རྡོ་མེ་འབུད།
མུ་ཏིག་གི་ཕྲེང་སྐོར་ཞིག
ག་ལེར་འཐོར་སོང་བའི་ཤུལ་ན།
ཆུ་མིག་ཅིག་ལྷོག་ལྷོག་ངང་གདུ།
དེ་ནི་སུ་ཞིག་གི་ཟུངས་ཁྲག་དང་འབྲེལ་ཡོད་ངེས།
སྲོད་ཁ་ཞིག་སྟེ།
སྐར་མ་ཡང་ཤར་མེད་པའི་སྔ་རོལ་དེར།
ཁྱེད་ཀྱིས་རང་ཉིད་ལ་འཐམ་ནས་གཉིད་དུ་ཡུར། ཡང་གཅིག་བཤད་ན།
དེ་དུས་ཁྱེད་རང་བར་དོ་ལ་ཆས་ཟིན།
གློ་བུར་བའི་དྲག་ཆར་དེ་འདས་རྗེས།
མཚན་མོ་དང་སྐར་ཚོགས་ནི
སྡར་བཞིན་མུན་པའི་ཁུགས་སོར་གཡེང་།
ཆེས་འཇམ་ཐིང་ཐིང་གི་དུས་སྐབས་འདིར
ཁྱེད་རང་མུན་པར་འཐིམས།
ཡིན་ཡང་མུན་པ་འདིའི་ཟབ་ཚད་རྟོགས་མཁན་ནི
གཞན་སུ་ཡང་མེད་དེ
ཐ་ན་མཚན་མོ་རང་ཉིད་ཐེ་བའི།
ད་ནི་ཁྱེད་རང་ཤི་ཟིན།
ཤི་ཟིན་པའི་ཤུལ་ན།
ཁྱེད་ཀྱི་བེམ་པོ་སྲུང་མཁན་ནི།
དྭངས་གཙང་གི་རྣམ་ཤེས་ཁོ་ནའོ།
ཁྱེད་རང་ཤི་ཚུལ་ནི་རྨི་ལམ་བཞིན།
དེ་ནི་རང་ཉིད་གཅིག་བུས་མ་གཏོགས།
གཞན་སུ་དང་གང་གིས་མི་ཤེས་ལ།
དེ་ནི་གསང་བ་ཞིག་སྟེ།
གླེགས་བམ་གྱི་གསེབ་ཏུ་ཚུད་པའི་ཡིག་འབྲུ་བཞིན།
ནམ་མ་ལངས་པའི་སྔ་རོལ་དེར།
སྐྲ་རྐང་ལྟ་བུའི་དབུཊ་རྒྱུ་ཉག་མ་གཅིག་གིས།
ཁྱེད་རང་བསྐྱར་ཏུ་གསོན་ཡོད།
དོན་དངོས་ཐོག་ཁྱེད་ཀྱི་སྐྱེས་བ་འདི་ནི།
མེ་ལོང་ལ་ལྟ་བ་ནང་བཞིན།
རང་ཉིད་རང་གི་གྲིབ་གཟིཊ་ལ་ཐིམ་ཚུལ་ཞིག་རེད།
ཡང་གཅིག་བཤད་ན།
ད་ནི་ཁྱེད་ཀྱི་མིག་ལམ་དུ་མངོན་ཡོང་བ་མཐའ་དག
འོད་དང་ཁ་དོག་ཡིན་པ་དེ་རེད།
ད་ནི་ང་བསྐྱར་ཏུ་གསོན་ཡོད།
ངའི་གྲིབ་གཟིགས་བསྐྱར་ཏུ་གསོན་ཡོད།
ངའི་རྣམ་ཤེས་བསྐྱར་ཏུ་གསོན་ཡོད།