ཁུངས་ལྡན་གནས་ཚུལ། དེ་རིང་ངས་ཁ་པར་བརྒྱུད་གནས་ཚུལ་གསར་པ་ཞིག་ཤེས་པ་ནི། རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ཁོངས་སོག་པོ་རྫོང་དུ་འགྲུལ་འཁོར་ཆུང་བ་རྒྱ་མིས་ཅོ་ཁྲེ་ཟེར་བ་དེ་འདྲ་ཞིག་གི་ཐོག་འབར་རྫས་གཉིས་རྙེད་འདུག ད་མི་ཚང་མ་འགྲུལ་བཞུད་བྱེད་རྒྱུར་ཡང་ཞེད་སྣང་སྐྱེ་གི་འདུག་ཟེར། འབར་རྫས་ཀྱི་སྐོར་འདི་ཐེངས་དང་པོ་མིན་པར་ཉེ་ལམ་སུམ་བཅུའི་དུས་དྲན་གྱི་རྗེས་སུ་བོད་ནང་དུ་ཐེངས་འགའ་ཤས་ཤིག་བྱུང་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།
དང་པོ་དེ་ཕལ་ཆེར་སྨར་ཁམས་རྫོང་ཁོངས་ཀྱི་སྤྱི་བདེ་ལས་ཁུངས་ཤིག་ནང་འབར་རྫས་གས་འཐོར་བྱུང་བ་དེ་ཡིན་བསམ། དེ་ནི་རྒྱ་ནག་གཞུང་གིས་གྲྭ་བ་འགའ་ཤས་ཡིན་པར་བརྗོད་དེ་ཁོང་ཚོའི་མིང་དང་། ལོ་ཚོད་སོགས་གསལ་པོར་བཀོད་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་ཞིག་སྔོན་མ་ནས་རྒྱ་གཞུང་གི་དྲ་གནས་འགའ་རེའི་ནང་སླེབས་སོང་། དེའི་རྗེས་ནས་སྡེ་དགེའི་ཁོངས་རྫོགས་ཆེན་དགོན་པ་མིན་ནམ་དེ་འདྲ་ཞིག་ནང་ཡང་འབར་རྫས་གས་ཐོར་གྱིས་མི་རེ་ཟུང་རྐྱེན་ལམ་དུ་ཕྱིན་པ་དེ་ཡང་ཚང་མས་ཤེས་གསལ་ལྟར་རེད། དེ་མིན་བདུན་ཕྲག་སྔོན་མའི་ནང་བོད་ཀྱི་དུས་བབ་ཏུབཀོད་པ་ལྟར་ན། རྒྱ་ནག་གཞུང་གིས་འབོམ་རྫས་ཕོན་ཆེ་ཞིག་རྐུ་ལ་ཤོར་བའི་གནས་ཚུལ་ཞིག་དང་། སྤྱི་བདེ་མི་སྣས་དཀར་མཛེས་ཀྱི་བོད་མི་འབོམ་འཁྱེར་མཁན་ཞིག་གང་ས་གང་དུ་འཚོལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཀྱང་སླེབས་སོང།
ད་འདི་ཅི་ཡིན་ནམ། རྒྱ་གཞུང་གིས་བོད་མིའི་ངོ་རྒོལ་གྱི་ལས་འགུལ་དེ་དག་དྲག་པོའི་ངོ་བོར་བསྒྱུར་ཐབས་སུ་ཆོ་འཕྲུལ་ཞིག་སྟོན་གྱི་ཡོད་པ་ཡིན་ནམ། ཡང་ན། བོད་མི་རྣམས་ཀྱིས་རྒྱ་གཞུང་གི་དྲག་པོའི་བཙན་གནོན་ལ་བཟོད་སྒོམ་བྱེད་ཐབས་བྲལ་ཏེ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལའ་འགུལ་ཞིག་དངོས་སུ་མགོ་རྩོམ་རྒྱུ་ཡིན་པའི་སྔོན་འགྲོ་ལྟ་བུ་ཞིག་ཡིན།
འདི་འདྲ་གནས་ཚུལ་ཁ་ཤས་ཤིག་བྱུང་ན་ཡང་ང་ད་རུང་རྒྱ་གཞུང་ལ་ཡིད་ཆེས་ཀྱི་མི་འདུག གཙོ་བོ་ཁོ་ཚོ་འཕྲུལ་ཐབས་ཀྱི་རྩེར་ཡོད་པ་དེ་ལྟར་དང་། གནས་ཚུལ་བརྒྱུད་ལམ་ཁག་ལ་ཡང་ཡང་བྱུང་བ་ལྟར། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་ཚོའི་ལས་འགུལ། དེ་ནས་གྱ་དགུ་ལོའི་ལྷ་སའི་ངོ་རྒོལ། ད་ལོའི་ལྷ་སའི་ལས་འགུལ་བཅས་ཚང་མར་དཀྱུས་ཆས་སྤྲས་པའི་གཞུང་གི་སོ་ཉུལ་བ་ཚོས་ངོ་རྒོལ་གྱི་རྣམ་པ་དྲག་པོའི་ངོ་བོར་འགྱུར་བར་སྣེ་ཁྲིད་བྱས་པ་ཡོང་གྲགས་ཡིན་པ་རེད།
ཐེངས་གཅིག་སྦྲུལ་གྱིས་སོ་བཏབ་ན་ཐག་ཁྲ་སྦྲུལ་དུ་འཁྲུལ་བ་ལྟར་མིན་ན་ང་ད་རུང་འདི་ལ་ཡིད་ཆེས་ཀྱི་མི་འདུག ཁྱེད་ཚོས་ཅི་བསམ། དྲ་གྲོགས་རྣམ་པ།
འབར་རྫས་ཀྱི་སྐོར་ལ་སྐད་ཆ་གསར་པ་བཤད་པ་ལ་ཐུགས་རྗེ་ཆེ། ང་ཡང་རྒྱ་ནག་གིས་བོད་དོན་འདི་དྲག་པོའི་ངོ་བོར་བསྒྱུར་བའི་སྐོར་ལ་ལན་མེད་པར་ལུས། བོད་མི་འུ་ཐུག་སྲིད་པ་རེད། འུ་ཐུག་དུས་ཅི་ཡང་བྱེད་སྲིད་པ་རེད། དེ་མིའི་གཤིས་ཀ་རེད། འོན་ཀྱང་འདིས་རྒྱ་ནག་ལ་ཁེ་ཕན་གང་ཡོད་དམ། དྲག་ཆས་སྤྱད་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུ་ནི་ཧ་ལམ་ཡོང་མི་སྲིད་པ་ཞིག་རེད། དེ་འདྲའི་དུས་ཚོད་ཡོལ་ཟིན་པ་རེད།
ཡང་ད་ལོའི་གྱེན་ལངས་ནི་བློ་སྤོབས་འཕར་བ་ཞིག་ནི། རྣམ་ཤེས་ལྷ་ཡུལ་ལ་འགྲོ་རྒྱུ་ཆའོའི་ནང་ལོ་ཆུང་མང་པོ་འདུག བོད་ཀྱི་གནད་དོན་འདི་མི་ཐོག་གཞོན་པས་འགན་བླངས་འདུག འདིས་ཡ་ཁོག་སྟོད་དུ་དགའ་སྣང་ཞིག་སླེབས་གི་འདུག
ཕོ་གསར་གྱི་དཔའ་ལས། མི་རྒན་གྱི་ཇུས་ཟབ། གསར་བརྗེའི་དམག་མི་ཚང་མས་སེམས་ལ་ཟུངས།
ཉེ་ཆར་ང་བོད་ནས་ཡོང་བའི་ཕྱི་རྒྱལ་པ་ཞིག་ཐུག་སོང་། ཁོང་བོད་དང་རྒྱ་ནག་ལ་གཏན་སྡོད་ཀྱིས་ལོ་ཤས་ཕྱིན་ཡོད། ཁོང་གིས་བཤད་ན་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་རྒྱ་གཞུང་བར་གྱི་བཀའ་མོལ་འབྲས་བུ་ཅི་ཡང་མ་ཐོན་པ་དེས་བོད་པ་མང་པོའི་སེམས་ཁོང་ཇེ་སྟོང་དུ་གྱུར་ཡོད་པ་དང་། ཨོ་རྩེད་ཚར་ན་བོད་ལ་འཛིན་པའི་སྲིད་ཇུས་ཇེ་གཏུམ་དུ་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག་ཟེར། ཁོང་གིས་ད་དུང་བརྗོད་གསལ། མི་ཚེ་ལ་བལྟ་ས་དང་རེ་ས་ཅི་ཡང་མེད་པའི་བོད་གཞོན་གྱི་གྲངས་འབོར་ཇེ་་མང་དང་ཇེ་་མང་རེད། མི་རིགས་དང་་མི་སྒེར་གཉིས་ཕྱོགས་ནས་རེ་བ་རྒྱག་རྒྱུ་ཞིག་མཐོང་རྒྱུ་མེད་སྟབས་བོད་ཀྱི་དོན་དག་འདི་གང་ཞིག་ལ་འགྲོ་གི་ཡོད་པ་དངོས་གནས་བཤད་ཚོད་ཐིགག་གི་མི་འདུག་ཟེར། ཡང་ཁོང་གིས་བརྗོད་གསལ་ལ། བོད་པ་ཤེས་ཡོན་ཅན་ཁག་ཅིག་གིས། བོད་དོན་བཀའ་མོལ་གནང་མཁན་གྱི་རྒྱ་ཕྱོགས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། བོད་ཕྱོགས་ཀྱི་རྒྱ་རི་རིན་པོ་ཆེས་གཙོས་པའི་སྐུ་ཚབ་བཞི་པོ་དེ་གཉིས་ལ་འགྱུར་བ་ཞིག་མ་བཏང་བར་མུ་མཐུད་ནས་་བཀའ་མོལ་གནང་ནས་བསྡད་ན་འབྲས་བུ་ཅི་ཡང་ཐོན་རྒྱུ་ཁག་པོ་ཡིནན་པར་ངོས་འཛིན་བབྱེད་ཀྱི་འདུག་ཟེར།
ངས་བལྟས་ན། ད་ལྟའི་རྒྱ་ནག་གི་བློན་ཆེན་ཆེ་དྲས་དེ་དག་འགྱུར་བ་ཞིག་མ་བཏང་ན་ཁག་པོ་མིན་འགྲོ་བསམ་གི་འདུག གལ་སྲིད་བདེན་པ་ཡིན་ན། ཉེ་སྔོན་ང་འཆམ་འཆམ་ནས་པོད་ཁུག་ཅིག་ཐོག་མཐོང་བ་ལྟར་ན། རྒྱ་ནག་གི་མགོ་གཙོ་མཐོ་གྲས་ཚོའི་ནང་བོད་དོན་ཆེད་འོས་ཤོག་ཅིག་འཕངས་ཏེ་མི་བཞི་ཡིས་རྒྱབ་སྐྱོར་དང་མི་དྲུག་གིས་ངོ་རྒོལ་བྱས་པ་ལྟ་བུ་ཞིག་མཐོང་སོང་། དྲ་གནས་དེ་ཕལ་ཆེར་བོད་ཡིག་ཅིག་ཡིན་བསམ་སོང་། ངས་དེ་ལ་དོ་སྣང་ཕྲན་བུ་བྱུང་། ཡིན་ན་ཡང་ཡིད་ཆེས་ཆ་ཚང་ཞིག་སྐྱེས་མ་བྱུང་།
ད་ལྟ་བསམ་བློ་བཏང་ན་དེ་བདེན་པ་ཡིན་མི་སྲིད་པ་མ་རེད་བསམས། རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཚོ་ཡང་བོད་དོན་ཆེད་ལྷན་འཛོམས་ཐེངས་ཤིག་ཏན་ཏན་གནང་ཡོད་རྒྱུ་རེད། གནས་ཚུལ་དེ་དྲ་གནས་ཐོག་ཟུར་ཙམ་བཀོད་མཁན་དེ་ཡང་ཕལ་ཆེར་ཕུན་ཚོགས་དབང་རྒྱལ་ལྟ་བུ་བོད་དོན་སྐོར་མགོ་ཚོས་མཁན་ཞིག་ཡིན་རྒྱུ་རེད་སྙམ། ད་རུང་མང་ཆེ་བའི་རྒྱབ་སྐྱོར་མེད་ནའང་དེ་ལ་ལམ་ཁ་ཡོད་པ་རེད་ལྟ་བུ་ཞིག་བྲིས་འདུག