སྣ་ཚོགས་རང་གྲོལ།
—–ཀུ་ཤུ་རྟགས་ཅན་སོགས་དེང་གི་གསར་ཐོན་ཁ་པར་རྣམས་ལ་བསམ་ནས་བྲིས།
ཀྭ་ཡེ་བློ་ཐུབ་གྲོགས་མོ་ཁ་པར་ནང་ནས་རེག་སོང་།།
ཁ་བ་བོད་ཀྱི་རིག་གཞུང་ཁ་པར་ལམ་ནས་སྤེལ་སོང་།།
ག་ལེར་འཛམ་གླིང་ཚང་མ་ཁ་པར་ནང་ནས་མཐོང་སོང་།།
ང་དང་ཁྱོད་ཀྱི་རྣམ་དཔྱོད་ཁ་པར་ཐོག་ནས་རྒྱས་སོང་།།
ཅ་ཅོ་མིན་པའི་གསར་འགྱུར་ཁ་པར་བརྒྱུད་ནས་ཐོས་སོང་།།
ཆ་འཇོག་ལྡན་པའི་གྲོགས་པོ་ཁ་པར་ནང་དུ་མཇལ་སོང་།།
ཇ་མ་ཆང་མའི་ཚོང་འབྲེལ་ཁ་པར་འཁྱེར་ནས་ཡག་སོང་།།
ཉ་མོའི་བརྩེ་སེམས་མདུད་པ་ཁ་པར་ནང་ནས་དམ་སོང་།།
ཏཱ་ཐ་གཱ་ཏའི་ཁྱད་ནོར་ཁ་པར་སླེབས་ནས་དར་སོང་།།
ཐ་དད་མི་རིགས་མཐུན་འབྲེལ་ཁ་པར་ནང་ནས་མཐུད་སོང་།།
ད་ལྟའི་དུས་ཚོད་འདི་ལ་ཁ་པར་མེད་ཐབས་མེད་སོང་།།
ན་གཞོན་ང་ཚོའི་དགོས་མཁོ་ཁ་པར་འདི་ཡིས་བསྐངས་སོང་།།
པ་ཕ་ཨ་མའི་རྨོངས་དད་ཁ་པར་འཁྱེར་ནས་སངས་སོང་།།
ཕ་བཟང་བུ་མོའི་རླུང་རྟ་ཁ་པར་ནང་ནས་རྒྱུགས་སོང་།།
བ་གླང་རྫི་བོ་ཚོར་ཡང་ཁ་པར་དགོས་མཁོ་ཆེ་སོང་།།
མ་རབས་ཐ་ཤལ་དེ་ཚོ་ཁ་པར་ནང་དུ་འཇུས་སོང་།།
ཙ་རི་གངས་རིའི་གནས་ལམ་ཁ་པར་ནང་ནས་བསྟན་སོང་།།
ཚ་བའི་ཡུལ་གྱི་སྤུན་ཟླ་ཁ་པར་ལམ་ནས་ཐུག་སོང་།།
ཛ་ཡའི་གསུང་རབ་ཟབ་མོ་ཁ་པར་ནང་ནས་འཐོན་སོང་།།
ཝ་སྐྱེས་གཡོ་སྒྱུ་ཅན་ཚོ་ཁ་པར་མཐོང་ནས་བརླགས་སོང་།།
ཞྭ་སེར་བསྟན་པའི་བདག་པོ་ཁ་པར་ནང་ནས་བདམས་སོང་།།
ཟ་འདྲེ་གདོན་འདྲེ་དེ་ཚོ་ཁ་པར་ནང་དུ་བཏུལ་སོང་།།
འ་ཅག་འདོད་པའི་ཡོན་ཏན་ཁ་པར་ནང་ནས་རེག་སོང་།།
ཡ་མཚན་དངོས་བྱུང་གཏམ་རྒྱུད་ཁ་པར་བཟུང་ནས་ཤེས་སོང་།།
ར་ལྟར་གྱོང་པོའི་གཤིས་ཀ་ཁ་པར་འཁྱེར་ནས་བཟང་སོང་།།
ལ་ལུང་རྒྱབ་ཀྱི་སྐད་ཆ་ཁ་པར་ནང་ནས་གོ་སོང་།།
ཤ་ཁྲག་གཅིག་པའི་སྤུན་ཟླ་ཁ་པར་ནང་དུ་འཛོམས་སོང་།།
ས་མཐའི་ཡུལ་གྱི་འཚོ་བ་ཁ་པར་འཁྱེར་ནས་བཟང་སོང་།།
ཧ་ལམ་དེང་གི་དུས་སུ་ཁ་པར་མེད་ན་ཚར་སོང་།།
ཨ་མས་བུ་ལ་བརྩེ་དུས་ཁ་པར་ཉོ་ལ་བྲེལ་སོང་།།
ཧ་ལོ་ཧ་ཡི་གཅིག་པོ་ཁ་པར་ལས་ཀ་མེད་སོང་།།
ཨ་མའི་བུ་ཆུང་མདུན་ལམ་ཁ་པར་ནང་དུ་ཡོད་སོང་།།
ཁ་པར་ཁ་ལ་འཁྱེར་ནས་ཁ་ལྕེ་བདེ་མདོག་ཁ་པོ།། ཁ་བརྡ་ཡིན་མདོག་བྱས་ནས་ཁ་བརྡའི་ནང་ལ་འཛུལ་བྱུང་།། ཁ་སང་དེ་རིང་དུས་ལ་ཁ་བ་བོད་ཀྱི་རིགས་གཞུང་།། ཁ་མཁས་བྱས་པའི་མི་ཕན་ཁ་ལག་མཉམ་དུ་སླེབས་དགོས།།
ཁ་པར་ཐོན་ནས་མི་ཚེའི་འདུན་ལམ་ཀླག་སོང་།།
ཁ་པར་ཐོན་ནས་ཀླད་པ་སྟོངས་པ་བཟོས་སོང་།།
ཁ་པར་ཐོན་ནས་སློབ་མ་ཉུང་རི་བྱིན་སོང་།།
ཁ་པར་ཐོན་ནས་གྲྭ་སའི་སློབ་གཉེར་ཉམ་སོང་།།
ཡ་གྲོགས་པོ་ཚོ། ངས་ཀྱིས་ཁ་པར་གྱི་དགེ་མཚན་གླེང་བ་ཙམ་ཡིན་ལ། ད་ཁྱེད་ཀྱིས་དེའི་ལྡོག་ཕྱོགས་ནས་མཆན་མང་ཙམ་རྒྱོག
ཁ་བརྡའི་དྲ་བ་ནང་ལ།། ཁ་པར་དགེ་མཚན་གླེང་མཁན།། ཁ་བ་ཅན་གྱི་བུ་ཆུང་།། ཁ་བདེ་ང་རང་ཡིན་འགྲོ།