སྐྱོ་བྲག་དགའ་དབང་།
སྨྱོ་བའི་ཚིག་དོན་འགྲེལ་བ་ན་དག་ཡིག་རྣམས་སུ། སེམས་འཁྲུལ་བ་དང་། རིག་པ་རྣལ་དུ་མི་གནས་པའམ། རང་བཞིན་དུ་མི་གནས་པ། ཞེས་བྲིས་ཡོད། སྨྱོ་བྱེད་ཀྱི་རྒྱུ་རྐྱེན་མི་འདྲ་བ་ལ་བརྟེན་ནས་སྨྱོ་བའི་རྣམ་གྲངས་མང་བ་ལས་མཚོན་བྱེད་ཙམ་ཞིག་བཤད་ན།
ན་ཚས་སྨྱོ་བ་ནི། སྨན་ཡིག་ལས། རྒྱུ་རྐྱེན་སྙིང་སྟོབས་ཞན་ལ་མྱ་ངན་དང༌། །ཡིད་མི་བདེ་དང་སེམས་ལས་ཆེས་པ་དང༌། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་བྱས་ཏེ། །ཉེས་པ་འཁྲུགས་པས་རྣམ་ཤེས་རྒྱུ་གནས་ཞུགས། །ཡིད་ཀྱི་ལམ་ལོག་དྲན་ཉམས་སྨྱོ་བར་འགྱུར། །ཞེས་རིང་རྒྱུ་གཞན་གྱིས་སེམས་དཀྲུགས་པ་སོགས་དང་། ཉེ་རྒྱུ་སྙིང་སྟོབས་ཞན་པ་དང༌། སློང་རྐྱེན་མྱ་ངན་སེམས་ལས་ཟས་སྤྱོད་མི་འཕྲོད་པ་གདོན་སོགས་ཀྱིས་ཉེས་པ་འཁྲུགས་ནས་རྣམ་ཤེས་རྒྱུ་བའི་བུ་ག་རྣམས་སུ་ཞུགས་པས་ཡིད་དེ་ལམ་ལོག་པར་ཞུགས་པའི་དབང་གིས་དྲན་པ་ཉམས་ཏེ་འབོགས་པའམ། ཅི་བྱ་རྟོལ་མེད་པར་སྨྱོ་བར་འགྱུར་བ་ཡིན་པ་དང། དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་དང༌། །ཡིད་གདུང་དུག་གདོན་ལས་གྱུར་བདུན་དུ་བཤད། །ཅེས་སྨྱོ་བའི་དབྱེ་བ་ལ། རླུང་དང༌། མཁྲིས་པ་དང༌། བད་ཀན་དང་། འདུས་པ་དང་། ཡིད་གདུང་བ་དང༌། དུག་དང༌། གདོན་ལས་གྱུར་པ་བདུན་དུ་བཤད་པ་ནི་འཇིག་རྟེན་ན་ཡོངས་སུ་གྲགས་པའི་སྨྱོ་བ་དག་ཡིན་ནོ།།
འདོད་པས་སྨྱོ་བ་ནི། སྤྱོད་འཇུག་ལས། བདག་ལ་རྨོངས་པའི་འབད་པ་ཡིས། །སྨྱོས་པས་ས་འདི་ཀུན་དུ་འཁྲུགས། །ཞེས་འདོད་པས་སེམས་རབ་ཏུ་སྨྱོས་པས་རྣལ་དུ་མི་གནས་པ་རྣམས་ཀྱིས་ས་ཡི་སྟེང་འདི་ཀུན་ཏུ་ཁྱབ་ཅིང་འཁྲུགས་པར་བསྟན་པ་བཞིན། རྒྱུ་ཟས་དཔལ་འབྱོར་དང་། ཕོ་མོ་ཕན་ཚུན་གྱི་ཆེད་དུ་རང་སྲོག་ཡན་གཏོང་བ་ཡང་སེམས་རྣལ་དུ་མི་གནས་པ་ཡིན་པས་དོན་དུ་སྨྱོ་བ་ལས་མ་འདས་སོ།།
བཟི་བས་སྨྱོ་བ་ནི། ཆང་རག་དང་། ཉལ་ཐ་སོགས་ཀྱིས་བཟི་ནས་སེམས་རྣལ་དུ་མི་གནས་པར་འགྱུར་བས་སྨྱོ་བ་སྟེ། སྨན་ཡིག་ལས། ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །ཞེས་པས་མཚོན་ནོ།།
སྐྲག་པས་སྨྱོ་བ་ནི། སྲོག་གི་ཉེན་ཁ་ལ་ཐུག་པ་ལྟ་བུའི་རྐྱེན་ངན་འཕྲད་པའི་དངངས་སྐྲག་གིས་མནར་བས་སེམས་རྣལ་དུ་མི་གནས་པར་གྱུར་ཏེ་ལུས་ངག་གི་སྤྱོད་པ་གང་ལའང་བརྟན་པོ་མེད་པར་འགྱུར་བའི་སྨྱོ་བའོ།།
འབྱོར་པས་སྨྱོ་བ་ནི། རང་ལ་དབང་བའི་འབྱོར་པ་ཆེན་པོས་ཁེངས་ཤིང་དྲེགས་ནས་ས་སྟེང་ན་ང་རང་གིས་ཅི་བྱས་ཆོག་པ་ལྟ་བུར་མཐོང་བས་སེམས་རྣལ་དུ་མི་གནས་པར་གྱུར་ཏེ་འདི་མ་བྱས་མེད་པའི་སྤྱོད་པ་སྣ་ཚོགས་ཀྱིས་སྨྱོ་བའོ།།
དབང་ཆས་སྨྱོ་བ་ནི། དབང་ཆ་ཆེ་ཐག་ཆོད་དེ་གཞན་པར་སྟུན་མི་དགོས་པའི་རང་དབང་ལ་ཚོད་འཛིན་མ་ཐུབ་པར་མི་དྲན་དགུ་དྲན་གྱི་སྤྱོད་པ་ཡ་ང་བས་སེམས་ཅན་མང་པོའི་ལུས་སྲོག་ལོངས་སྤྱོད་ལ་འཚེ་བའི་སྨྱོ་བ་ཞེད་སྣང་ཆེ་ཤོས་དེ་ཡིན་ནོ།།
གུས་བརྩིས་སྨྱོ་བ་ནི། ཅི་བྱས་ལེགས་པར་མཐོང་བ་དང་། ཅི་གསུང་ཚད་མར་འཛིན་མཁན་གྱི་སེམས་ཅན་མང་ཐག་ཆོད་པས་རང་གི་ལུས་ངག་ཡིད་ཀྱི་སྤྱོད་པ་ག་རེ་ཡིན་ནའང་གང་ཟག་སུས་ཀྱང་སྐྱོན་གྱི་ཆ་མཐོང་མི་ཆོག་པ། སྐྱོན་ཀུན་ཟད་དང། ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་ཡིན་པའི་ཁེངས་པས་སེམས་རྣལ་དུ་མི་གནས་པར་གྱུར་པ་སྟེ་གྲགས་ཅན་རྣམས་ལ་འབྱུང་བ་རང་མཐོང་ཆེ་བའི་སྨྱོ་བ་ཡིན་ནོ།།
བརྡ་དག་ཅུང་ཟད་ཤེས་ཏེ་སྨྱོ་བས་མི་བྲི་དགུ་བྲི་བྲིས་ཏེ་རྩོམ་ཉོག་གིས་དྲྭ་ལམ་བརྫད་པའོ། ཧཧཧཧཧཧ སྐུ་རྩེད་ཞུས་པ་ཡིན།
འོ་འདི་ལ་དོ་སྣང་ཞིག་སྐྱེས་བྱུང་། བོད་པའི་ནང་ལ་སྨྱོན་པའི་སྐོར་ལ་གསང་དབང་བྱེད་པ་ལས་ཕྱི་ལ་འདི་ཙམ་མི་ཤོད། འོན་ཀྱང་། སེམས་ཁམས་འཁྲུགས་པ་ཅེས་བཤད་ནས་འདི་ཙམ་རོགས་རམ་ཡང་མ་བྱེད། འོན་ཀྱང་། ནུབ་ཕྱོགས་པས་སྨྱོ་ནད་དེ་རིགས་གཉིས་ལ་དབྱེ་སྟེ། ལུས་ཀྱི་རྩ་ཁམས་འཁྲུགས་ནས་སྨྱོ་བ་དང་སེམས་ཀྱི་འཁོར་སྟངས་འཁྲུགས་ནས་སྨྱོ་བ་གཉིས་ལ་དབྱེ།
སེམས་ཁམས་འཁྲུགས་ནས་སྨྱོ་བ་དེ་ལ་སེམས་ཁམས་རིག་པ་སོགས་ཀྱིས་བཅོས་པ་དང་། རྩ་ཁམས་འཁྲུགས་པ་དེ་ལ་སྨན་སྣ་ཚོགས་སྤྲོད་ཀྱི་འདུག རྩ་ཁམས་དེ་ཡང་གཙོ་བོ་ཀླད་རྩའི་ཁམས་འཁྲུགས་ནས་སྨྱོ་མཁན་ཤིན་དུ་ནས་མང་།
སྐྱོ་བྲག་དགའ་དབང་ལགས་ནི། བོད་སྨན་དང་ནང་ཆོས་གཉིས་ཤེས་ཅིག་རེད་འདུག འདི་རུ་བློ་སྐྱེད་མང་བས། ངེས་པར་དུ། སྨྱོ་བ་ཞེས་པའི་ཆེ་རྩོམ་འདི། ཀློགས་པར་འཚལ། ད་དུང་མུ་མཐུད་འབྲི་བར་མཛོད་ཅིག
སྤྱིར་བཏང་དགའ་དབང་བླ་མས་རྩོམ་དེ་ཡག་པོ་འདུག། ཕལ་ཆེར་ཁོ་རང་མི་གཤིས་ཀ་དེ་ང་རྒྱལ་དང། སྲིད་དོན་གྱི་བློ་འཁྲུལ་་མེད་མཁན་ཅིག་ཡིན་པར་གོ། མ་ཟད་༧ གོང་ས་མཆོག་དང་ཨོ་རྒྱན་འཕྲིན་ལས་མཆོག་ལའང་དད་པ་རྩེ་གཅིག་ཏུ་ཡོད་ཚུལ་གོ། དེ་ལ་ངས་གུས་བརྩི་ཡོད། དེ་བཞིན་ད་རེས་འབྲི་རྩོམ་དེ་ཕྱོགས་གཅིག་ནས་ཡག་པོ་འདུག་སྟེ། གཅིག་ནས་ལྟ་དུས་སྨྱོ་བའི་དོན་ངོ་མ་དེ་དམིགས་པའི་རེ་བ་གནས་ལ་ཞུགས་སོང་བ་ལའང་གོ་ཉེན་ཆེ་བས་དེ་སླར་ཡང་ཡང་ངསལ་བཤད་གནང་རོག།
ཁྱེད་རང་གྱིས་ ཕྱི་པའི་ཚན་རིག་དང་འབྲེལ་ཚུལ་ཇི་ལྟར་ཡིན་པ་ཡང་ཅུང་ཟད་ཞིག་བཀོད་ཐུབ་ན་ ང་རང་ཡང་བསམ་པ་རྫོགས་པ་ཡིན་ལགས།