ཁ་བའི་འབྲོག་མོ།
ཉི་ཟླའི་སོ་མཚམས་དུས་ཀྱི་གོམ་བགྲོད།།
ལང་ཚོའི་འགྱུར་ལྡོག་མིག་གི་རྣམ་པ།།
ལུས་པོ་ཉམས་རྒུད་སྒྱུ་མའི་ཆོ་འཕྲུལ།།
རི་མོའི་རྣམ་པས་རང་བཞིན་བཀོད་པ།།
སྐྱིད་སྡུག་རེས་མོས་འཚོ་བའི་བྱུང་རིམ།།
བྱུང་རིམ་བར་ན་བདེན་རྫུན་གཉིས་འཛོམས།།
བདེན་རྫུན་སྲུབ་ནས་སྐྱེས་ཤིང་འཆི་བའི།།
འཇིག་རྟེན་འཚོ་བ་དེ་ཙམ་མིན་ནམ།།
འཁྲུལ་སྣང་སྨག་རིམ་མཐུག་པོའི་གར་སྟེགས།།
སྒེག་མོའི་གར་གྱིས་ཡིད་དབང་བཀུག་ཀྱང་།།
འཇའ་ཚོན་སྣ་ལྔའི་གཟུགས་རིས་ཇི་བཞིན།།
མིག་རྡེབ་ཙམ་གྱི་ཚེ་ཡུན་ལས་མེད།།
སྒྱུ་མའི་ཟློས་གར་འཁྲབ་ཁྲིད་བྱེད་པོའི།།
བདེན་བདེན་རྫུན་རྫུན་འཁྲབ་གཞུང་དེ་ཡིས།།
མུན་པའི་དགུ་ཚིགས་ཞིང་ཏུ་དྲངས་ནས།།
མེ་ཏོག་སྣ་ལྔའི་ཞིང་ཏུ་སླེབས་སོང་།།
ཆུང་འདྲིས་བྱམས་པ་མཇལ་བ་བྱུང་བས།།
རོ་བརྒྱའི་འཆི་མེད་བདུད་རྩི་འཐུང་ཡོད།།
སྟོང་འགྱུར་གར་སྟབས་མིག་གི་ལོངས་སྤྱོད།།
ཕུན་ཚོགས་ལེགས་པའི་འཚོ་བ་མཉམ་རོལ།།
༡།༧།༢༠༡༣