ཚུལ་ཁྲིམས་ཟླ་བ།
སྐར་ཚོགས་དགུ་ཚིགས་བཀྲ་བའི་གནམ་འོག་ན།།
མུན་པས་ས་ཆེན་གཡོག་པའི་དཀྱིལ་མ་ན།།
སྒྱུ་རྩལ་གནམ་ལ་ངོམ་པའི་སྟང་སྟབས་འདི།།
དམར་ཆུང་སྙིང་རྩ་འཕར་བའི་ཡོ་ལང་རེད།།
ཐལ་འཚུབ་ལང་ལོང་མཁའ་ལ་འཕྱུར་ས་ན།།
རྐང་ལག་བཞི་ཅར་ཤེད་ཀྱིས་རྐྱོང་ས་ན།།
སྣུམ་མདོག་སྐྲ་ལོ་རྒྱབ་ལ་གཡུག་སྟངས་འདི།།
སེམས་ཀྱིས་ཆོ་ངེ་འདོན་པའི་ཕྱི་ཚུལ་རེད།།
གྲིབ་གཟུགས་གྲོགས་སུ་རྒྱུ་བའི་ལམ་ཁ་ན།།
རླུང་བུས་ཤུལ་གླུ་ལེན་པའི་ཐང་སྟོང་ན།།
མི་མངོན་ཁོག་པའི་ནང་གི་སྡིག་སྒྲ་འདི།།
དྲན་པ་སྐོར་ལོག་རྒྱག་པའི་རྡོག་ཤེད་རེད།།
སྤྲིན་ནག་ལྷོ་ནས་མཆེད་པའི་གནམ་ངོགས་ན།།
ཉི་མ་ནུབ་ནས་ཡིབ་པའི་རྗེས་ཤུལ་ན།།
སྙིང་གི་དབུས་སུ་ལང་བའི་འཚུབ་མ་འདི།།
ཡ་གི་གནམ་གྱིས་སྩལ་བའི་བྱིན་རླབས་རེད།།
དོག་མོས་ངུ་སྒྲ་སྒྲོག་པའི་ཁོར་ཡུག་ན།།
འབྱུང་བཞི་དགྲ་རུ་ལང་བའི་གཡུལ་ས་ན།།
གསོན་སྙིང་རྡོ་བརྡབ་པའི་དྲག་ཤུལ་འདི།།
འཁོས་ཆུང་ཁྱིམ་གཞི་ཞིག་གི་གཤེད་མ་རེད།།
ངུད་མོ་སེམས་ལ་གཟན་པའི་དགོང་ཁ་ན།།
མཚན་བྱས་ཁྲེལ་དགོད་བྱེད་སའི་སྨག་རུམ་ན།།
སྙིང་ལ་ཁུ་ཚུར་བསྣུན་པའི་འགྱོད་གདུང་འདི།།
འཕྲེང་སེམས་དམར་པོ་ཞིག་གི་རྔན་པ་རེད།།
དབུགས་རིང་ནར་མོ་ཞིག་གི་སྐད་འོག་ན།།
འགྲེ་ལྡོག་འཕར་མ་ཞིག་གི་འགུལ་འཚམས་ན།།
མིག་བཙུམ་གཉིད་མ་ཁུག་པའི་ནམ་ཟླ་འདི།།
ལས་ཀྱི་མེ་ཏོག་ཕོག་པའི་བགོ་སྐལ་རེད།།
སྙིང་ཤ་སྟོད་ལ་འཚང་བའི་བློ་སྦུག་ན།།
ཚོར་སྣང་ལྷོག་ལྷོག་འཕྱུར་བའི་བྱང་ཁོག་ན།།
རང་ཉིད་གསོན་དུ་རེ་བའི་དུང་བ་འདི།།
ཙོར་བ་དངོས་མ་ཞིག་གི་བདེན་དཔང་རེད།།
2013,6,28, ཉིན།