་གི་བྱ་བ་ལ་བརྟེན་ནས་དེང་དུས་གཞོན་སྐྱེས་ལ་ལ་ཞིག་གིས་ངན་ཡོད་ཚད་ཆོས་ལུགས་ལ་དཀྲིས་རྒྱུ་ནི་ཆོས་ཀྱི་གཞུང་ལུགས་ངོ་མའི་དགོངས་དོན་གཏད་ནས་མ་རྟོགས་པའི་རྟགས་ཁོ་ན་ཡིན་པས་གཞོན་སྐྱེས་རྣམ་པས་ཆོས་ལུགས་སོ་སོའི་གཞུང་ལུགས་ཞིབ་འཇུག་གནང་རྒྱུ་ཤིན་ཏུ་གལ་ཆེན་མཐོང་།།
བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་འདི་ཚོ་འཇིག་རྟེན་ཁྱིམ་པའི་ཟོལ་འཛིན་པ་ཏག་ཏག་རེད། འདི་ཚོ་རེ་རེ་བཞིན་ཁྱིམ་ཆུང་མ་ཡོད་པའི་ཡུལ་ལྷ་གཞི་བདག་རེད། ཁྱིམ་ཆུང་མ་ཡོད་པའི་ཡུལ་ལྷ་གཞི་བདག་ཅིག་གསོལ་མཆོད་བྱེད་སར་བུད་མེད་ཡོང་མི་ཆོག་པའི་ལུགས་སྲོལ་ཞིག་ཡོད་མི་ཤེས་ལ། གལ་སྲིད་དེ་འདྲ་ཞིག་ཡོད་ན་མི་བླུན་པོ་དག་གི་བྱེད་ལུགས་ལས་ཅི་ཡང་མ་རེད། སྤྱིར་བསང་ལ་མ་དག་འཇིག་རྟེན་པའི་བསང་དང་དག་པ་འཇིག་རྟེན་ལས་འདས་པའི་བསང་གཉིས་ཡོད་ཅིང་། དང་པོ་དེ་ནི་ཡུལ་ལྷ་གཞི་བདག་གི་རིགས་ལ་གསོལ་མཆོད་བྱེད་པའི་བསང་སྟེ་ཚེ་འདི་ཁོ་ན་དོན་གཉེར་གྱི་ཆེད་དུ་བཏང་བའི་ལྷ་བསང་ཀླུ་བསང་སོགས་དང་། གཉིས་པ་དེ་ནི་གསང་སྔགས་རྒྱུད་སྡེ་བཞིའི་ཆོ་ག་དག་གི་དབུ་རུ་ཡོད་པའི་མཆོད་པའི་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ཨོྃ་སྭ་བྷ་ཝ་སོགས་ཀྱིས་བསང་སྦྱང་བྱེད་པ་དེ་ཡིན། དེའི་ཕྱིར་བསང་ཞེས་པ་དེ་མེ་བཏང་ནས་དུ་བ་ཐོན་དགོས་པ་ཞིག་རང་ལ་གོ་མི་དགོས་ཤིང་། དེ་ཡང་ཆོས་ལུགས་ལས་མ་གསུངས་པ་ཞིག་དང་གསུངས་ཀྱང་བུད་མེད་ཚོས་ལག་ལེན་བྱེད་མི་ཆོག་པ་ཞིག་དང་མི་ནུས་པ་ཞིག་ཏུ་གོ་མི་དགོས། བོད་པའི་གསང་སྔགས་ཉམས་སུ་ལེན་མཁན་སྐྱེས་ཕོ་མོ་གཉིས་ཀས་ཁྱད་མེད་དུ་རྒྱུད་སྡེའི་སྒྲུབ་མཆོད་སྐབས་སུ་རང་ཉིད་ཡི་དམ་དུ་གསལ་བཏབ་ནས་དམ་རྫས་རྣམས་བསང་སྦྱང་བྱེད་བཞིན་ཡོད་པས། ཟབ་གསང་བླ་ན་མེད་པའི་རྒྱུད་སྡེ་དག་གི་བསང་སྦྱང་ཕོ་མོ་གཉིས་ཀས་བྱེད་ཆོག་ས་ནས། ཐ་མལ་འཇིག་རྟེན་པའི་ལྷ་ལ་བསང་གཏོང་སར་བུད་མེད་ཡོང་མི་ཆོག་པར་འདོད་པ་དེ་ལས་ལྷག་པའི་ཀླེན་ལྐུགས་ཀྱི་བྱེད་སྟངས་ཤིག་རྙེད་དུ་མེད་དོ།།