གྲིབ་གཟུགས།
ཕྲད་རྒྱུའི་རེ་བ་མ་འདོན།།
སྡོམ་པར་སེར་ག་ཤོར་ཡོང་།།
སེམས་ལ་རྒྱང་ཐག་མ་བཟུང་།།
སྙིང་གཏམ་རྣ་བར་སྐྱེལ་ཆོག །
དོགས་པ་མང་པོ་མ་ཟ།།
ཡིད་ཆེས་ཅུང་ཙམ་བྱོས་དང་།།
ཁེར་རྐྱང་ལོ་ཟླའི་འདི་ཚོར།།
སེམས་པ་གསོ་རོགས་བྱ་ཆོག།
སེམས་གཏམ་སེམས་ནས་བཤད་པ།།
བྱིས་པའི་རྩེད་མོར་མ་བསམ།།
སྐད་ཆ་རེ་རེའི་ཟུར་ལ།།
སྙིང་གི་འཕར་ལྡིང་བཏགས་ཡོད།།
གད་མོ་ལྷང་ལྷང་མ་དགོད།།
ཁྲག་རྩ་གྱེན་ལ་འཕར་འོང་།།
ཤུགས་རིང་ནར་ནར་མ་འབྱིན།།
སེམས་ཀྱི་རེ་འདུན་མངོན་འོང་།།
གཟུགས་དང་རྣམ་པའི་སྐད་ཆ།།
བཤད་དང་མ་བཤད་མི་འདུག།
ལང་ཚོའི་དུས་ཡུན་རྫོགས་པ།།
ཐོད་པའི་རི་མོས་སྟོན་གྱི།།
བརྩེ་བ་འཕར་མ་ཟེར་བ།།
སྟེར་རྒྱུ་ང་ལ་མེད་ནའང་།།
དགའ་སྐྱོའི་དུས་ཡུན་གང་དུའང་།།
ཁྱོད་རང་དྲན་པར་བཀུག་ཡོད།།
དགའ་རོགས་ཡིན་ས་མ་རེད།།
ཆུང་གྲོགས་ལོས་ཀྱང་མིན་ནོ།།
སེམས་པ་སེམས་ལ་སྙེ་ས།།
ཁ་པར་ནང་གི་རོགས་ལོ།།
སྤོབས་པ་ཆུང་ཆུང་མ་བྱེད།།
སྐད་ཆ་དཀྱུས་མ་ཤོད་དང་།།
མི་རྐྱང་ནང་གི་གྲྭ་རྐྱང་།།
ང་ལ་མཁོ་བ་དེ་རེད།།
“ཨ་ལེ་”རྐྱང་པ་མ་གསུང་།།
སྐད་ཆ་གསར་པ་ཤོད་དང་།།
ང་ལས་ཟབ་པའི་ཁོག་པ།།
ཁྱོད་ལ་ཡོད་པ་མིན་ནམ།།
ཚིག་སྐོར་རྒྱག་དགོས་མི་འདུག།
དོན་དག་ལྷང་ལ་བུད་ཡོང་།།
སེམས་ཀྱི་འདོད་འདུན་ངོ་མ།།
མ་གསང་དྲང་པོར་ཤོད་དང་།།
ཟླ་བ་བཞི་ཡི་རིང་ལ།།
སྐད་ཆ་ཤོད་རོགས་ཡིན་པཱ།།
གསང་གཏམ་སྙིང་གཏམ་དེ་ཚོ།།
གཟུར་ཙམ་གཟུར་ཙམ་མ་བྱེད།།
རེ་བ་འཆང་དགོས་མི་འདུག །
ཡོད་ཚད་ཤེས་དགོས་མི་འདུག །
སྐབས་དང་སྐབས་ཀྱི་སྐྱོ་བ།།
སེལ་རོགས་ཡིན་ན་འགྲིག་པཱ།།
ཀུ་རེ་རྩེ་བ་མ་གནང་།།
ཟུར་ཟ་བྱེད་པ་མ་གནང་།།
སེམས་པ་སྐྱོ་བའི་སྐྱོ་རོགས།།
སེམས་པ་དགའ་བའི་དགའ་རོགས།།
7/6/2013
ཁ་པར་ནང་གི་གྲོགས་མོ།
སྙིང་གི་གྲོགས་མོ་མ་ཡིན།
དངུལ་ཁུག་སྟོང་པ་བཟོ་རོགས།
སོར་སྡོམ་གཅོད་པའི་སྲིན་མོ།
ཁ་པར་ནང་གི་གྲོགས་མོས།
སོར་སྡོམ་གཅོད་པ་གཅིག་མིན།
གྲྭ་གཞོན་མང་པོའི་སོར་སྡོམ།
ཁ་པར་བརྒྱུད་ནས་བཅོམ་འདུག
དངུལ་ཁུག་ཕར་སྟོང་ཚུར་སྟོང་།།
སྙིང་གཏམ་ཕར་བཤད་ཚུར་བཤད།།
སྐྱོ་བའི་ན་བུན་སེལ་བའི།།
རོགས་ལོ་དྭངས་རླུང་བསིལ་མ།།
དངུལ་ཁུག་སྟོང་པ་ཆགས་དུས།
སྙིང་གཏམ་ཤོད་ས་མི་འདུག
སྐྱོ་བའི་ལུས་སེམས་སྡུག་དུས།
རོགས་ལོ་གོ་ཡུལ་མི་འདུག
བན་དེ་ཞེ་སེམས་མ་སྐྱོ།།
སྡུག་བསྔལ་ཅུང་ཙམ་བཟོད་དང་།།
དངུལ་ཁུག་སྟོང་པ་ཆགས་ན།།
ཕ་མར་ཁ་པར་སྟོང་དང་།།
བན་དེ་སྐྱོ་དགོས་མི་འདུག
སྲིན་མོ་ཡིན་པར་ཤེས་ཡོད།
ཕ་མ་རིང་དུ་དོར་ནས།
ཁྱིམ་སྤང་རབ་བྱུང་སྒྲུབ་ཡོད།
བན་དེ་དོན་གྱི་བན་དེ།།
ཕ་མ་རིང་དུ་དོར་བའི།།
བན་དེ་སྙིང་སྟོབས་ཅན་པོར།།
སྒོ་གསུམ་གུས་ཕྱག་འབུལ་ལོ།།