རེབ་ཐོག་མདའ།
ལྷ་ལྡན་ཞིང་གི་དབང་ཕྱོགས་ནོར་འཛིན་སྒང་དྲུག་རི་བོའི་ཁོང་གསེང་སྟེ།།
དགེ་བཅུའི་དབུ་འཕང་དགུང་ལ་སྙེག་པ་ཙོང་ཁའི་སྐྱེས་རིའི་འདབས་རོལ་ན།།
ས་ཡ་དྲུག་གི་སྨོན་ལམ་ཟེགས་མ་འོད་དུ་འཁྱིལ་བའི་ལྟག་མཚེར་ཞེས།།
བདག་གི་བླ་མ་ཡིད་བཞིན་ནོར་བུའི་སྐུ་ཡི་པདྨོ་བཞད་པའི་ཞིང་།།
གྲུ་འཛིན་རི་ལ་ཞབས་ཀྱིས་བཅགས་པའི་ལོ་ཟླ་ཞིག་གི་སྔ་གཞུག་ནས།།
དམར་པོ་རྒྱ་ཡི་ཧམ་སེམས་ལག་པ་བོད་དུ་བསྲིངས་པའི་ལོ་ཟླའི་ཁྲོད།།
གནའ་དེང་བསམ་བློའི་ཟབ་ས་ཅིག་ནས་ཁ་བ་རི་བའི་ལམ་སྲོལ་དེ།།
ཡང་དག་མང་གཙོའི་ལམ་ཆེན་སྟོན་པའི་དུས་རབས་འདི་ཡི་སྟོན་པ་ཡིན།།
རང་ཡུལ་བོར་ཏེ་གཞན་ཡུལ་འགྲིམས་པའི་འགྲུལ་བཞུད་ཁ་དོག་ནག་པོའི་ཁྲོད།།
མ་འོངས་གངས་རིའི་མདུན་ལམ་བསམ་ནས་ཤེས་རིག་མྱུ་གུ་གསར་པ་ཞིག།
དཀའ་སྡུག་སྟོང་གིས་ལུས་སེམས་གདུང་ཀྱང་རྒྱ་གར་བྱང་ཕྱོགས་རི་གྲོང་ནས།།
ཕ་མ་བོར་བའི་དྭ་ཕྲུག་མདུན་ལམ་གནའ་དེང་རིག་པའི་སྣེ་ལ་བསྲེངས།།
ལོ་རབས་བདུན་ཅུའི་ངོགས་ནས་དོར་བའི་རང་བཙན་ལམ་ཁ་དོག་མོ་དེ།།
རང་གཞན་བདེ་བའི་གནས་ལུགས་ཟབ་མོས་དབུ་མའི་ལམ་ཏུ་བསྐྱོད་པས་ན།།
འཛིན་མའི་ཁྱོན་གྱི་གཞུང་སྒེར་མང་པོས་ཁྱེད་ཀྱི་དགོངས་པ་རྒྱ་མཚོའི་རླབས།།
ཡང་དག་དམ་པའི་ལམ་དུ་མཐོང་ཞིང་བོད་དོན་སྒྲུབ་པའི་འཚང་ཁ་འཕྱུར།།
ཕ་ཡུལ་བོར་བའི་གངས་རིའི་མྱི་ཚོ་ཁྱོད་ཀྱིས་མ་བཞིན་གཅེས་ན་ཡང་།།
མིག་ཟུང་བོར་བའི་མི་བུ་འགའ་ཡིས་ཁྱོད་ཀྱི་ཐུགས་དགོངས་དཀྲུག་བཞིན་དུ།།
སྤྱི་དོན་ཁ་ཡི་ཟུར་ལ་འཁྱེར་བཞིན་སྒེར་དོན་རུམ་པའི་གཏམ་རྒྱུད་དག།
ན་ནིང་ཞིག་ནས་བོད་པ་ཚང་གི་གྲུ་ཁ་འདི་ན་ཇེ་མང་རེད།།
ལོ་ངོ་དྲུག་ཅུའི་མཛད་རྗེས་རི་མོ་ཚད་མེད་ནམ་མཁའི་མཐའ་ལ་བྲིས།།
བསམ་མི་ཁྱབ་པའི་ཐུགས་བརྩེ་བཀའ་དྲིན་རྒྱ་མཚོ་མེར་བའི་གཏིང་ལས་ཟབ།།
ཕ་ཡུལ་བོར་བའི་ས་མཐའི་ཀློང་གི་ས་ཡ་དྲུག་གི་མགོན་པོ་ཁྱོད།།
སྐྱབས་སུ་མི་བཀུར་བོད་པའི་གྲོང་གི་མྱི་རུལ་དེ་ཚོ་ཞེ་རེ་ལོག།།
ས་ཆེན་གོ་ལའི་རྩེ་མོར་འཕགས་པའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ན།།
ས་ཆེན་གོ་ལའི་ཕར་རོལ་བགྲོད་བའི་དེང་རབས་ཚན་རྩལ་རྒྱས་ན་ཡང་།།
ནང་སེམས་མ་རིག་རྨང་ནས་འཇོམས་ལ་ཁྱོད་ཀྱི་ཞབས་སྐྱེས་འདེགས་པ་སྟེ།།
འཇིག་རྟེན་རྒུད་པ་དྲུང་ནས་འབྱིན་ལ་ཁྱོད་གཅིག་འཛིན་མའི་རྒྱན་དུ་བཞེངས།།
རང་ལྟ་འཛིན་པའི་ཆོས་བའི་སྡེ་ན་ཆོས་རྒྱལ་འབོད་པ་མང་ན་ཡང་།།
རིས་མེད་གྲུབ་མཐའ་ཀུན་གྱིས་བཀུར་བའི་དོན་གྱི་ཆོས་རྒྱལ་ཁྱོད་ལས་སུ།།
གཞན་དོན་འཆད་བཞིན་རང་དོན་བསྒྲུབས་པ་མྱི་ཡི་གཤིས་སུ་གྲུབ་ན་ཡང་།།
སེམས་དཔའ་ཁྱོད་ནི་གཞན་ཕན་དོན་དུ་ཉིན་དང་མཚན་ལ་བྲེལ་འདི་མཚར།།
གོ་ལ་ཟླུམ་པོའི་ཞི་བདེའི་རྩ་བ་རང་སེམས་བདེ་བ་ཡིན་ནོ་ཞེས།།
ཁྱོད་ཀྱི་གསུང་གི་བདུད་རྩིའི་ཆར་རྒྱུན་ས་སྒང་འདི་ལ་བབས་པས་ན།།
འགྲོ་ཁམས་རྒྱ་མཚོའི་སེམས་པའི་ཞིང་ལ་བདེ་དགའི་འོད་སྣང་འཕྱུར་བ་སྟེ།།
འཛམ་གླིང་ཤར་ནུབ་གླིང་བཞིའི་རྩེ་ན་ཁྱོད་རང་དགུང་གི་ཉི་མ་བཞིན།།
དུས་རབས་ཉེར་གཅིག་ཞི་བདེར་འདྲེན་ལ་ཁྱོད་གཅིག་ལམ་སྟོན་ཉག་ཅིག་དང་།།
དུས་རབས་གསར་པའི་ཡོ་ལང་ཁྲོད་ན་ཁྱོད་གཅིག་མཁས་པའི་མཁས་པ་སྟེ།།
ཁྱོད་ནི་གངས་རིའི་གྲོང་ནས་བལྟམས་ཀྱང་ས་ཆེན་གོ་ལའི་མཛེས་རྒྱན་དུ།།
ཉི་མ་ཟླ་བ་ཟུང་དུ་སྦྲེལ་ཡང་འགྲན་མེད་འོད་ཀྱི་གོང་བུར་གྲུབ།།
ལྷ་མོས་བསྟན་པའི་ཨ་མདོ་བུ་ཁྱོད་འཛམ་གླིང་གོ་ལའི་སྐྱབས་མགོན་ཡིན།།
སྐྱོན་ཀུན་བྲལ་བའི་བདག་གི་བླ་མ་དུས་གསུམ་ཀུན་གྱི་སངས་རྒྱས་ཡིན།།
བསྟན་པ་འཛིན་པའི་རྒྱུ་སྐར་དབུས་ན་བདག་གི་བླ་མ་ཟླ་བ་བཞིན།།
ཁ་བ་རི་བའི་སྐྱབས་སུ་ཕེབས་པའི་སྤྱན་རིས་གཟིགས་དབང་རློན་པ་ཡིན།།
ཁྱོད་རང་ཕེབས་པའི་གནས་ཡུལ་གང་ན་སེམས་ཅན་སྐྱིད་ཀྱི་ཉི་མ་ཡོད།།
ཁྱོད་ཀྱིས་གསུང་པའི་ཚིག་སྣེ་རེ་ལ་བྱམས་དང་སྙིང་རྗེའི་བདུད་རྩི་ཡོད།།
ཁྱོད་རང་འཇིག་རྟེན་མི་ལ་རོལ་བའི་ངེས་པ་དོན་གྱི་སེམས་དཔའ་ཡིན།།
ཁྱོད་ནི་མགོ་ནག་ས་ཡ་དྲུག་པོའི་ཚེ་རབས་གཏན་གྱི་སྐྱབས་མགོན་ཡིན།།
ཁྱོད་ནི་ས་ཆེན་གོ་ལའི་པང་ན་འོད་དུ་འཚེར་བའི་ནོར་བུ་ཡིན།།
ཁྱོད་ནི་བྱང་ཕྱོགས་ཁ་བ་རི་བའི་ཉིན་མཚན་གཉིས་ཀྱི་རེ་ལྟོས་ཡིན།།
ཁྱོད་ནི་ནག་ནོག་དྲི་མས་མ་གོས་འདམ་ལས་འཁྲུངས་པའི་པདྨ་ཡིན།།
ཁྱོད་དུས་མཐའི་རྒུད་པའི་མུན་པ་མཐར་བྱེད་ཉི་མའི་དཀྱིལ་འཁོར་ཡིན།།
བདག་གིས་ཕལ་བའི་སེམས་པ་གཉོམ་པོས་ཁྱོད་ལ་སྐྱབས་འཇུག་ཞུ་བཞིན་ཡོད།།
བདག་གིས་ཀྱོག་ཀྱོག་མི་ཚེའི་ལམ་ན་ཁྱོད་ཀྱི་བཀའ་གསུང་བརྩི་བཞིན་ཡོད།།
བདག་གིས་བླ་མ་སྐུ་ཚེ་བརྟན་པའི་སྨོན་ལམ་སྙིང་ནས་འདེབས་བཞིན་དུ།།
བདག་གིས་སྨོན་པའི་དོན་ཀུན་གྲུབ་ནས་བླ་སློབ་བོད་དུ་འཛོམས་པར་ཤོག།
ཉོན་མོངས་དུག་གི་རྩ་བ་མ་ཆད་བླ་མའི་འཁོར་དུ་གྱུར་བར་ཤོག།།
མ་རིག་མུན་པའི་སྤྲིན་ནག་མ་ཡལ་བླ་མའི་བཀའ་གསུང་ཐོབ་པར་ཤོག།།
འཁོར་བའི་སྡུག་གི་བཙོན་ར་འདི་ནས་སངས་རྒྱས་གོ་ འཕངས་ཐོབ་པར་ཤོག།།
འདི་ཕྱི་ཚེ་རབས་གང་དུ་སྐྱེས་ཡང་བླ་མའི་གསུང་དེ་ཐོས་པར་ཤོག།
ཕྱི་ལོ ༢༠༡༣ ལོའི་ཟླ ༦་ཚེས ༡༩་ཉིན་བདག་ཅག་གི་ཚེ་འདི་ཕྱི་ཀུན་ཀྱི་སྐྱབས་མཆོག་དམ་པ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་མཆོག་དགུང་གྲངས་ ༧༨ པ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་རང་ཅག་གངས་ཅན་པ་ཡོངས་ཀྱི་སྡུག་གི་མུན་པ་སེལ་ཏེ་བོད་གངས་ཅན་པའི་ཡུལ་དུ་ཕེབས་ཐུབ་པའི་སྨོན་ལམ་དང་བཅས། དཔེ་མཛོད་ཁང་ནས་དགའ་སྐྱོ་འདྲེས་མའི་ངང་བྲིས་པ་དགེའོ།།
འོ་་་བྲིས་ནོ་ཧྲ་གི
མུ་མཐུན་ནས་བྲིས
མ་བྲིས་ན་རང་ང་མ་བྲིས་ནི་ཡིན
སྙན་ངག་གི་ས་སྟོང་འདི་ཁྱོས་གསུབ་རྒྱུ་ཡིན་པ་འདྲ།