ཀླུ་སྨྱོན།
༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
གྲུབ་མཐའི་གཞུང་ལུགས་སྦྱངས་པ་མཐར་སོན་ཏེ། །གྲུབ་མཐའི་དེ་ཉིད་ཀུ་ཤའི་རྩེ་མོ་བཞིན། །གྲུབ་མཐའ་ཤེས་འདོད་དག་ལ་སྟོན་མཛད་པའི། །གྲུབ་མཐའ་མཁན་པོ་དེ་དག་སྤྱི་བོས་མཆོད། །གངས་རིའི་ཁྲོད་ཀྱི་ལུང་རིགས་སྨྲ་བའི་དབུས། །འཇིགས་མེད་གདོང་ལྔའི་སྒྲ་དབྱངས་སྒྲོགས་མཁས་པ། །མཁས་པའི་དབང་པོའི་གྲུབ་མཐའ་རིན་ཆེན་ཕྲེང་། །སྡོམ་ཚིག་དར་གྱི་སྲད་བུར་བདག་གིས་འདྲེན། །དེ་ཡང་ཚེ་འདིའི་རྙེད་དང་བཀུར་སྟི་དང་། །ཚིགས་སུ་བཅད་པ་དག་ལ་མི་བལྟ་ཞིང་། །སྙིང་ནས་གྲོལ་བ་དོན་གཉེར་གང་ཟག་གིས། །བདག་ཏུ་གྲུབ་པ་མེད་པའི་ལྟ་བ་ཆེ། །ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་ཏེ། །ཟབ་མོའི་ལྟ་དང་བྲལ་ན་བྱམས་པ་དང་། །སྙིང་རྗེ་བྱང་ཆུབ་སེམས་ལ་ཅི་ཙམ་ཞིག །གོམས་པར་བྱས་ཀྱང་སྡུག་བསྔལ་གསུམ་པོ་ཡི། །རྩ་བ་དྲུངས་ནས་འབྱིན་པར་མི་ནུས་ཕྱིར། །འཇམ་དབྱངས་རྣམ་སྤྲུལ་རྗེ་བཙུན་ཙོང་ཁ་པས། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །དེས་ན་ལྟ་བའི་གོལ་ས་སྤང་བ་དང་། །བདག་མེད་ཕྲ་རགས་རིམ་པ་ངེས་བྱའི་ཕྱིར། །རང་དང་གཞན་གྱི་གྲུབ་མཐའི་རྣམ་བཞག་ནི། །མདོར་བསྡུས་བརྗོད་པར་བྱ་བ་འདི་ལ་གཉིས། །སྤྱིར་བསྟན་དང་ནི་བྱེ་བྲག་བཤད་པའོ། །དང་པོ་གྲུབ་མཐའ་ཞེས་པའི་ཐ་སྙད་འདི། །རང་བཟོ་མིན་ཏེ་ལུང་ལས་གསུངས་པའི་ཕྱིར། །ཇི་སྐད་ལང་ཀར་གཤེགས་པའི་མདོ་སྡེ་ལས། །ང་ཡི་ཆོས་ཚུལ་འདི་ལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའི་རྣམ་བཞག་གོ །བློ་དམན་བྱིས་པ་རྣམས་ལ་བསྟན་པ་བཤད། །བློ་ལྡན་རྣལ་འབྱོར་བ་ལ་གྲུབ་མཐའ་འོ། །ཞེས་གསུངས་གང་ཟག་དབྱེ་ན་རྣམ་གཉིས་ཏེ། །གྲུབ་མཐས་བློ་མ་བསྒྱུར་དང་བསྒྱུར་པའོ། །དང་པོ་གཞུང་ལུགས་གང་ལའང་མ་སྦྱངས་པར། །མ་བརྟགས་མ་དཔྱད་ལྷན་སྐྱེས་བསམ་བློ་ཡིས། །ཚེ་འདིའི་བདེ་བ་དོན་དུ་གཉེར་བའོ། །གཉིས་པ་གཞུང་ལུགས་མང་པོར་སྦྱངས་བྱས་ཏེ། །གཞི་ལམ་འབྲས་བུ་གསུམ་གྱི་རྣམ་བཞག་ནི། །གང་ཟག་རང་གི་བློ་ངོར་གྲུབ་པའི་ཚུལ། །ལུང་རིགས་ལམ་ནས་སྨྲ་བར་བྱེད་པ་སྟེ། །གྲུབ་མཐའི་སྒྲ་བཤད་འགྲེལ་བཤད་ཚིག་གསལ་ལས། །གྲུབ་པའི་མཐའ་སྟེ་ལུང་དང་རིགས་པ་ཡིས། །རབ་ཏུ་བསྟན་པར་རང་གི་འདོད་གྲུབ༷་ཅིང་། །དེ་ལས་ཕར་འགྲོ་མེད་པས་མཐ༷འ་ཞེས་གསུངས། །ལུང་དང་རིགས་པ་གང་རུང་ལ་བརྟེན་ནས། །ཐག་བཅད་གྲུབ་པའི་དམ་བཅའི་དོན་དེ་ཉིད། །རང་གི་བློ་ངོར་ངང་ཚུལ་དེ་ཉིད་ལས། །གཞན་དུ་འདོར་བ་མེད་པས་གྲུབ་མཐར་བརྗོད། །
དེ་ལ་ནང་གསེས་དབྱེ་བ་གཉིས་ཡོད་དེ། །ཕྱི་རོལ་པ་དང་ནང་པའི་གྲུབ་མཐའ་འོ། །ཕྱི་བ་ནང་པ་ཙམ་གྱི་ཁྱད་པར་ནི། །སྙིང་ཐག་པ་ནས་དཀོན་མཆོག་རྣམ་གསུམ་ལ། །སྐྱབས་སུ་འགྲོ་བའི་གང་ཟག་ནང་པ་དང་། །དཀོན་མཆོག་གསུམ་ལ་བློ་རྩེ་མི་གཏོད་པར། །འཇིག་རྟེན་ལྷ་ལ་སྐྱབས་འཚོལ་ཕྱི་རོལ་པ། །ཕྱི་ནང་གྲུབ་མཐའ་སྨྲ་བའི་ཁྱད་པར་ནི། །སྟོན་དང་བསྟན་པ་ལྟ་བ་གསུམ་གྱིས་འབྱེད། །དེ་ཡང་རང་སྡེ་རྣམས་ཀྱི་སྟོན་པ་ནི། །སྐྱོན་ཀུན་ཟད་ཅིང་ཡོན་ཏན་རྫོགས་པ་དང་། །བསྟན་པ་སེམས་ཅན་འཚེ་བ་མེད་པ་དང་། །ལྟ་བ་རྟག་པ་གཅིག་བུ་རང་དབང་གི །བདག་གིས་སྟོང་བར་འདོད་པའི་ཁྱད་པར་གསུམ། །གཞན་སྡེ་རྣམས་ནི་དེ་ལས་ཟློག་པ་སྟེ། །སྟོན་པ་སྐྱོན་དང་བཅས་ཤིང་ཡོན་ཏན་ཉུང་། །བསྟན་པ་སེམས་ཅན་གནོད་ཅིང་འཚེ་བ་དང་། །ལྟ་བ་རྟག་པ་གཅིག་བུ་རང་དབང་གི །བདག་ཏུ་གྲུབ་པར་ཁས་ལེན་ཁྱད་པར་གསུམ། །
གཉིས་པ་བྱེ་བྲག་ཕྱེས་ཏེ་བཤད་པ་ལ། །ཕྱི་རོལ་གྲུབ་མཐའི་རྣམ་བཞག་མདོར་བསྡུས་དང་། །རང་སྡེའི་གྲུབ་མཐའི་རྣམ་བཞག་རྒྱས་ཙམ་འཆད། །དང་པོ་གྲུབ་མཐའ་སྨྲ་བའི་ནང་ཚན་དང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་། །དེ་ལས་གཞན་པའི་གཞུང་ལུགས་སྟོན་པ་པོ། །ཡོད་པར་སྙིང་ནས་ཁས་ལེན་གང་ཟག་དེ། །ཕྱི་རོལ་གྲུབ་མཐའ་སྨྲ་བའི་མཚན་ཉིད་དོ། །དེ་ལ་རྒྱས་པར་དབྱེ་ན་མཐའ་ཡས་ཀྱང་། །བསྡུ་ན་ཁྱབ་འཇུག་པ་དང་དབང་ཕྱུག་པ། །རྒྱལ་བ་པ་དང་དྲང་སྲོང་སེར་སྐྱ་པ། །ཕུར་བུ་པ་བཅས་རྟོག་གེ་སྡེ་ལྔར་གྲགས། །རྩ་བའི་སྡེ་དྲུག་ཏུ་ཡང་བཤད་པ་སྟེ། །བྱེ་བྲག་པ་དང་རིག་པ་ཅན་པ་དང་། །གྲངས་ཅན་པ་དང་དཔྱོད་པ་བ་དང་ནི། །གཅེར་བུ་པ་དང་རྒྱང་འཕེན་པ་རྣམས་སོ། །དེ་རྣམས་དང་པོ་ལྔ་ནི་རྟག་ལྟ་དང་། །ཕྱི་མ་རྒྱང་འཕེན་པ་ནི་ཆད་ལྟ་འོ། །དེ་ཡང་བྱེ་བྲག་པ་དང་རིག་པ་ཅན། །གཉིས་ནི་རིམ་བཞིན་དྲང་སྲོང་གཟེགས་ཟན་དང་། །བྲམ་ཟེ་རྐང་མིག་གཉིས་ཀྱི་རྗེས་འབྲངས་ཏེ། །འདི་གཉིས་ནང་གསེས་འདོད་པའི་ཁྱད་པར་ནི། །མི་མཐུན་ཅུང་ཞིག་ཡོད་ཀྱང་རྩ་བ་ཡི། །གྲུབ་མཐའ་སྤྱི་ཡི་འདོད་ཚུལ་མཐུན་པ་འོ། །
དེ་ཡང་བྱེ་རིག་གཉིས་ཀྱི་འདོད་ཚུལ་ནི། །ཤེས་བྱ་ཐམས་ཅད་རྫས་དགུར་འདུས་པ་དང་། །ཁྲུས་དང་དབང་བསྐུར་པ་དང་སྨྱུང་གནས་དང་། །མཆོད་སྦྱིན་སྦྱིན་སྲེག་ལ་སོགས་ཐར་ལམ་འདོད། །ནམ་ཞིག་དུས་ན་བླ་མའི་མན་ངག་ལས། །རྣལ་འབྱོར་བསྒོམས་ཏེ་བདག་དབང་སོགས་རྣམས་ལས། །དོན་གཞན་དུ་ཤེས་དེ་ཁོ་ན་ཉིད་མཐོང་། །ཚིག་གི་དོན་དྲུག་རང་བཞིན་ཁོང་ཆུད་ཚེ། །བདག་ནི་ཁྱབ་པའི་རང་བཞིན་ཡིན་ན་ཡང་། །བྱེད་པ་མེད་པའི་རང་བཞིན་ངོ་འཕྲོད་དེ། །ཆོས་དང་ཆོས་མ་ཡིན་པ་གང་རུང་གི །ལས་ནི་གང་ཡང་གསོག་པར་མི་བྱེད་ཅིང་། །ལས་གསར་མ་བསགས་རྙིང་པ་ཟད་པ་ཡིས། །སླར་བླངས་ལུས་དང་དབང་པོ་བློ་དང་ནི། །བདེ་སྡུག་འདོད་སྡང་ལ་སོགས་བདག་བྲལ་ཞིང་། །གསར་པའི་ལུས་དང་དབང་པོ་མ་བླངས་པས། །བུད་ཤིང་ཟད་པའི་མེ་དང་འདྲ་བར་ནི། །སྐྱེ་བའི་རྒྱུན་ཆད་དེ་ཚེ་བདག་འབའ་ཞིག །གྱུར་པའི་ཚེ་ན་ཐར་པ་ཐོབ་ཅེས་ཟེར། །
གྲངས་ཅན་པ་ནི་དྲང་སོང་སེར་སྐྱ་ཡི། །རྗེས་འབྲངས་ཤེས་བྱ་ཐམས་ཅད་ཉེར་ལྔ་རུ། །གྲངས་ངེས་དེ་ཡང་བདག་དང་གཙོ་བོ་དང་། །ཆེན་པོ་ང་རྒྱལ་དེ་ཙམ་ལྔ་དང་ནི། །དབང་པོ་བཅུ་གཅིག་འབྱུང་བ་ལྔ་བཅས་སོ། །དེ་ཙམ་ལྔ་ནི་གཟུགས་སྒྲ་དྲི་རོ་རེག །དབང་བོ་བཅུ་གཅིག་བློ་ཡི་དབང་པོ་ལྔ། །ལས་ཀྱི་དབང་པོ་ལྔ་དང་ཡིད་དབང་ངོ་། །བློ་དབང་ལྔ་ནི་མིག་རྣ་སྣ་ལྕེ་པགས། །ལས་དབང་ལྔ་ནི་ངག་ལག་རྐང་རྐུབ་འདོམས། །འབྱུང་ལྔ་ས་ཆུ་མེ་རླུང་ནམ་མཁའ་འོ། །
དེ་དག་རྣམས་ལས་སྐྱེས་བུ་ཤེས་པ་དང་། །ལྷག་མ་ཉེར་བཞི་འདུས་བསགས་བེམ་པོར་འདོད། །གཙོ་བོ་སྐྱེས་བུ་གཉིས་ནི་དོན་དམ་དང་ །གཞན་རྣམས་ཀུན་རྫོབ་བདེན་པ་ཡིན་པར་འདོད། །དེ་ལ་རྒྱུ་ཡིན་འབྲས་བུ་མིན་པ་དང་། །གཉིས་ཀ་ཡིན་དང་འབྲས་ཡིན་རྒྱུ་མ་ཡིན། །གཉིས་ཀ་མིན་པའི་མུ་དང་བཞིར་འདོད་དེ། །དང་པོ་སྤྱི་གཙོ་བོ་དང་གཉིས་པ་ནི། །བློ་དང་ང་རྒྱལ་དེ་ཙམ་ལྔ་སྟེ་བདུན། །མུ་གསུམ་པ་ནི་ལྷག་མ་བཅུ་དྲུག་དང་། །བཞི་པར་སྐྱེས་བུ་འདོད་པ་ཤེས་པར་བྱ། །དེ་ཡང་དབང་ཕྱུག་ནག་པོའི་རྒྱུད་ལས་ནི། །རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་བདུན་སོགས་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བཤད་དེ་ཡང་རྩ་བའི་རང་བཞིན་དང་། །སྤྱི་དང་གཙོ་བོ་དོན་གཅིག་ཁྱད་ཆོས་ནི། །དྲུག་ལྡན་ཤེས་བྱ་ཞིག་ཏུ་འདོད་པ་དང་། །སྐྱེས་བུ་བདག་ཤེས་རིག་རྣམས་དོན་གཅིག་གོ །
ལྷག་པ་ཉེར་གསུམ་པོ་ཡི་སྐྱེ་ཚུལ་ནི། །གང་ཚེ་སྐྱེས་བུར་ཡུལ་ལ་ལོངས་སྤྱོད་པའི། །འདོད་པ་སྐྱེས་ཚེ་རྩ་བའི་རང་བཞིན་གྱིས། །སྒྲ་ལ་སོགས་པའི་རྣམ་འགྱུར་སྤྲུལ་བར་བྱེད། །དེ་ཡང་གཙོ་བོ་ལས་ནི་ཆེན་པོ་དང་། །བློ་དང་ཆེན་པོ་མིང་གི་རྣམ་གྲངས་ཏེ། །དེ་ཡང་ཕྱི་ནས་ཡུལ་དང་ནང་རོལ་ཏུ། །སྐྱེས་བུའི་གཟུགས་འཆར་མེ་ལོང་ངོས་གཉིས་བཞིན། །དེ་ལས་ང་རྒྱལ་སྐྱེ་ཞིང་དེ་ལ་ཡང་། །རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། །སྙིང་སྟོབས་ཅན་དང་མུན་པ་ཅན་ཏེ་གསུམ། །དང་པོ་ལས་ནི་དེ་ཙམ་ལྔ་སྐྱེ་ཞིང་། །དེ་ལས་འབྱུང་བ་ལྔ་ནི་སྐྱེ་བ་དང་། །གཉིས་པ་ལས་ནི་དབང་པོ་བཅུ་གཅིག་སྐྱེ། །གསུམ་པར་ང་རྒྱལ་གཞན་གཉིས་འཇུག་པར་འདོད། །ལོང་བ་རྐང་ཅན་ལྟ་བུའི་རང་བཞིན་དང་། །ཞ་བོ་མིག་ཅན་ལྟ་བུའི་སྐྱེས་བུ་གཉིས། །གཅིག་ཏུ་འཁྲུལ་ཏེ་རྩ་བའི་རང་བཞིན་གྱིས། །རྣམ་འགྱུར་སྤྲུལ་བའི་ཚུལ་ནི་མ་ཤེས་པའི། །དབང་གིས་འཁོར་བར་འཁོར་བར་འདོད་པ་འོ། །ནམ་ཞིག་བླ་མས་ཉེ་བར་བསྟན་པ་ཡི། །མན་ངག་ཐོས་པ་ལ་བརྟེན་རྣམ་འགྱུར་དག །རང་བཞིན་གྱིས་སྤྲུལ་ཙམ་དུ་ཟད་དོ་ཞེས། །ངེས་ཤེས་ལྷག་པར་སྐྱེས་པའི་དུས་ཉིད་དུ། །རིམ་གྱིས་ཡུལ་ལ་དམིགས་པའི་ཆགས་པ་དང་། །བྲལ་བར་གྱུར་ཚེ་བསམ་གཏན་ལ་བརྟེན་ནས། །ལྷ་ཡི་མིག་གིས་མངོན་ཤེས་རབ་བསྐྱེད་ཅིང་། །དེ་ཡིས་གཙོ་བོར་དམིགས་ནས་བལྟས་པའི་ཚེ། །དེ་ནི་གཞན་གྱི་བུད་མེད་ཇི་བཞིན་དུ། །ངོ་ཚས་སྐྱེངས་ཏེ་རྣམ་འགྱུར་ཉེར་བསྡུས་ཏེ། །རང་བཞིན་ཡན་གར་གནས་པ་དེ་ཡི་ཚེ། །རྣལ་འབྱོར་པ་ཡི་བློ་ངོར་ཀུན་རྫོབ་ཀྱི། །སྣང་བ་ཐམས་ཅད་ལོག་སྟེ་སྐྱེས་བུ་ཡིས། །ཡུལ་ལ་ལོངས་སྤྱོད་མེད་ཅིང་བྱེད་པ་ཡང་། །མེད་པར་གནས་ཚེ་ཐར་པ་ཐོབ་པར་འདོད། །
དཔྱོད་པ་བ་ནི་རྒྱལ་དཔོག་རྗེས་འབྲངས་ཏེ། །རིག་བྱེད་ལ་ནི་གང་སྣང་རང་བྱུང་སྟེ། །དེ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས། །སྒྲོ་བཏགས་མཆོད་སྦྱིན་ལ་སོགས་འབའ་ཞིག་གིས། །མཐོ་རིས་གོ་འཕང་ཐོབ་པར་འདོད་པ་དང་། །དེ་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ལས། །གྲོལ་པའི་ཐར་བ་ཙམ་དུ་ཁས་ལེན་ཀྱང་། །སྡུག་བསྔལ་ཉེར་ཞིའི་ཐར་པ་མི་འདོད་དེ། །དྲི་མ་སེམས་ཀྱི་རང་བཞིན་ཞུགས་ཕྱིར་དང་། །ཐམས་ཅད་མཁྱེན་མེད་ཤེས་བྱ་མཐའ་ཡས་ཕྱིར། །དེ་བས་བདེན་པའི་ངག་ཀྱང་མེད་པར་འདོད། །
གཅེར་བུ་པ་ནི་རྒྱལ་བ་དམ་པ་ཡི། །རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བ་དང་། །ཤེས་བྱ་ཐམས་ཅད་དོན་དགུར་འདུས་པ་སྟེ། །སྲོག་ཟག་སྡོམ་པ་ངེས་པར་རྒ་བ་དང་། །འཆིང་ལས་སྡིག་དང་བསོད་ནམས་ཐར་པ་འོ། །དེ་ལ་དང་པོ་སྲོག་ནི་བདག་ཡིན་ལ། །སྐྱེས་བུ་རྣམས་ཀྱི་ལུས་ཀྱི་ཚད་ཅི་བཞིན། །ཡོད་པ་ངོ་བོ་རྟག་ལ་གནས་སྐབས་སུ། །མི་རྟག་པ་ཡི་རང་བཞིན་ཅན་ཡིན་ནོ། །ཟག་པ་དགེ་དང་མི་དགེའི་ལས་རྣམས་ཏེ། །དེ་ཡི་དབང་གིས་འཁོར་བར་ཟག་པར་བྱེད། །སྡོམ་པ་ཟག་པ་འགོག་པར་བྱེད་པ་སྟེ། །ལས་གསར་མི་གསོག་པ་ཡི་ཕྱིར་ན་འོ། །ངེས་པར་རྒ་བ་སྐོམ་མི་འཐུང་བ་དང་། །གདུང་བ་ལ་སོགས་དཀའ་ཐུབ་སྒོ་ནས་ནི། །སྔོན་བསགས་ལས་རྣམས་ཟད་པར་བྱེད་པ་དང་། །འཆིང་བའི་ངོ་བོ་ལོག་པར་ལྟ་བ་འོ། །ལས་ནི་རྣམ་པ་བཞི་རུ་བཀྲལ་བ་སྟེ། །ཕྱིས་ནས་མྱོང་འགྱུར་མིང་དང་རུས་དང་ཚེ། །སྡིག་པ་ཆོས་མིན་བསོད་ནམས་ཆོས་སུ་འདོད། །ཐར་པ་གཅེར་བུ་དང་ནི་ངག་མི་སྨྲ། །མེ་ལྔ་བརྟེན་པ་ལ་སོགས་དཀའ་ཐུབ་ཀྱི། །སྤྱོད་པ་ལ་བརྟེན་སྔར་བྱས་ལས་ཟད་ཅིང་། །ལས་གསར་མ་བསགས་འཇིག་རྟེན་ཐམས་ཅད་ཀྱི། །སྟེང་གནས་འཇིག་རྟེན་འདུས་པ་ཞེས་བྱ་བ། །དབྱིབས་ནི་གདུགས་དཀར་གྱེན་དུ་བསླངས་པ་བཞིན། །མདོག་ནི་ཞོ་འམ་ཀུ་མུ་ཏ་ལྟར་དཀར། །ཚད་ནི་དཔག་ཚད་འབུམ་ཕྲག་ཞེ་ལྔ་ཡོད། །སྲོག་ཡོད་པ་ཡིས་དངོས་པོ་ཡིན་པ་དང་། །འཁོར་བ་ལས་གྲོལ་དངོས་མེད་ཡིན་པ་དེར། །འགྲོ་སྟེ་གནས་དེར་ཐར་པ་ཞེས་བྱ་འོ། །དེ་སྐད་དུ་ཡང་རྒྱལ་བ་དམ་པ་ཡིས། །ཁ་བ་རྒྱ་སྤོས་མེ་ཏོག་བ་ཞོ་དང་། །བ་མོ་མུ་ཏིག་མདོག་དང་གདུགས་དཀར་དབྱིབས། །ཐར་པ་ཡིན་པར་རྒྱལ་བས་བཤད་ཅེས་འབྱུང་། །
རྒྱང་འཕེན་པ་ནི་སྐྱེ་བ་སྔ་མ་ནས། །འདིར་འོང་མེད་དེ་སྔ་མ་མ་མཐོང་ཕྱིར། །གློ་བུར་ལུས་ལས་གློ་བུར་སེམས་གྲུབ་སྟེ། །གློ་བུར་མེ་ལས་གློ་བུར་འོད་གྲུབ་བཞིན། །སྐྱེ་བ་འདི་ནས་ཕྱི་མར་འགྲོ་བ་ཡང་། །མེད་དེ་ལུས་སེམས་རྫས་གཅིག་ལུས་འཇིག་ཚེ། །བློ་འཇིག་རྡོ་འཇིག་རྡོ་ཡི་རི་མོ་བཞིན། །དེས་ན་འདི་ཡིས་གཞལ་བྱ་རང་མཚན་དང་། །ཚད་མ་ལ་ནི་མངོན་སུམ་ཚད་མས་ཁྱབ། །སྤྱི་མཚན་རྗེས་དཔག་ཚད་མ་ཁས་མི་ལེན། །རྒྱང་འཕེན་པ་ཡི་ཁྱད་པར་འགའ་ཞིག་ནི། །དངོས་པོ་རྒྱུ་མེད་ངོ་བོ་ཉིད་བྱུང་སྟེ། །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་མདོང་ལ་སོགས་པའི་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །
གཉིས་པ་རང་སྡེ་གྲུབ་མཐའི་རྣམ་བཞག་ལ། །སྤྱིར་བསྟན་པ་དང་བྱེ་བྲག་བཤད་པ་འོ། །དང་པོ་མཉམ་མེད་ཤྰཀྱའི་རྒྱལ་པོ་དེས། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །མཐའ་མར་རྡོ་རྗེ་གདན་དུ་སངས་རྒྱས་ཏེ། །ཝྰ་ར་ཎ་སྰིར་ལྔ་སྡེ་བཟང་པོ་ལ། །དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ནས་བྱ་རྒོད་ཕུང་པོའི་རི་བོའི་རྩེར། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། །དེ་ནས་ཡངས་པ་ཅན་སོགས་གནས་རྣམས་སུ། །ཐ་མ་ལེགས་ཕྱེའི་ཆོས་འཁོར་རྒྱ་ཆེར་བསྐོར། །མུ་སྟེགས་སྟོན་པ་དྲུག་ལ་སོགས་པ་ཡི། །སྨྲ་བ་ངན་པ་ཐམས་ཅད་ཟིལ་མནན་ནས། །ཕན་བདེའི་འབྱུང་གནས་ཀུན་མཁྱེན་སངས་རྒྱས་ཀྱི། །བསྟན་པ་རིན་ཆེན་དར་ཞིང་རྒྱས་པར་མཛད། །དེ་ཡི་འོག་ཏུ་འགྲེལ་བྱེད་སློབ་དཔོན་ཚོས། །འཁོར་ལོ་གསུམ་གྱི་དགོངས་པ་སོ་སོ་རུ། །བཀྲལ་པས་གྲུབ་མཐའ་སྨྲ་བ་བཞི་བྱུང་སྟེ། །དེ་དག་རྣམས་ལས་དོན་སྨྲ་སྡེ་གཉིས་ཀྱིས། །འཁོར་ལོའི་དང་པོའི་རྗེས་སུ་འབྲངས་པ་དང་། །ངོ་བོ་ཉིད་མེད་སྨྲ་བས་བར་པ་དང་། །རྣལ་འབྱོར་སྤྱོད་རྣམས་འཁོར་ལོ་ཐ་མ་ཡི། །རྗེས་འབྲངས་གཞི་ལམ་འབྲས་གསུམ་རྣམ་བཞག་བྱེད། །རང་སྡེ་སྟོན་པའི་རྗེས་སུ་འབྲངས་པ་ཡི། །གྲུབ་མཐའ་སྨྲ་བར་བྱེ་མདོ་དབུ་སེམས་ཏེ། །བཞི་རུ་གྲངས་ངེས་དེ་ལས་ལོགས་གྱུར་པའི། །གྲུབ་མཐའ་ལྔ་པ་ཐེག་པ་བཞི་པ་མེད། །རྡོ་རྗེ་སྙིང་འགྲེལ་ལས་ནི་སངས་རྒྱས་པར། །ཐེག་པ་བཞི་པ་གྲུབ་མཐའ་ལྔ་པ་ནི། །ཐུབ་པའི་དགོངས་པ་མིན་ཞེས་གསུངས་པ་འོ། །རང་རྒྱུད་མན་ཆད་རང་སྡེ་འདི་དག་ནི། །ཐལ་འགྱུར་ལུགས་ལ་རྟག་ཆད་མཐར་ལྟུང་ཡང་། །རང་རང་ལུགས་ལ་དབུ་མར་འདོད་པ་སྟེ། །རྟག་ཆད་མཐའ་བྲལ་དབུས་སྨྲ་རློམ་པའི་ཕྱིར། །
གྲུབ་མཐའ་བཞི་ཡི་མཐའ་གཉིས་སྤོང་ཚུལ་ནི། །བྱེ་སྨྲས་འབྲས་སྐྱེ་རྒྱུ་འགག་རྟག་མཐའ་སྤོང་། །རྒྱུའི་མཇུག་འབྲས་བུ་འབྱུང་བས་ཆད་མཐའ་སྤོང་། །མདོ་སྡེ་པ་དག་འདུས་བྱས་ཆོས་རྣམས་ཀུན། །རྒྱུན་ཆད་མེད་པར་འཇུག་པས་ཆད་མཐའ་སྤོང་། །སྐད་ཅིག་འཇིག་པས་རྟག་པའི་མཐའ་གྲོལ་འདོད། །སེམས་ཙམ་ཀུན་བཏགས་བདེན་པར་མ་གྲུབ་པས། །རྟག་པའི་མཐའ་སྤོང་གཞན་དབང་བདེན་གྲུབ་ཀྱིས། །ཆད་པའི་མཐའ་ལས་གྲོལ་ཅེས་འདོད་པ་འོ། །དབུ་བ་པ་ཡིས་ཆོས་རྣམས་ཐ་སྙད་དུ། །ཡོད་པས་ཆད་མཐའ་ལས་གྲོལ་དོན་དམ་དུ། །མེད་པས་རྟག་པའི་མཐའ་ལས་གྲོལ་བར་བཞེད། །གྲུབ་མཐའ་གོང་མ་གོང་མས་འོག་མ་ཚོའི། །ཐུན་མིན་གྲུབ་མཐའ་འགོག་པར་བྱེད་ན་ཡང་། །འོག་མ་འོག་མའི་ལྟ་བ་གོ་བ་དེ། །གོང་མའི་ལྟ་བ་གོ་བའི་ཐབས་དམ་པར། །སྣང་བས་གྲུབ་མཐའ་གོང་མར་མཆོག་བཟུང་ནས། །འོག་མ་དག་ལ་སྡང་བར་མི་བྱ་འོ། །ལྟ་བ་བཀར་བཏགས་ཕྱག་རྒྱ་བཞི་པོ་དེ། །ཁས་ལེན་ནང་པའི་གྲུབ་མཐའ་སྨྲ་བར་འདོད། །འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་དང་། །ཆོས་རྣམས་བདག་མེད་མྱང་འདས་ཞི་བ་འོ། །གནས་མ་བུ་པས་བདག་ཁས་བླངས་པ་ཡིས། །ནང་པའི་གྲུབ་མཐའ་སྤོང་བར་མི་འགྱུར་ཏེ། །དེ་ཡི་བདག་ནི་རང་རྐྱ་ཐུབ་པའི་རྫས། །ཕྱག་རྒྱ་བཞི་ཡི་ནང་གི་བདག་མེད་ནི། །རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་ཡི། །བདག་ཡིན་དེ་ནི་མང་བཀུར་སྡེ་ལྔས་འདོད། །
གཉིས་པ་རང་སྡེ་བྱེ་བྲག་བཤད་པ་ལ། །བྱེ་མདོ་སེམས་ཙམ་པ་དང་དབུ་མ་པ། །
བྱེ་སྨྲ་མཚན་ཉིད་དབྱེ་བ་སྒྲ་བཤད་དང་། །འདོད་ཚུལ་བཞི་ལས་དང་པོ་མཚན་ཉིད་ནི། །རང་རིག་མི་འདོད་ཕྱི་དོན་བདེན་གྲུབ་ཏུ། །འདོད་པའི་ཐེག་དམན་གྲུབ་སྨྲ་བྱེ་སྨྲ་བ། །དབྱེ་ན་ཁ་ཆེའི་བྱེ་སྨྲ་ཉི་འོག་པ། །ཡུལ་དབུས་བྱེ་བྲག་སྨྲ་བ་གསུམ་དུ་ཡོད། །གསུམ་པ་དབྱིག་བཤེས་ཆོས་ཅན་ཁྱོད་རང་ལ། །བྱེ་བྲག་སྨྲ་བ་ཞེས་བརྗོད་རྒྱུ་མཚན་ནི། །ཡོད་དེ་བྱེ་བྲག་བཤད་མཚོ་ཆེན་མོ་ཡི། །རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་སམ། །ཡང་ན་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ། །སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བརྗོད་དོ། །བཞི་པ་གཞི་ལམ་འབྲས་བུའི་འདོད་ཚུལ་དང་། །དང་པོར་ཡུལ་དང་ཡུལ་ཅན་འདོད་ཚུལ་ལོ། །དང་པོ་ལུགས་འདིས་ཤེས་བྱ་ཡོད་དོ་ཅོག །གཞི་ལྔར་འདུས་འདོད་སྣང་བ་གཟུགས་ཀྱི་གཞི། །གཙོ་བོ་སེམས་གཞི་འཁོར་འདུས་སེམས་བྱུང་གཞི། །ལྡན་མིན་འདུ་གཞི་འདུས་མ་བྱས་གཞི་སོ། །གཞི་ལྔ་དག་ཀྱང་དངོས་པོར་འདོད་པ་སྟེ། །དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་དང་། །ཡོད་པ་ཤེས་བྱ་དངོས་པོ་དོན་གཅིག་གོ །འདུས་མ་བྱས་ཆོས་རྟག་པའི་དངོས་པོ་དང་། །གཟུགས་ཤེས་ལྡན་མིན་འདུ་བྱེད་མི་རྟག་དངོས། །དངོས་པོར་རྫས་གྲུབ་ཀྱིས་ཁྱབ་རྫས་ཡོད་ཀྱིས། །མ་ཁྱབ་དོན་དམ་བདེན་པ་རྫས་ཡོད་དང་། །དོན་གཅིག་ཀུན་རྫོབ་བདེན་དང་བཏགས་ཡོད་གཅིག །དབྱེ་ན་བདེན་པ་གཉིས་སུ་དབྱེ་བ་དང་། །ཟག་བཅས་ཟག་མེད་གཉིས་སུ་དབྱེ་བ་དང་། །འཕྲོས་དོན་གཞན་དག་བསྟན་པ་གསུམ་དུ་འདུ། །དང་པོར་བཅོམ་མམ་བློ་ཡིས་ཆ་ཤས་སུ། །སོར་བསལ་རང་འཛིན་བློ་འདོར་ཆོས་དམིགས་དེ། །ཀུན་རྫོབ་བདེན་པའི་མཚན་ཉིད་མཚན་གཞི་ནི། །རྫ་བུམ་དང་ནི་ཕྲེང་བ་སོགས་ཡིན་ཏེ། །རྫ་བུམ་ཐོ་བས་བཅོམ་ཚེ་རྫ་བུམ་དུ། །འཛིན་པའི་བློ་འདོར་ཕྲེང་རྡོག་བསལ་བ་ན། །ཕྲེང་བར་འཛིན་པའི་བློ་ནི་འདོར་བའི་ཕྱིར། །བཅོམ་མམ་བློ་ཡིས་ཆ་ཤས་སོར་བསལ་ན། །རང་འཛིན་བློ་མི་འདོར་བའི་ཆོས་སུ་དམིགས། །དོན་དམ་བདེན་པའི་མཚན་ཉིད་མཚན་གཞི་ནི། །རྡུལ་ཕྲན་ཕྱོགས་ཆ་མེད་དང་ཤེས་པ་ནི། །སྐད་ཅིག་ཆ་མེད་འདུས་མ་བྱས་ཀྱི་མཁའ། །མཛོད་ལས་གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་བུམ་ཆུ་བཞིན། །ཀུན་རྫོབ་ཏུ་ཡོད་དོན་དམ་ཡོད་གཞན་གསུངས། །དེས་ན་ཀུན་རྫོབ་བདེན་རྣམས་དོན་དམ་དུ། །མ་གྲུབ་བདེན་གྲུབ་ཏུ་ནི་འདོད་པ་སྟེ། །ལུགས་འདིས་དངོས་པོར་བདེན་གྲུབ་ཁྱབ་པར་འདོད། །གཉིས་པ་དམིགས་པ་མཚུངས་ལྡན་གང་རུང་སྒོས། །ཟག་པ་རྒྱས་སུ་རུང་བ་ཟག་བཅས་ཀྱི། །མཚན་ཉིད་མཚན་གཞི་ཕུང་པོ་ལྔ་ལྟ་བུ། །དེ་ལས་ལྡོག་པ་ཟག་བཅས་ཀྱི་མཚན་ཉིད། །མཚན་གཞི་ལམ་བདེན་དང་ནི་འདུས་མ་བྱས། །མཛོད་ལས་ལས་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་དང་ཟག་མེད་ལམ་བདེན་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ་ཞེས་གསུངས། ཟག་བཅས་སྤང་བྱས་ཁྱབ་སྟེ་ཚོགས་སྦྱོར་བཞིན། །མཐོང་ལམ་ཟག་མེད་ཁོ་ན་སྒོམ་ལམ་དང་། །མི་སློབ་ལམ་ལ་ཟག་བཅས་ཟག་མེད་གཉིས། །འཕགས་ལམ་ལ་ནི་ཟག་མེད་ཀྱིས་ཁྱབ་ཀྱང་། །འཕགས་རྒྱུད་ལམ་ལ་མ་ཁྱབ་སྒོམ་ལམ་པའི། །ཞི་རགས་རྣམ་ཅན་ལམ་བདེན་ཟག་མེད་དོ། །
གསུམ་པ་འཕྲོས་དོན་གཞན་ནི་དུས་གསུམ་རྫས། །བུམ་པ་བུམ་པའི་འདས་པའི་དུས་སུ་ཡོད། །དེ་བཞིན་མ་འོངས་དུས་སུའང་ཡོད་པར་འདོད། །དགག་སྒྲུབ་ཁས་ལེན་མེད་དགག་མི་འདོད་དེ། །དགག་ལ་མ་ཡིན་དགག་གིས་ཁྱབ་པར་འདོད། །ཁ་ཆེ་བྱེ་སྨྲ་མདོ་སྡེ་པ་བཞིན་དུ། །ལས་འབྲས་རྟེན་དུ་རྣམ་ཤེས་རྒྱུན་ཁས་ལེན། །དེ་མ་གཏོགས་པའི་བྱེ་སྨྲ་ལས་འབྲས་ཀྱི། །འབྲེལ་བའི་རྟེན་དུ་ཐོབ་དང་བུ་ལོན་གྱི། །དཔང་རྒྱ་འདྲ་བའི་ཆུད་མི་ཟ་བ་ཞེས། །ལྡན་མིན་འདུ་བྱེད་གྱུར་པ་ཁས་ལེན་ཞིང་། །ཐལ་འགྱུར་བ་དང་འདི་ཡི་ལུགས་ལ་ནི། །ལུས་ངག་ལས་ནི་གཟུགས་ཅན་དུ་འདོད་དོ། །འདུས་བྱས་ཆོས་ལ་མི་རྟག་པས་ཁྱབ་ཀྱང་། །སྐད་ཅིག་རེ་རེར་འཇིག་པས་མ་ཁྱབ་སྟེ། །སྐྱེས་ཟིན་འོག་ཏུ་གནས་པའི་བྱ་བ་དང་། །དེའི་འོག་འཇིག་པའི་བྱ་བ་འཇུག་པར་འདོད། །
གཉིས་པ་ཡུལ་ཅན་གྱི་ནི་འདོད་ཚུལ་ལ། །གང་ཟག་ཤེས་པ་རྗོད་བྱེད་སྒྲ་དང་གསུམ། །དང་པོ་གདགས་གཞི་ཕུང་པོ་ལྔའི་ཚོགས་ཙམ། །གང་ཟག་མཚན་ཉིད་མང་བཀུར་ཁ་ཅིག་གིས། །ཕུང་པོ་ལྔ་ཆར་གང་ཟག་མཚན་གཞི་དང་། །སྲུང་བ་པ་ཡིས་སེམས་གཅིག་པུ་འདོད་དོ། །གཉིས་པར་ཚད་མ་དང་ནི་ཚད་མིན་གཉིས། །དང་པོར་མངོན་སུམ་རྗེས་དཔག་ཚད་མ་གཉིས། །དང་པོར་དབང་ཡིད་རྣལ་འབྱོར་མངོན་སུམ་གསུམ། །ཡོད་ཀྱང་རང་རིག་མངོན་སུམ་ཁས་མི་ལེན། །དབང་མངོན་ཚད་མར་ཤེས་པས་མ་ཁྱབ་སྟེ། །མིག་དབང་གཟུགས་ཅན་བེམ་པོ་ལྟ་བ་དང་། །ཚད་མ་གསུམ་ཀའི་གཞི་མཐུན་ཡིན་པའི་ཕྱིར། །དབང་པོའི་ཤེས་པས་ཡུལ་རྣམས་རྣམ་མེད་དུ། །རྗེན་ཆར་གཞལ་ཞིང་རྟེན་བཅས་མིག་གི་དབང་། །གཟུགས་ཅན་པས་ཀྱང་གཟུགས་བརྙན་མཐོང་འདོད་དེ། །གལ་ཏེ་རྣམ་ཤེས་ཁོ་ནས་མཐོང་ན་ནི། །རྩིགས་སོགས་བར་ཆོད་གཟུགས་ཀྱང་མཐོང་འགྱུར་ཞིང་། །སེམས་དང་སེམས་བྱུང་ཐ་དད་རྫས་སུ་འདོད། །
གསུམ་པ་སྤྱིར་གཏང་སྒྲ་ཙམ་ལ་དབྱེ་ན ། །ཟིན་པའི་སྒྲ་དང་མ་ཟིན་སྒྲ་གཉིས་ཡོད། །རིམ་བཞིན་སྐྱེས་བུའི་ངག་དང་ཆུ་ཡི་སྒྲ། །ཟིན་དང་མ་ཟིན་རེ་རེར་སེམས་ཅན་ལ། །སྟོན་དང་མི་སྟོན་དབྱེ་བས་གཉིས་གཉིས་ཡོད། །སེམས་ཅན་སྟོན་དང་ངག་རིག་རྗོད་བྱེད་མཚུངས། །སེམས་ཅན་མི་སྟོན་ལ་སོགས་དེ་བཞིན་འགྲེ། །བཀའ་བསྟན་གཉིས་ཀྱང་མིང་ཚིག་ཡི་གེའི་ཚོགས། །འདུས་བདག་སྒྲ་སྤྱི་ལྡན་མིན་འདུ་བྱེད་འདོད། །ལུགས་འདིར་བེམ་པོ་ལྡན་མིན་འདུ་བྱེད་གཉིས། །འགལ་བ་མིན་པར་སྙམ་མོ་ཤེས་ལྡན་དག །
གསུམ་པ་འབྲས་བུའི་རྣམ་བཞག་ཉན་ཐོས་ཀྱི། །རིགས་ཅན་རྣམས་ཀྱིས་མི་རྟག་སོགས་བཅུ་དྲུག །ཚེ་གསུམ་སོགས་གོམས་མཐར་ནི་ཉན་ཐོས་ཀྱི། །སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཉོན་སྒྲིབ་ཐོབ་པ་ཆད་པའི་ཚུལ་སྤངས་ཏེ། །དགྲ་བཅོམ་པ་ཡི་འབྲས་བུ་མངོན་དུ་བྱེད། །བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་ནི། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས། །གཞི་ནས་སྟོང་པར་རྟོགས་པའི་ལྟ་བ་དེ། །བསྐལ་ཆེན་བརྒྱ་ལ་སོགས་པའི་ཚོགས་སྦྲེལ་ཏེ། །ཚོགས་ལམ་ཆེན་པོའི་བར་དུ་ཉམས་བླངས་ནས། །སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར། །སྟན་ཐོག་གཅིག་ལ་མངོན་དུ་བྱེད་པ་འོ། །དམན་པའི་དགྲ་བཅོམ་རང་གི་སྤངས་རྟོགས་ལས། །ཉམས་ནས་རྒྱུན་ཞུགས་འགྱུར་བར་སྲིད་པ་ཡིས། །ཉམས་པའི་ཆོས་ཅན་སོགས་ཀྱང་ཁས་ལེན་ནོ།།ཉན་ཐོས་ལ་ནི་དགེ་འདུན་ཉི་ཤུ་དང་། །ཞུགས་གནས་བརྒྱད་འདོད་ཅིག་ཅར་ཁས་མི་ལེན། །ཞུགས་གནས་བརྒྱད་པོར་འཕགས་པས་ཁྱབ་པར་འདོད། །བྱང་སེམས་རྣམས་ཀྱིས་ཚོགས་ལམ་གནས་སྐབས་སུ། །བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ཅིང་། །དེ་ནས་བསྐལ་བརྒྱར་མཚན་བཟང་རྒྱུ་བསྒྲུབས་ཏེ། །སྲིད་པ་ཐ་མའི་ཚེ་ན་བྱང་ཆུབ་ཀྱི། །ཤིང་དྲུང་སྲོད་ལ་ལྷའི་བུའི་བདུད་བཏུལ་ཅིང་། །གུང་ལ་མཉམ་བཞག་སྦྱོར་མཐོང་སྒོམ་ལམ་གསུམ། །མངོན་བྱས་ཐོ་རངས་སྐྱ་རེངས་ཤར་བའི་དུས། །མི་སློབ་ལམ་དེ་མངོན་དུ་བྱེད་པ་འོ། །དེས་ན་བདུད་བཏུལ་ཡན་ཆད་སོ་སྐྱེ་དང་། །བྱང་སེམས་ལམ་གྱི་སྦྱོར་མཐོང་སྒོམ་གསུམ་ལ། །མཉམ་བཞག་ཁོ་ནས་ཁྱབ་པར་འདོད་པ་དང་། །མཛད་བཅུའི་དང་པོ་དགུ་ནི་བྱང་སེམས་དང་། །ཕྱི་མ་གསུམ་ནི་སངས་རྒྱས་མཛད་པར་འདོད། །ཆོས་ཀྱི་འཁོར་ལོར་མཐོང་ལམ་གྱིས་ཁྱབ་ཅིང་། །ལུང་གི་ཆོས་འཁོར་ལ་ནི་བདེན་བཞི་ཡི། །ཆོས་ཀྱི་འཁོར་ལོས་ཁྱབ་པར་འདོད་པ་དང་། །མངོན་པ་སྡེ་བདུན་སངས་རྒྱས་བཀར་ཁས་ལེན། །བཀའ་ལ་སྒྲ་ཅི་བཞིན་པས་ཁྱབ་པ་དང་། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་མ་གཏོགས་པར། །བརྒྱད་ཁྲི་བཞི་སྟོང་རྣམ་བཞག་ཁས་མི་ལེན། །མཛོད་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག་ཅེས་གསུངས། །བྱང་སེམས་སྲིད་མཐས་བྱང་ཆུབ་མངོན་བྱེད་གནས། །འདོད་ཁམས་ཁོ་ནར་ངེས་པས་འོག་མིན་དང་། །ལོངས་སྐུ་རྣམ་མཁྱེན་སོགས་ཀྱང་མི་འདོད་དོ། །
ཐེག་གསུམ་དགྲ་བཅོམ་ལྷག་བཅས་པས་ཁྱབ་སྟེ། །ལྷག་མ་མེད་པར་མྱ་ངན་འདས་པའི་ཚེ། །མར་མེ་ཤི་ལྟར་རིག་པ་རྒྱུན་འཆད་ཅིང་། །དེས་ན་མཐར་ཐུག་ཐེག་གསུམ་གྲུབ་པར་འདོད། །ཁ་ཅིག་སྟོན་པ་མྱ་ངན་འདས་པའི་ཚེ། །གདུལ་བྱ་འགའ་ངོར་གཟུགས་སྐུ་བསྡུས་ཙམ་ལས། །དོན་ལ་མྱ་ངན་འདས་པ་མེད་དོ་ཞེས། །སྨྲ་བ་ཉ་དང་ཉུང་མ་བསྲེས་པ་འོ། །སངས་འཕགས་སྡུག་ཀུན་མ་ལུས་སྤངས་ཟིན་ཀྱང་། །དེའི་རྒྱུད་སྡུག་བདེན་ཡོད་པ་མི་འགལ་ཏེ། །སྡུག་བདེན་དམིགས་པའི་ཉོན་མོངས་མ་ལུས་པ། །སྤངས་ཚེ་སྡུག་བདེན་སྤངས་པས་འཇོག་པའི་ཕྱིར། །གཟུགས་ཀྱི་སྐུ་ནི་བྱང་སེམས་སྦྱོར་ལམ་པའི། །ལུས་དང་ཚེ་གཅིག་གིས་ནི་བསྡུས་པའི་ཕྱིར། །སངས་རྒྱས་དཀོན་མཆོག་མིན་ཡང་སངས་རྒྱས་དང་། །སངས་རྒྱས་དཀོན་མཆོག་དེ་ཡི་ཐུགས་རྒྱུད་ཀྱི། །ཟད་མི་སྐྱེ་ཡི་ཡེ་ཤེས་ལ་འདོད་དོ། །དེ་བཞིན་སློབ་པའི་འཕགས་རྣམས་ཟག་བཅས་ཕྱིར། །དགེ་འདུན་དཀོན་མཆོག་མིན་ཡང་དགེ་འདུན་དང་། །དེའི་རྒྱུད་ལམ་བདེན་དགེ་འདུན་དཀོན་མཆོག་སྟེ། །ཐེག་གསུམ་མྱང་འགོག་ཆོས་དཀོན་མཆོག་ཏུ་འདོད། །
༈ གཉིས་པ་མདོ་སྡེ་པ་ཡི་གྲུབ་མཐའ་སྟེ། །མཚན་ཉིད་དབྱེ་བ་འདོད་ཚུལ་སྒྲ་བཤད་བཞི། །རང་རིག་ཕྱི་དོན་གཉིས་ཀ་བདེན་ཞེན་གྱིས། །ཁས་ལེན་ཐེག་དམན་གྲུབ་མཐའ་སྨྲ་བའི་སྡེའི། །མཚན་ཉིད་མདོ་སྡེ་དཔེ་སྟོན་སྡེ་གཉིས་གཅིག །གཉིས་པ་དབྱེ་ན་ལུང་རིགས་རྗེས་འབྲངས་གཉིས། །དང་པོ་མངོན་པ་མཛོད་ཀྱི་རྗེས་འབྲངས་དང་། །གཉིས་པ་ཚད་མ་སྡེ་བདུན་རྗེས་འབྲངས་སོ། །གསུམ་པ་སྒྲ་བཤད་མདོ་སྡེ་པ་དང་ནི། །དཔེ་སྟོན་སྡེ་ཞེས་བརྗོད་པའི་རྒྱུ་མཚན་ནི། །བྱེ་བྲག་བཤད་པའི་རྗེས་སུ་མི་འབྲངས་པར། །གཙོ་བོར་མདོ་ལ་བརྟེན་ནས་གྲུབ་པའི་མཐའ། །སྨྲ་བས་མདོ་སྡེ་བ་དང་ཆོས་ཐམས་ཅད། །དཔེ་ཡི་སྒོ་ནས་སྟོན་པས་དཔེ་སྟོན་ནོ། །
བཞི་པ་འདོད་ཚུལ་གཞི་ལམ་འབྲས་བུ་གསུམ། །དང་པོར་ཡུལ་དང་ཡུལ་ཅན་འདོད་ཚུལ་གཉིས། །དང་པོ་བློས་རིག་བྱ་བ་ཡུལ་མཚན་ཉིད། །བློའི་ཡུལ་རུང་བ་ཤེས་བྱའི་མཚན་ཉིད་དང་། །ཡུལ་དང་ཡོད་པ་ཤེས་བྱ་གཞི་གྲུབ་གཅིག །དེ་ལ་བདེན་གཉིས་རང་སྤྱི་དགག་སྒྲུབ་དང་། །མངོན་ལྐོག་དུས་གསུམ་གཅིག་དང་ཐ་དད་དབྱེ། །དང་པོ་སྒྲ་དང་རྟོག་པས་བཏགས་པ་ལ། །མ་ལྟོས་རང་གི་སྡོད་ལུགས་ཀྱི་ངོས་ནས། །རིགས་པས་དཔྱད་བཟོད་གྲུབ་པ་དོན་དམ་བདེན། །དངོས་པོ་དོན་དམ་བདེན་པ་རང་མཚན་དང་། །མི་རྟག་པ་དང་འདུས་བྱས་བདེན་གྲུབ་གཅིག །རྟོག་པས་བཏགས་པ་ཙམ་དུ་གྲུབ་པ་ཡི། །ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། །དངོས་མེད་ཆོས་དང་ཀུན་རྫོབ་བདེན་པ་དང་། །སྤྱི་མཚན་རྟག་པ་འདུས་མ་བྱས་ཆོས་དང་། །བརྫུན་པར་གྲུབ་པ་རྣམས་ནི་དོན་གཅིག་གོ །བདེན་གཉིས་སྒྲ་བཤད་འདུས་མ་བྱས་ཀྱི་མཁའ། །ཆོས་ཅན་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །ཀུན་རྫོབ་བློ་ངོར་བདེན་པ་ཡིན་པའི་ཕྱིར། །འདི་ཡི་ཀུན་རྫོབ་པ་ནི་རྟོག་པ་སྟེ། །རང་མཚན་མངོན་སུམ་མཐོང་བར་སྒྲིབ་པ་ཡིས། །ཀུན་རྫོབ་ཞེས་བྱ་འདི་ཡང་སྒྲ་བཤད་དེ། །རྟོག་བློ་ཀུན་རྫོབ་པའི་ངོར་བདེན་པ་ཡིས། །ཀུན་རྫོབ་བདེན་པ་ཡིན་པས་མ་ཁྱབ་སྟེ། །དོན་དམ་བདེན་པའི་མཚན་གཞི་བུམ་པ་ཡང་། །ཀུན་རྫོབ་རྟོག་བློའི་ངོ་རུ་བདེན་པའི་ཕྱིར། །གང་ཟག་བདག་དང་སྒྲ་རྟག་པ་ལྟ་བུ། །ཀུན་རྫོབ་བློ་ངོར་བདེན་པ་ཡིན་ན་ཡང་། །ཐ་སྙད་དུ་ཡང་གྲུབ་པ་མེད་པའི་ཕྱིར། །བུམ་པ་ཆོས་ཅན་དོན་དམ་བདེན་པ་སྟེ། །དོན་དམ་བློ་ངོར་བདེན་པ་ཡིན་པའི་ཕྱིར། །འདི་ཡི་དོན་དམ་བློ་ནི་སྣང་ཡུལ་ལ། །མ་འཁྲུལ་ཤེས་པར་འདོད་དོ་དཔྱོད་ལྡན་དག །བདེན་གཉིས་འཇོག་ཚུལ་རིགས་པའི་རྗེས་འབྲངས་ལུགས། །ལུང་གི་རྗེས་འབྲངས་བདེན་གཉིས་བྱེ་སྨྲ་མཐུན། །
གཉིས་པ་དོན་དམ་དོན་བྱེད་ནུས་པའི་ཆོས། །རང་མཚན་མཚན་གཞི་བུམ་པ་ལྟ་བུ་དང་། །དེ་ལས་ལྡོག་པ་སྤྱི་མཚན་མཚན་གཞི་མཁའ། །སྤྱི་བྱེ་གཅིག་དང་ཐ་དད་འགལ་འབྲེལ་སོགས། །སྒྲོ་བཏགས་ཆོས་རྣམས་སྤྱི་མཚན་ཡིན་མོད་ཀྱང་། །དེ་ཡིས་སྤྱི་མཚན་མ་ཁྱབ་ཁྱད་པར་ཕྱེས། །
གསུམ་པ་དགག་བྱ་དངོས་སུ་བཅད་པ་ཡི། །ཚུལ་གྱིས་རྟོགས་པར་བྱ་བ་དགག་པ་སྟེ། །གཞན་སེལ་དོན་གཅིག་དབྱེ་ན་མེད་མིན་དགག །རང་དངོས་རྟོགས་བློས་རང་གི་དགག་བྱ་དེ། །བཅད་ཙམ་རྟོགས་པར་བྱ་བ་མེད་དགག་དང་། །དཔེར་ན་བྲམ་ཟེ་ཆང་མི་འཐུང་བ་བཞིན། །རང་དངོས་རྟོགས་བློས་རང་གི་དགག་བྱ་དེ། །བཀག་ཤུལ་ཆོས་གཞན་མ་ཡིན་དགག་སྒྲུབ་གཉིས། །གང་རུང་འཕེན་པ་མ་ཡིན་དགག་ཏུ་འདོད། །ལྷས་སྦྱིན་ཚོན་པོ་ཉིན་ཟས་མི་བཟའ་བཞིན། །རང་དངོས་རྟོིགས་བློས་རང་གི་དགག་བྱ་དེ། །དངོས་སུ་བཅད་ནས་རྟོགས་བྱ་མ་ཡིན་ཆོས། །སྒྲུབ་པའི་མཚན་ཉིད་བུམ་པ་ལྟ་བུ་འོ། །
བཞི་པ་མངོན་སུམ་ཚད་མས་དངོས་རྟོགས་ཆོས། །མངོན་གྱུར་མཚན་ཉིད་དངོས་པོ་དོན་གཅིག་དང་། །རྗེས་དཔག་ཚད་མས་དངོས་རྟོགས་བྱ་བའི་ཆོས། །ལྐོག་གྱུར་མཚན་ཉིད་དེ་དང་ཤེས་བྱ་གཅིག །
ལྔ་པ་དངོས་པོ་གཞན་ཞིག་རང་གྲུབ་དུས། །སྐད་ཅིག་གཉིས་པར་ཞིག་ཆ་འདས་པ་དང་། །དངོས་པོ་གཞན་ཞིག་སྐྱེ་བའི་རྒྱུ་ཡོད་ཀྱང་། །རྐྱེན་མ་ཚང་བས་ཡུལ་དུས་འགའ་ཞིག་ཏུ། །མ་སྐྱེས་ཆ་དེ་མ་འོངས་མཚན་ཉིད་དང་། །སྐྱེས་ལ་མ་འགག་ད་ལྟ་བ་རུ་འདོད། །འདས་དང་མ་འོངས་པ་གཉིས་རྟག་པ་དང་། །ད་ལྟ་བ་དང་དངོས་པོ་དོན་གཅིག་གོ །དངོས་དེའི་འདས་པ་དེ་ཡི་ཕྱི་ལོགས་གྲུབ། །མ་འོངས་དེ་ཡི་སྔ་ལོགས་གྲུབ་པ་འོ། །
དྲུག་པ་སོ་སོ་མིན་ཆོས་གཅིག་མཚན་ཉིད། །ལྡོག་ཆོས་ཐ་དད་བུམ་དང་ཀ་བུམ་བཞིན། །ངོ་བོ་ཐ་དད་ལྡོག་པ་ཐ་དད་ཀྱིས། །ཁྱབ་ཀྱང་ལྡོག་མིན་བྱས་དང་མི་རྟག་བཞིན། །གཞན་ཡང་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། །ཤེས་པ་སྐད་ཅིག་ཆ་མེད་ཁས་ལེན་སོགས། །བྱེ་སྨྲ་མཐུན་ཀྱང་ཐམས་ཅད་མི་འདྲ་སྟེ། །བྱེ་སྨྲས་ཆོས་རྣམས་རྫས་གྲུབ་ཏུ་འདོད་ཀྱང་། །མདོ་སྡེ་པ་ཡིས་དེ་ལྟར་མི་འདོད་ཅིང་། །རྣམ་རིག་མིན་གཟུགས་བྱེ་སྨྲ་ཐལ་འགྱུར་བས། །གཟུགས་འདོད་མདོ་སེམས་རང་རྒྱུད་གསུམ་མི་འདོད། །བྱེ་སྨྲས་རྒྱུ་འབྲས་དུས་མཉམ་གཞན་སྡེས་མིན། །
གཉིས་པ་ལུགས་འདིའི་ཡུལ་ཅན་འདོད་ཚུལ་ལ། །གང་ཟག་ཤེས་པ་རྗོད་བྱེད་སྒྲ་དང་གསུམ། །དང་པོ་ལུང་གི་རྗེས་འབྲངས་ཕུང་པོའི་རྒྱུན། །གང་ཟག་མཚན་གཞི་རིགས་པའི་རྗེས་འབྲངས་རྣམས། །ཡིད་ཀྱི་རྣམ་ཤེས་གང་ཟག་མཚན་གཞིར་འདོད། །གཉིས་པར་ཚད་མ་དང་ནི་ཚད་མིན་བློ། །ཚད་མར་མངོན་སུམ་རྗེས་སུ་དཔག་པ་གཉིས། །དང་པོར་དབང་ཡིད་རང་རིག་རྣལ་འབྱོར་བཞི། །དབང་པོ་གཟུགས་ཅན་ཚད་མར་མི་རུང་སྟེ། །གསལ་རིག་གིས་སྟོང་རང་ཡུལ་མི་གཞལ་ཕྱིར། །ཚད་མིན་བློ་ལ་བཅད་ཤེས་ལོག་ཤེས་དང་། །ཐེ་ཚོམ་ཡིད་དཔྱོད་སྣང་ལ་མ་ངེས་ལྔ། །དེ་ལས་མངོན་སུམ་སྣང་ལ་མ་ངེས་བློ། །རྟོག་བྲལ་མ་འཁྲུལ་རྗེས་དཔག་ཡིད་དཔྱོད་དང་། །ཐེ་ཚོམ་གསུམ་ནི་རྟོག་པ་ཁོ་ན་འོ། །ཤེས་པས་ཡུལ་འཇལ་ཚེ་ན་རྣམ་བཅས་སུ། །རྟོགས་ཤིང་སེམས་དང་སེམས་བྱུང་རྫས་གཅིག་འདོད། །གསུམ་པ་རང་གི་བརྗོད་བྱའི་དོན་གོ་བའི། །མཉན་བྱ་རྗོད་བྱེད་སྒྲ་ཡི་མཚན་ཉིད་དང་། །བརྗོད་བྱའི་སྒོ་ནས་རིགས་བརྗོད་ཚོགས་བརྗོད་སྒྲ། །རིམ་བཞིན་གཟུགས་དང་བུམ་པ་ཞེས་བརྗོད་སྒྲ། །བརྗོད་ཚུལ་སྒོ་ནས་ཆོས་དང་ཆོས་བརྗོད་སྒྲ། །རིམ་བཞིན་སྒྲའི་མི་རྟག་དང་སྒྲ་མི་རྟག །
གཉིས་པ་ལམ་གྱི་འདོད་ཚུལ་བརྗོད་པར་གསུམ། །ལམ་གྱི་དམིགས་པ་སྤང་བྱ་འབྲས་བུ་གསུམ། །དང་པོ་བདེན་རྣམ་མི་རྟག་སོགས་བཅུ་དྲུག །བདག་མེད་ཕྲ་མོ་གང་ཟག་བདག་ཕྲ་གཅིག །གང་ཟག་རྟག་གཅིག་རང་དབང་གིས་སྟོང་པ། །བདག་མེད་རགས་པ་གང་ཟག་རང་རྐྱ་པའི། །རྫས་ཡོད་ཀྱིས་སྟོང་གང་བདག་ཕྲ་མོར་འདོད། །གཉིས་པ་སྤང་བྱར་གང་ཟག་བདག་འཛིན་དང་། །ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་པའི། །མི་ཤེས་པ་སོགས་ཐ་སྙད་ཙམ་མ་གཏོགས། །ཆོས་བདག་ཤེས་སྒྲིབ་བྱེ་སྨྲ་བཞིན་མི་འདོད། །ཐེག་གསུམ་ལམ་ལ་ལམ་ལྔའི་རྣམ་བཞག་དང་། །ཤེས་བཟོད་སྐད་ཅིག་བཅུ་དྲུག་མཐོང་ལམ་འདོད། །མངོན་སུམ་སྣང་ཡུལ་རང་མཚན་དགོས་པ་ཡིས། །གང་ཟག་བདག་མེད་ཕྲ་མོ་ཉན་ཐོས་ཀྱི། །མཐོང་ལམ་བར་ཆད་མེད་ལམ་འཛིན་སྟངས་ཀྱི། །ཡུལ་དུ་མི་འདོད་དེ་ཡིས་གང་ཟག་གི །བདག་གིས་དབེན་པའི་འདུ་བྱེད་དངོས་གཞལ་པའི། །ཤུགས་ལ་གང་ཟག་བདག་ཕྲ་རྟོགས་པར་འདོད། །
གསུམ་པ་འབྲས་བུའི་རྣམ་བཞག་བསྟན་པ་ནི། །དགྲ་བཅོམ་སྤངས་རྟོགས་ལས་ཉམས་མི་སྲིད་ཅིང་། །སངས་རྒྱས་གཟུགས་ཕུང་སངས་རྒྱས་ཁས་ལེན་པ། །མ་གཏོགས་ཐེག་གསུམ་འབྲས་བུ་བྱེ་སྨྲ་མཚུངས། །བྱེ་མདོས་ཐེག་ཆེན་བཀའ་རུ་ཁས་མི་ལེན། །འོན་ཀྱང་ཕྱི་རབས་བཀར་ཁས་ལེན་ཡོད་འདོད། །
༈ གསུམ་པ་སེམས་ཙམ་པ་ཡི་གྲུབ་མཐའ་ལ། །མཚན་ཉིད་དབྱེ་བ་སྒྲ་བཤད་འདོད་ཚུལ་བཞི། །ཕྱི་དོན་མི་འདོད་གཞན་དབང་བདེན་གྲུབ་ཏུ། །འདོད་པའི་ནང་པའི་གྲུབ་སྨྲར་མཚན་ཉིད་དོ། །དབྱེ་ན་རྣམ་བདེན་པ་དང་རྣམ་རྫུན་གཉིས། །ཁྱད་པར་སྔོན་པོ་སྔོན་འཛིན་མིག་ཤེས་ལ། །སྔོན་པོར་སྣང་བ་འདི་གཉིས་རྩོད་པའི་གཞི། །རྣམ་བདེན་པ་ཡིས་སྔོན་འཛིན་མིག་ཤེས་ལ། །སྔོན་པོ་སྔོན་སྣང་གྲུབ་པར་ཁས་ལེན་ཞིང་། །རྣམ་རྫུན་པ་ནི་དེ་ལས་ལྡོག་པ་འོ། །རྣམ་བདེན་རྫུན་གཉིས་སྔོན་འཛིན་མིག་ཤེས་ལ། །སྔོན་པོ་སྔོན་པོར་སྣང་དང་རགས་པར་སྣང་། །སྔོན་པོ་ཕྱི་དོན་གྲུབ་པར་མཐུན་ན་ཡང་། །རྣམ་བདེན་ཕྱི་རོལ་དོན་སྣང་མ་རིག་བསླད། །སྔོན་སྣང་རགས་སྣང་མ་རིག་བསླད་མ་ཞུགས། །རྣམ་བརྫུན་གསུམ་གར་མ་རིག་བསླད་ཞུགས་འདོད། །དེས་ན་སེམས་ཙམ་གང་ཞིག་དབང་ཤེས་ལ། །རགས་པར་སྣང་བ་སྣང་བ་དེ་ལྟར་དུ། །གྲུབ་པར་འདོད་པ་སེམས་ཙམ་རྣམ་བདེན་པ། །དེ་ལས་ལྡོག་པ་སེམས་ཙམ་རྣམ་རྫུན་པ། །རྣམ་བདེན་པ་ལ་གཟུང་འཛིན་གྲངས་མཉམ་དང་། །སྒོ་ང་ཕྱེད་ཚལ་སྣ་ཚོགས་གཉིས་མེད་གསུམ། །འདི་གསུམ་ཁྱད་པར་མཁས་བཞེད་སྣ་ཚོགས་ཏེ། །གུང་རུ་རྒྱན་བཟང་དབུ་མའི་སྟོང་ཐུན་ལས། །ཕྱེ་ལེབ་གཤོག་སྟེང་ཁྲ་འཛིན་མིག་ཤེས་ཀྱིས། །ཁྲ་འཛིན་ཚེ་ན་ཡུལ་ངོས་སྔོ་སེར་སོགས། །མི་འདྲ་རེ་རེའི་རྣམ་པ་གཏད་པ་དང་། །ཡུལ་ཅན་ངོས་ནས་དེ་བཞིན་སྔོ་སེར་སོགས། །མི་འདྲ་རེ་རེའི་རྣམ་པ་རྣམ་བདེན་དུ། །སྐྱེ་བར་འདོད་པས་གཟུང་འཛིན་གྲངས་མཉམ་དང་། །དེ་ལྟར་འཛིན་ཚེ་ཡུལ་ངོས་སྔོ་སེར་སོགས། །མི་འདྲའི་རྣམ་པ་གཏད་ཅིང་ཡུལ་ཅན་ངོས། །མི་འདྲ་རེ་རེའི་རྣམ་པ་རྣམ་མེད་དུ། །སྐྱེ་བར་འདོད་པས་སྒོ་ང་ཕྱེད་ཚལ་དང་། །དེ་ལྟར་འཛིན་ཚེ་ཡུལ་ངོས་སྔོ་སེར་སོགས། །མི་འདྲའི་རྣམ་པ་མ་གཏད་ཁྲ་ཙམ་གཏད། །ཡུལ་ཅན་ངོས་ནས་སྔོ་སོགས་མི་འདྲ་བའི། །རྣམ་པ་རྣམ་མེད་མ་སྐྱེས་ཁྲ་ཙམ་གྱི། །རྣམ་པ་རྣམ་མེད་སྣ་ཚོགས་གཉིས་མེད་འདོད། །དྲུང་ཆེན་ལེགས་བཟང་པཎ་ཆེན་བསོད་གྲགས་སོགས། །ཁྲ་འཛིན་དབང་ཤེས་ལ་སྣང་སྔོ་སེར་གཉིས། །ཐ་དད་རྫས་བཞིན་ཁྲ་འཛིན་མིག་ཤེས་སྟེང་། །མིག་ཤེས་ཐ་དད་གཟུང་འཛིན་གྲངས་མཉམ་འདོད། ། སྔོན་འཛིན་མིག་ཤེས་དང་ནི་སྔོན་པོ་གཉིས། །སྤྱིར་བཏང་ཤེས་པའི་བདག་ཉིད་ཡིན་ན་ཡང་། །དེ་གཉིས་རྫས་ཐ་དད་པས་སྒོ་ཕྱེད་ཚལ། །ཁྲ་སྟེང་སྔོ་སེར་རྫས་གཅིག་ཡིན་པ་བཞིན། །ཁྲ་འཛིན་མིག་ཤེས་སྟེང་གི་སྔོ་སེར་གཉིས། །འཛིན་པའི་དབང་ཤེས་རྫས་གཅིག་གཉིས་མེད་པ། །གྲུབ་མཐའ་ཆེན་མོར་ཁྲ་འཛིན་མིག་ཤེས་ཀྱིས། །ཁྲ་བོར་བལྟས་ཚེ་དེའི་སྟེང་སྔོ་སེར་སོགས། །གྲངས་མཉམ་རྣམ་ཤེས་རིགས་མཐུན་ཅིག་ཅར་དུ། །སྐྱེ་བར་འདོད་པས་གཟུང་འཛིན་གྲངས་མཉམ་དང་། །སྔོན་པོ་དང་ནི་སྔོན་འཛིན་མིག་ཤེས་གཉིས། །གྲུབ་དུས་ལ་ལྟོས་སྔ་ཕྱི་ཡིན་ན་ཡང་། །དམིགས་དུས་ལ་ལྟོས་རྫས་གཅིག་སྒོང་ཕྱེད་ཚལ། །ཁྲ་འཛིན་མིག་ཤེས་རང་ཡུལ་བལྟས་པའི་ཚེ། །ཡུལ་སྟེང་སྔོ་སེར་སོགས་ཀྱི་གྲངས་མཉམ་པའི། །རྣམ་ཤེས་རིགས་མཐུན་ཅིག་ཅར་མི་སྐྱེ་བར། །ཁྲ་འཛིན་མིག་ཤེས་གཅིག་པུ་ཁྲ་བོའི་སྟེང་། །སྔོ་སོགས་འཛིན་དབང་ཁས་ལེན་གཉིས་མེད་པ། །དེ་གསུམ་ནང་ནས་གང་བདེ་གཟུང་བར་བྱ། །གཟུང་འཛིན་གྲངས་མཉམ་རྣམ་ཤེས་ཚོགས་བརྒྱད་དྲུག །སྣ་ཚོགས་གཉིས་མེད་རྣམ་ཤེས་ཚོགས་དྲུག་དང་། །རྣམ་ཤེས་གཅིག་བུར་སྨྲ་བ་གཉིས་ཡོད་འདོད། །
རྣམ་བརྫུན་པ་ལ་དྲི་བཅས་དྲི་མེད་གཉིས། །སེམས་ཀྱི་ངོ་བོ་མ་རིག་བག་ཆགས་ཀྱི། །དྲི་མས་བསླད་པར་འདོད་པས་དྲི་བཅས་དང་། །དེ་ལས་ལྡོག་པ་རྣམ་བརྫུན་དྲི་མེད་པ། །ཡང་ན་སངས་རྒྱས་ས་རུ་མ་རིག་པ། །མེད་ཀྱང་འཁྲུལ་སྣང་ཡོད་འདོད་དྲི་བཅས་དང་། །དེ་ལས་ལྡོག་པ་དྲི་མེད་པ་རུ་བཞེད། །སེམས་ཙམ་དབྱེ་གཞན་ལུང་རིགས་རྗེས་འབྲངས་གཉིས། །རིམ་བཞིན་ས་སྡེ་ལྔ་ཡི་རྗེས་འབྲངས་དང་། །ཚད་མ་སྡེ་བདུན་རྗེས་སུ་འབྲངས་རྣམས་སོ། །
གསུམ་པ་སྒྲ་བཤད་ཅིའི་ཕྱིར་སེམས་ཙམ་པ། །ཆོས་རྣམས་སེམས་ཀྱི་བདག་ཉིད་ཙམ་ཞིག་ཏུ། །སྨྲ་བས་སེམས་ཙམ་པ་འམ་རྣམ་རིག་པ། །རྣལ་འབྱོར་གཞི་སྒོས་ལམ་གྱི་སྤྱོད་པ་དང་། །ཉམས་ལེན་གཏན་ལ་འབེབ་པས་རྣལ་འབྱོར་སྤྱོད། །
བཞི་པ་གཞི་ལམ་འབྲས་བུའི་འདོད་ཚུལ་ལས། །དང་པོ་ཆོས་རྣམས་མཚན་ཉིད་གསུམ་འདུས་འདོད། །འདུས་བྱས་གཞན་དབང་ཆོས་ཉིད་ཡོངས་གྲུབ་དང་། །དེ་ལས་གཞན་རྣམས་ཀུན་བཏགས་འདོད་པའི་ཕྱིར། །དེ་གསུམ་རང་ངོས་རང་བཞིན་གྲུབ་འདོད་ཀྱང་། །བདེན་པར་གྲུབ་དང་མ་གྲུབ་ཁྱད་པར་ནི། །ཀུན་བཏགས་བདེན་མེད་གཞན་ཡོངས་བདེན་གྲུབ་འདོད། །དོན་དམ་མ་གྲུབ་རྟོག་ངོར་གྲུབ་པ་དེ། །ཀུན་བཏགས་མཚན་ཉིད་དེ་ལ་རྣམ་གཉིས་འདོད། །རྣམ་གྲངས་པ་དང་མཚན་ཉིད་ཡོངས་ཆད་གཉིས། །དང་པོར་ཤེས་བྱ་གཉིས་པར་བདག་གཉིས་འཇོག །རྒྱུ་རྐྱེན་གཞན་བརྟེན་ལས་བྱུང་ཡོངས་གྲུབ་ཀྱི། །རྟེན་དུ་གྱུར་པ་གཞན་དབང་མཚན་ཉིད་དང་། །དབྱེ་ན་དག་དང་མ་དག་གཞན་དབང་གཉིས། །དང་པོ་འཕགས་པའི་རྗེས་ཐོབ་ཡེ་ཤེས་དང་། །སངས་རྒྱས་འཕགས་པའི་མཚན་དཔེ་ལྟ་བུ་དང་། །གཉིས་པ་ཟག་བཅས་ཉེར་ལེན་ཕུང་པོ་འོ། །བདག་གཉིས་གང་རུང་གིས་སྟོང་དེ་བཞིན་ཉིད། །ཡོངས་གྲུབ་མཚན་ཉིད་དེ་ལ་དབྱེ་ན་གཉིས། །ཕྱིན་ཅི་མ་ལོག་འགྱུར་མེད་ཡོངས་གྲུབ་གཉིས། །རིམ་བཞིན་འཕགས་པའི་མཉམ་ཡེ་ཆོས་ཉིད་དོ། །ཕྱིན་ཅི་མ་ལོག་ཡོངས་གྲུབ་ཡོངས་གྲུབ་ཀྱི། །དབྱེ་བར་བཀོད་ཀྱང་ཡོངས་གྲུབ་མ་ཡིན་ཏེ། །གང་ལ་དམིགས་ན་སྒྲིབ་པ་ཟད་འགྱུར་བའི། །རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མིན། །ཤེས་བྱར་དབྱེ་ན་ཀུན་རྫོབ་དོན་དམ་བདེན། །ཐ་སྙད་དཔྱོད་བྱེད་རིགས་ཤེས་ཚད་མ་ཡིས། །རྙེད་པའི་དོན་དེ་ཀུན་རྫོབ་བདེན་པ་དང་། །ཀུན་རྫོབ་བདེན་པ་ཐ་སྙད་བདེན་བརྫུན་གཅིག །དོན་དམ་དཔྱོད་བྱེད་རིགས་ཤེས་ཚད་མ་ཡིས། །རྙེད་པའི་དོན་དེ་དོན་དམ་བདེན་པ་དང་། །སྟོང་ཉིད་ཆོས་དབྱིངས་ཡོངས་གྲུབ་དོན་དམ་བདེན། །ཡང་དག་མཐའ་དང་དེ་བཞིན་ཉིད་རྣམས་གཅིག །དོན་དམ་བདེན་ལ་རང་གི་མཚན་ཉིད་ཀྱིས། །གྲུབ་པས་ཁྱབ་ཀྱང་ཀུན་རྫོབ་བདེན་པར་མིན། །གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་། །ཀུན་བཏགས་ཆོས་རྣམས་དེ་ལས་ལྡོག་པ་འོ། །བརྫུན་པ་ཡིན་ན་བརྫུན་པར་གྲུབ་མི་དགོས། །གཞན་དབང་བརྫུན་ཀྱང་བརྫུན་པར་མ་གྲུབ་ཕྱིར། །དུས་གསུམ་མེད་དགག་མདོ་སེམས་རང་རྒྱུད་མཐུན། །གཟུགས་སོགས་དོན་ལྔ་ཕྱི་དོན་མ་གྲུབ་སྟེ། །ཀུན་གཞིའི་རྣམ་ཤེས་སྟེང་དུ་ཐུན་མོང་དང་། །ཐུན་མིན་ལས་ཀྱིས་བག་ཆགས་བཞག་པའི་མཐུས། །ནང་སེམས་ཤེས་པའི་རྫས་ལས་སྐྱེས་པའི་ཕྱིར། །རྣམ་བདེན་ལྟར་ན་གཟུགས་སོགས་དོན་ལྔ་པོ། །ཕྱི་དོན་མིན་ཀྱང་རགས་པར་གྲུབ་པར་འདོད། །རྣམ་བརྫུན་དེ་ལྟར་ཕྱི་དོན་གྲུབ་དགོས་པས། །རགས་པར་མ་གྲུབ་ཞལ་གྱིས་བཞེས་པ་འོ། །
གཉིས་པ་ཡུལ་ཅན་འདོད་ཚུལ་བརྗོད་པ་ལ། །ལུང་གི་རྗེས་འབྲངས་རྣམ་ཤེས་ཚོགས་བརྒྱད་པོ། །འདོད་པས་ཡིད་དང་ཀུན་གཞིའི་རྣམ་ཤེས་ཟུང་། །གང་ཟག་ཏུ་འདོད་རིགས་པའི་རྗེས་འབྲངས་རྣམས། །ཡིད་ཀྱི་རྣམ་ཤེས་གང་ཟག་མཚན་གཞིར་འདོད། །ཀུན་གཞིའི་རྣམ་ཤེས་ནང་གི་བག་ཆགས་ལ། །དམིགས་ཤིང་རྣམ་པ་རིས་སུ་མ་ཆད་པ། །ངོ་བོ་མ་བསྒྲིབས་རང་བཞིན་ལུང་མ་བསྟན། །གྲོགས་ནི་སེམས་བྱུང་ཀུན་འགྲོ་ལྔ་ཁོ་ནར། །མཚུངས་ལྡན་གཙོ་བོ་ཡིད་ཀྱི་རྣམ་པར་རིག །བརྟན་པས་རབ་ཏུ་ཕྱེ་བ་ཞིག་ལ་འདོད། །བསྒྲིབས་པ་ལུང་མ་བསྟན་པ་མ་ཡིན་པ། །དགེ་རྩ་ཆད་རྒྱུད་ཡོད་པས་དགེ་བ་མིན། །གོང་མའི་ཁམས་ན་ཡོད་པས་མི་དགེའང་མིན། །ཉོན་ཡིད་དམིགས་པ་ཀུན་གཞི་ལ་དམིགས་ནས། །རྣམ་པ་ངར་སེམས་ངོ་བོ་བསྒྲིབས་ལུང་མིན། །འཇུག་ཤེས་དྲུག་གི་འཇོག་ཚུལ་སྤྱི་དང་མཐུན། །ཚད་མར་མངོན་རྗེས་གཉིས་དང་མངོན་སུམ་བཞིའི། །རྣམ་བཞག་ཁས་ལེན་རང་རིག་རྣལ་འབྱོར་གྱི། །མངོན་སུམ་གཉིས་ལ་མ་འཁྲུལ་ཤེས་པས་ཁྱབ། །རྣམ་བདེན་ཚུར་མཐོང་སྔོན་འཛིན་མིག་ཤེས་དེ། །མ་འཁྲུལ་ཤེས་པར་འདོད་ཅིང་རྣམ་བརྫུན་པས། །ཚུར་མཐོང་དབང་མངོན་འཁྲུལ་པའི་ཤེས་པས་ཁྱབ། །ཡིད་མངོན་འཁྲུལ་དང་མ་འཁྲུལ་ཆ་གཉིས་འདོད། །
གཉིས་པ་ལམ་གྱི་རྣམ་བཞག་ལ་ནི་གསུམ། །དང་པོ་བགྲོད་བྱའི་ལམ་གྱི་དམིགས་པ་ནི། །བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག །གང་ཟག་རྟག་གཅིག་རང་དབང་གིས་སྟོང་གཉིས། །གང་ཟག་བདག་མེད་རགས་པའི་མཚན་གཞི་དང་། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས། །སྟོང་པ་གང་ཟག་བདག་མེད་ཕྲ་མོ་ཡིན། །གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་སྟོང་། །གཟུགས་འཛིན་རྟོག་པའི་ཞེན་གཞིར་གཟུགས་དེ་ཉིད། །རང་གི་མཚན་ཉིད་མ་གྲུབ་སྟོང་པ་གཉིས། །གང་ཟག་བདག་མེད་ཕྲ་མོར་འདོད་པ་དང་། །བདག་མེད་ཕྲ་མོ་གཉིས་ཀ་སྟོང་ཉིད་འདོད། །སྟོང་ཉིད་ལ་ནི་དེ་གཉིས་མ་ངེས་ཏེ། །འགོག་བདེན་མྱང་འདས་གཉིས་ཀྱང་སྟོང་ཉིད་འདོད། །འདུས་བྱས་ཆོས་རྣམས་རང་འཛིན་ཚད་མ་དང་། །རྫས་གཅིག་ཏུ་འདོད་འདུས་མ་བྱས་ཆོས་རྣམས། །རང་འཛིན་ཚད་མར་ངོ་བོ་གཅིག་ཏུ་འདོད། །
གཉིས་པ་སྤང་བྱར་ཉོན་སྒྲིབ་ཤེས་སྒྲིབ་གཉིས། །དང་པོ་གང་བདག་ཕྲ་རགས་ས་བོན་བཅས། །རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་དང་། །གཉིས་པ་ཆོས་བདག་བག་ཆགས་དང་བཅས་སོ། །བྱང་སེམས་ཤེས་སྒྲིབ་སྤང་གཙོ་ཉོན་སྒྲིབ་མིན། །ཐེག་དམན་སློབ་པས་དེ་ལས་ལྡོག་སྟེ་སྤོང་། །
གསུམ་པ་རྣམ་བཞག་ཐེག་གསུམ་རེ་རེ་ལའང་། །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་འདོད། །ཐེག་ཆེན་དེའི་སྟེང་ས་བཅུའི་རྣམ་བཞག་འདོད། །
གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། །ཐེག་དམན་རིགས་ངེས་གང་ཟག་བདག་མེད་ཀྱི། །དབང་བྱས་ཡོངས་གྲུབ་བསྒོམ་བྱའི་གཙོར་བྱས་ཏེ། །གོམས་པ་མཐར་ཕྱིན་ཚེ་ན་ཐེག་དམན་གྱི། །སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །བརྟེན་ནས་ཉོན་སྒྲིབ་མ་ལུས་སྤངས་པ་དང་། །དུས་མཉམ་ཐེག་དམན་དགྲ་བཅོམ་འབྲས་མངོན་བྱེད། །ཉན་རང་གཉིས་ཀྱི་བསྒོམ་བྱའི་བདག་མེད་དང་། །སྤང་བྱའི་ཉོན་མོངས་ཁྱད་པར་ཅུང་ཟད་ཀྱང་། །མེད་པས་གཉིས་ཀར་ཞུགས་གནས་བརྒྱད་འཐད་ཀྱང་། །རང་རྒྱལ་འདོད་རྟེན་དགེ་འདུན་ཉི་ཤུ་མེད། །ཉན་རང་གཉིས་ལ་ཁྱད་པར་མེད་མིན་ཏེ། །བསྐལ་བརྒྱར་བསོད་ནམས་ཚོགས་གསོག་མི་གསོག་དང་། །དེ་ཡིས་འབྲས་བུ་ལའང་མཆོག་དམན་འདོད། །ལུང་གི་རྗེས་འབྲངས་ཐེག་དམན་དགྲ་བཅོམ་པ། །ཞི་བགྲོད་གཅིག་པུ་ཐེག་ཆེན་ལམ་འཇུག་མིན། །བྱང་ཆུབ་ཡོངས་འགྱུར་དགྲ་བཅོམ་ཐེག་ཆེན་འཇུག །ལྷག་བཅས་ནས་འཇུག་ལྷག་མེད་མ་ཡིན་ཏེ། །མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད། །རིགས་པའི་རྗེས་འབྲངས་ཐེག་དམན་དགྲ་བཅོམ་པ། །ཐེག་ཆེན་ལམ་འཇུག་མཐར་ཐུག་ཐེག་གཅིག་འདོད། །ཐེག་ཆེན་རིགས་ཅན་ཆོས་ཀྱི་བདག་མེད་ཀྱི། །དབང་བྱས་ཡོངས་གྲུབ་བསྒོམ་བྱའི་གཙོར་བྱས་ཏེ། །གྲངས་མེད་གསུམ་གྱི་ཚོགས་འབྲེལ་ཉམས་བླངས་ནས། །ས་བཅུ་ལམ་ལྔ་རིམ་བགྲོད་རྒྱུན་མཐའ་ཡི། །བར་ཆད་མེད་ལམ་སྒྲིབ་གཉིས་ཟད་སྤངས་ཏེ། །འོག་མིན་རང་དོན་ཕུན་ཚོགས་ཆོས་སྐུ་དང་། །གཞན་དོན་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད། །ཀུན་བཏུས་རྗེས་འབྲངས་མིའི་རྟེན་འཚང་རྒྱ་འདོད། །རྒྱལ་བའི་བཀའ་ལ་དྲང་ངེས་ཁས་ལེན་ཏེ། །དགོངས་འགྲེལ་ལས་བཤད་འཁོར་ལོ་དང་པོ་གཉིས། །དྲང་དོན་ཐ་མ་ངེས་དོན་མདོར་བཞེད་ཕྱིར། །དྲང་ངེས་དོན་ནི་དངོས་བསྟན་སྒྲ་ཇི་བཞིན། །ཁས་ལེན་མི་རུང་བ་དང་རུང་བའོ། །མྱང་འདས་ལྷག་བཅས་ལྷག་མེད་མི་གནས་གསུམ། །སངས་རྒྱས་སྐུ་ལ་ཆོས་ལོངས་སྤྲུལ་སྐུ་གསུམ། །ཆོས་སྐུར་ངོ་བོ་ཉིད་སྐུ་ཡེ་ཤེས་ཆོས། །ངོ་བོ་ཉིད་སྐུར་རང་བཞིན་རྣམ་དག་དང་། །གློ་བུར་དྲི་བྲལ་ངོ་བོ་ཉིད་སྐུ་བཅས། །འདོད་པས་ཐེག་པ་ཆེན་པོའི་གྲུབ་མཐར་བརྗོད། །
༈ བཞི་པ་ངོ་བོ་ཉིད་མེད་སྨྲ་བའམ། །དབུ་མའི་གྲུབ་མཐའི་རྣམ་བཞག་འཆད་པར་བཞི། །མཚན་ཉིད་སྒྲ་བཤད་དབྱེ་བ་སོ་སོའི་དོན། །དང་པོ་བདེན་གྲུབ་ཆོས་ནི་རྡུལ་ཙམ་ཡང་། །མེད་པར་ཁས་ལེན་ནང་པའི་གྲུབ་མཐའ་སྨྲ། །གང་ཟག་དེ་ནི་དབུ་མ་པའི་མཚན་ཉིད། །གཉིས་པ་ཅིའི་ཕྱིར་དབུ་མ་པ་ཞེས་བྱ། །རྟག་ཆད་མཐའ་གཉིས་བྲལ་བའི་དབུས་ཁས་ལེན། །ཆོས་རྣམས་བདེན་གྲུབ་ངོ་བོ་མེད་པར་སྨྲ། །དེ་ཕྱིར་ངོ་བོ་ཉིད་མེད་སྨྲ་ཞེས་བྱ། །གསུམ་པར་རང་རྒྱུད་པ་དང་ཐལ་འགྱུར་བ། །བཞི་པར་རང་རྒྱུད་ཐལ་འགྱུར་ལུགས་བཤད་གཉིས། །དང་པོར་མཚན་ཉིད་སྒྲ་དབྱེ་འདོད་ཚུལ་བཞི། །རང་གི་མཚན་ཉིད་ཀྱིས་གྲུབ་ཐ་སྙད་དུ། །ཁས་ལེན་ངོ་བོ་ཉིད་སྨྲ་རང་རྒྱུད་མཚན། །ཚུལ་གསུམ་རང་ངོས་ནས་གྲུབ་རྟགས་ཡང་དག །ལ་བརྟེན་བདེན་དངོས་འགོག་པས་རང་རྒྱུད་པ། །དབྱེ་ན་རྣལ་འབྱོར་སྤྱོད་དང་མདོ་སྡེ་སྤྱོད། །ཕྱི་དོན་མི་འདོད་རང་རིག་ཁས་ལེན་པའི། །དབུ་མ་པ་དེ་རྣལ་འབྱོར་སྤྱོད་པ་དང་། །མཚན་གཞི་སློབ་དཔོན་ཞི་བ་འཚོ་ལྟ་བུ། །རང་རིག་མི་འདོད་ཕྱི་དོན་རང་མཚན་གྱིས། །གྲུབ་པར་ཁས་ལེན་དབུ་མ་མདོ་སྡེ་སྤྱོད། །མཚན་གཞི་སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུ། །སྒྲ་བཤད་གཞི་ཡི་རྣམ་བཞག་སེམས་ཙམ་དང་། །མཐུན་པར་སྨྲ་བས་རྣལ་འབྱོར་སྤྱོད་རང་རྒྱུད། །མདོ་སྡེ་བ་ལྟར་ཕྲ་རབ་རྡུལ་བསགས་པའི། །ཕྱི་དོན་འདོད་པས་མདོ་སྡེ་སྤྱོད་རང་རྒྱུད། །
རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པར། །རྣམ་བདེན་རྣམ་རྫུན་དང་མཐུན་དབུ་མ་གཉིས། །དང་པོ་ཞི་མཚོ་ཀ་མ་ལ་ཤྰི་ལ། །འཕགས་པ་གྲོལ་སྡེ་ལ་སོགས་རྗེས་འབྲངས་དང་། །གཉིས་པ་སློབ་དཔོན་སེང་གེ་བཟང་པོ་དང་། །ཛེ་ཏྰ་རི་དང་ལྭ་བ་པ་ལྟ་བུ། །ཛེ་ཏྰ་རི་ནི་རྣམ་བརྫུན་དྲི་བཅས་དང་། །ལྭ་བ་པ་ནི་རྣམ་བརྫུན་དྲི་མེད་མཐུན། །
བཞི་པ་གྲུབ་མཐའི་འདོད་ཚུལ་བརྗོད་པ་ལ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་དང་། །མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་གཉིས། །དང་པོར་གཞི་དང་ལམ་དང་འབྲས་བུ་གསུམ། །གཞི་ལ་དབྱེ་ན་ཡུལ་དང་ཡུལ་ཅན་གཉིས། །གཞི་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་ཁྱབ། །ཆོས་ཀུན་བཏགས་དོན་བཙལ་ན་རྙེད་པར་འདོད། ། རང་བཞིན་རང་མཚན་རང་གི་སྡོད་ལུགས་ཀྱི། །ངོས་ནས་གྲུབ་དང་རང་ངོས་གྲུབ་དོན་གཅིག །ཤེས་བྱར་དབྱེ་ན་དོན་དམ་ཀུན་རྫོབ་གཉིས། །རང་ཉིད་མངོན་སུམ་རྟོགས་པའི་མངོན་སུམ་གྱི། །ཚད་མས་རང་ཉིད་གཉིས་སྣང་ནུབ་ཚུལ་གྱིས། །རྟོགས་བྱ་དོན་དམ་བདེན་པའི་མཚན་ཉིད་དང་། །བུམ་པ་བདེན་སྟོང་ལྟ་བུ་མཚན་གཞི་འོ། ། རང་ཉིད་མངོན་སུམ་རྟོགས་པའི་མངོན་སུམ་གྱི། །ཚད་མས་རང་ཉིད་གཉིས་སྣང་དང་བཅས་པར། །རྟོགས་བྱ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། །བུམ་པ་ལྟ་བུ་དེ་ཡི་མཚན་གཞི་འོ། །དོན་དམ་བདེན་པར་རྒྱས་པར་དབྱེ་བ་ན། །སྟོང་ཉིད་བཅུ་དྲུག་དང་ནི་བཞིར་ཡང་འདོད། །ཀུན་རྫོབ་བདེན་པར་ཡང་དག་ལོག་པ་གཉིས། །དང་པོ་ཆུ་དང་གཉིས་པ་སྨིག་རྒྱུའི་ཆུ། །ལུགས་འདིས་ཤེས་པར་ཡང་དག་ཀུན་རྫོབ་ཁྱབ། །
གཉིས་པ་ཡུལ་ཅན་འདོད་ཚུལ་བརྗོད་པ་ནི། །ཡིད་ཀྱི་རྣམ་ཤེས་གང་ཟག་མཚན་གཞི་དང་། །ཀུན་གཞི་དང་ནི་ཉོན་ཡིད་ཁས་མི་ལེན། །རྣམ་ཤེས་ཚོགས་དྲུག་རང་རྒྱུད་གཉིས་ཀ་མཐུན། །བློ་ལ་ཚད་མ་དང་ནི་ཚད་མིན་གཉིས། །ཚད་མ་ལ་ནི་མངོན་སུམ་རྗེས་དཔག་གཉིས། །མངོན་སུམ་དབང་ཡིད་རང་རིག་རྣལ་འབྱོར་བཞི། །ཕྱི་མ་གཉིས་ལ་མ་འཁྲུལ་ཤེས་པས་ཁྱབ། །ཕྱི་རོལ་དོན་དུ་གྲུབ་པ་མི་འདོད་པས། །སྔོན་དང་སྔོན་འཛིན་མངོན་སུམ་རྫས་གཅིག་འདོད། །
གཉིས་པ་ལམ་གྱི་རྣམ་བཞག་ལ་ནི་གསུམ། །༡དམིགས་པ་གང་ཟག་རྟག་གཅིག་རང་དབང་གིས། །སྟོང་པ་གང་ཟག་བདག་མེད་རགས་པ་དང་། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས། །སྟོང་པ་གང་ཟག་བདག་མེད་ཕྲ་མོར་འདོད། །གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས། །སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། །ཆོས་ཀུན་བདེན་པར་གྲུབ་པས་སྟོང་པ་ནི། །ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་པ་འོ། ། ༢ སྤང་བྱ་གང་ཟག་བདག་འཛིན་ཉོན་སྒྲིབ་དང་། །ཆོས་ཀྱི་བདག་འཛིན་ཤེས་བྱའི་སྒྲིབ་པར་འདོད། །ཤེས་སྒྲིབ་ལ་ཡང་གཟུང་འཛིན་རྫས་གཞན་དུ། །འཛིན་པ་ལྟ་བུ་ཤེས་སྒྲིབ་རགས་པ་དང་། །ཕུང་སོགས་ཆོས་ཀུན་བདེན་པར་གྲུབ་པ་རུ། །འཛིན་པ་ཤེས་སྒྲིབ་ཕྲ་མོར་འདོད་པ་འོ། ། ༣ རང་བཞིན་ལྔ་གསུམ་བཅོ་ལྔའི་ལམ་འདོད་ཅིང་། །ཁྱད་པར་རང་རྒྱལ་བར་ཆད་མེད་ལམ་དང་། །རྣམ་གྲོལ་ལམ་ལ་གཉིས་སྟོང་རྣམ་ཅན་བཞེད། །
གསུམ་པ་འབྲས་བུའི་རྣམ་བཞག་འཆད་པ་ལ། །རང་རྒྱལ་ཤེས་སྒྲིབ་རགས་པ་སྤང་བྱའི་གཙོར། །འདོད་ཕྱིར་ཞུགས་གནས་བརྒྱད་པོ་མི་རྩི་ཡང་། །ཉན་ཐོས་གང་ཟག་ཡ་བརྒྱད་ཡོད་པར་བཞེད། །ཉན་ཐོས་རིགས་ངེས་རྣམས་ཀྱི་བསྒོམ་བྱའི་གཙོ། །གང་ཟག་བདག་མེད་རྟོགས་པའི་ལྟ་བ་དང་། །མཐར་ནི་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །སྒོམ་ལམ་ལ་བརྟེན་ཉོན་སྒྲིབ་མ་ལུས་པར། །སྤངས་དང་དུས་མཉམ་དགྲ་བཅོམ་འབྲས་བུ་འཐོབ། །རང་རྒྱལ་རིགས་ངེས་གཟུང་འཛིན་གཉིས་སྟོང་གི །ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་པའི་མཐར་། །སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཉོན་ཕྲ་ཤེས་རགས་མ་ལུས་སྤངས་པ་དང་། །མཉམ་དུ་རང་རྒྱལ་དགྲ་བཅོམ་འབྲས་བུ་ཐོབ། །ཐེག་དམན་མྱང་འདས་ལྷག་བཅས་ལྷག་མེད་གཉིས། །སྔ་མའི་ལས་ཉོན་གྱིས་འཕངས་སྡུག་བསྔལ་གྱི།
ལྷག་མར་བཅས་པ་ལྷག་བཅས་མྱང་འདས་དང་། །སྡུག་བསྔལ་ཕུང་བོར་བྲལ་བ་ལྷག་མེད་དོ། །ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་འཇུག་སྟེ། །མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད། །ལུགས་འདིར་ཉན་རང་སྤང་བྱ་རྟོགས་རིགས་གཉིས། །འདྲ་མིན་འཐོབ་བྱའི་འབྲས་བུར་མཆོག་དམན་ཡོད། །ཐེག་ཆེན་རིགས་ངེས་བྱང་ཆུབ་སེམས་བསྐྱེད་དེ། །ཚོགས་ལམ་ཆེན་པོར་ཆོས་རྒྱུན་ཏིང་འཛིན་ལ། །བརྟེན་ནས་མཆོག་གི་སྤྲུལ་སྐུར་གདམས་ངག་ཉན། །དེ་དོན་ཉམས་བླངས་སྟོང་པ་ཉིད་དམིགས་པའི། །སྒོམ་བྱུང་ཤེས་རབ་སྐྱེས་ཚེ་སྦྱོར་ལམ་ཐོབ། །དྲོད་ཀྱི་སྐབས་སུ་མཐོང་སྤང་ཀུན་ཉོན་མོངས། །གཟུང་རྟོག་མངོན་གྱུར་ཉམས་སྨོད་བྱེད་པ་དང་། །རྩེ་མོར་རྣམ་བྱང་གཟུང་རྟོག་མངོན་གྱུར་དང་། །བཟོད་པར་རྫས་འཛིན་རྟོག་པ་མངོན་གྱུར་པ། །ཆོས་མཆོག་བཏགས་འཛིན་རྟོག་པ་མངོན་གྱུར་པ། །ཉམས་སྨོད་འདི་དག་མཐོང་སྤང་ཡིན་པར་འདོད། །དྲོད་རྩེ་བཟོད་མཆོག་བཞི་ལ་རིམ་བཞིན་དུ། །སྣང་བ་ཐོབ་དང་མཆེད་པའི་ཏིང་འཛིན་དང་། །དེ་ཉིད་ཕྱོགས་གཅིག་ཞུགས་པའི་ཏིང་འཛིན་དང་། །བར་ཆད་མེད་པའི་ཏིང་འཛིན་ཞེས་ཟེར་རོ། །དེའི་མཇུག་མཐོང་ལམ་བར་ཆད་མེད་ལམ་གྱིས། །སྒྲིབ་གཉིས་ཀུན་བཏགས་ས་བོན་བཅས་སྤངས་ནས། །རྣམ་གྲོལ་ལམ་དང་འགོག་བདེན་མངོན་དུ་བྱེད། །སྒོམ་ལམ་སྐོར་དགུས་སྒོམ་སྤང་ཉོན་ཤེས་སྒྲིབ། །བཅུ་དྲུག་དང་ནི་བརྒྱ་དང་བརྒྱད་ཀྱི་གྲངས། །ས་བོན་དང་བཅས་རིམ་བཞིན་སྤོང་བར་གསུངས། །མཐར་ནི་རྒྱུན་མཐའི་བར་ཆད་མེད་ལམ་ལ། །བརྟེན་ནས་སྒྲིབ་གཉིས་ལྷན་སྐྱེས་ཅིག་ཆར་དུ། །སྤངས་ཏེ་སྐད་ཅིག་གཉིས་པར་འཚང་རྒྱ་སྟེ། །རིགས་ངེས་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །ཐེག་ཆེན་མྱང་འདས་མི་གནས་མྱང་འདས་གཉིས། །དོན་གཅིག་སངས་རྒྱས་སྐུ་ལ་བཞིར་གྲངས་ངེས། །འཕགས་སེང་གཉིས་ཀྱང་སྐུ་ཡི་བསྟན་ཚུལ་ལ། །རྩོད་ཀྱི་གྲངས་ངེས་ལ་ནི་མི་རྩོད་དོ། །སངས་རྒྱས་བཀའ་ལ་དྲང་ངེས་གཉིས་འདོད་དེ། །ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱ་ཡི། །གཙོ་བོར་བྱས་སྟོན་དྲང་དོན་མདོ་སྡེ་དང་། །དོན་དམ་དངོས་བསྟན་ངེས་དོན་མདོ་རུ་འདོད། །དགོངས་འགྲེལ་འཁོར་ལོ་དང་པོ་དྲང་དོན་དང་། །བར་ཐ་གཉིས་ལ་དྲང་ངེས་གཉིས་གཉིས་ཡོད། །
༈ གཉིས་པ་མདོ་སྡེ་སྤྱོད་པའི་དབུ་མ་པའི། །ལུགས་ལ་གཞི་ལམ་འབྲས་བུའི་རྣམ་བཞག་གསུམ། །དང་པོ་ལུགས་འདིས་ཕྱི་དོན་འདོད་པ་དང་། །རང་རིག་ཁས་མི་ལེན་པ་ཙམ་མ་གཏོགས། །གཞི་ཡི་རྣམ་བཞག་ཕལ་ཆེར་སྔ་མར་མཚུངས། །གཉིས་པ་ལམ་གྱི་ཁྱད་པར་འཆད་པ་ལ། །ཉན་རང་རིགས་ངེས་ཆོས་བདག་རྟོགས་པ་མེད། །གཟུང་འཛིན་རྫས་གཞན་རྟོགས་པའི་ཡེ་ཤེས་མེད། །ཕྱི་རོལ་དོན་འཛིན་རྟོག་པ་ཤེས་སྒྲིབ་མིན། །གསུམ་པ་འབྲས་བུའི་རྣམ་བཞག་འཆད་པ་སྟེ། །ཉན་རང་གཉིས་པོ་སྤང་བྱའི་སྒྲིབ་པ་དང་། །རྟོགས་བྱའི་བདག་མེད་ཕྲ་རགས་ཁྱད་མེད་འདོད། །ཞུགས་གནས་བརྒྱད་ཀྱི་རྣམ་གཞག་གཉིས་ཀར་བྱེད། །ཐེག་ཆེན་རིགས་ངེས་སྒྲིབ་གཉིས་རིམ་ཅན་སྤོང་། །ས་བརྒྱད་ཐོབ་ཚེ་ཉོན་མོངས་སྒྲིབ་པ་དག །ཟད་པར་སྤངས་ཞེས་རྟོག་གེ་འབར་བར་བཤད། །ཐལ་འགྱུར་བ་བཞིན་ཉོན་སྒྲིབ་མ་ཟད་བར། །ཤེས་སྒྲིབ་སྤོང་བའི་མགོ་མི་རྩོམ་པ་མིན། །ཁྱད་པར་དེ་ཙམ་གཏོགས་གཞི་ལམ་འབྲས། །ཕལ་ཆེར་རྣལ་འབྱོར་སྤྱོད་པའི་དབུ་མར་མཐུན། །
གཉིས་པ་གྲུབ་མཐའི་གཙུག་རྒྱན་ཐལ་འགྱུར་བའི། །ལུགས་ལ་མཚན་ཉིད་སྒྲ་བཤད་འདོད་ཚུལ་གསུམ། །རང་གི་མཚན་ཉིད་ཀྱིས་གྲུབ་ཐ་སྙད་ཙམ། །མི་བཞེད་ངོ་བོ་ཉིད་སྨྲ་མཚན་ཉིད་དང་། །སངས་རྒྱས་བསྐྱངས་དང་ཟླ་གྲགས་ཞི་བ་ལྷ། །མཚན་གཞིར་འཇོག་གོ་གཉིས་པ་སྒྲ་བཤད་ནི། །ཐལ་འགྱུར་ཙམ་གྱིས་ཕྱིར་རྒོལ་རྒྱུད་ལ་ནི། །བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད། །གསུམ་པ་འདོད་ཚུལ་གཞི་ལམ་འབྲས་གསུམ་ལས། །དང་པོ་གཞི་གྲུབ་རང་གི་མཚན་ཉིད་ཀྱིས། །མ་གྲུབ་པས་ཁྱབ་ཁས་ལེན་རྒྱུ་མཚན་ནི། །གཞི་གྲུབ་ཡིན་ན་རྟོག་པས་བཏགས་ཙམ་ཁྱབ། །ཙམ་སྒྲས་རང་གི་མཚན་ཉིད་ཀྱིས་གྲུབ་གཅོད། །གཞི་གྲུབ་ཡུལ་དང་ཤེས་བྱ་རྣམས་དོན་གཅིག །དབྱེ་ན་མངོན་ལྐོག་གཉིས་དང་བདེན་པ་གཉིས། །དང་པོ་རྟགས་ལ་མ་བརྟེན་མྱོང་སྟོབས་ཀྱིས། །རྟོགས་ནུས་ཆོས་དེ་མངོན་གྱུར་མཚན་ཉིད་དང་། །མངོན་སུམ་མངོན་གྱུར་དབང་པོའི་ཡུལ་དང་ནི། །ལྐོག་ཏུ་མ་གྱུར་ཆོས་བཞི་དོན་གཅིག་གོ །མཚན་གཞི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། །རྒྱུ་མཚན་ཡང་ན་རྟགས་ལ་བརྟེན་ནས་ནི། །རྟོགས་དགོས་ཆོས་དེ་ལྐོག་གྱུར་མཚན་ཉིད་དང་། །ལྐོག་གྱུར་མངོན་སུམ་མིན་པའི་ཆོས་དང་ནི། །རྗེས་དཔག་གཞལ་བྱ་དག་ནི་དོན་གཅིག་གོ །མཚན་གཞི་སྒྲ་མི་རྟག་དང་སྒྲ་གང་ཟག །བདག་ཏུ་མེད་པ་ལྟ་བུར་འདོད་པ་འོ། །དེའི་ཕྱིར་ལུགས་འདིར་མངོན་ལྐོག་གཉིས་དང་ནི། །གཞལ་བྱའི་གནས་གསུམ་འགལ་བར་བཞེད་པའོ། །ཐ་སྙད་དཔྱོད་བྱེད་ཚད་མའི་རྙེད་དོན་གང་། །ཐ་སྙད་དཔྱོད་བྱེད་ཚད་མ་རང་ཉིད་ལ། །ཐ་སྙད་དཔྱོད་བྱེད་ཚད་མར་སོང་བ་དེ། །རང་ཉིད་ཀུན་རྫོབ་བདེན་པའི་མཚན་ཉིད་དོ། །མཚན་གཞི་བུམ་སོགས་རིགས་འགྲེས་ཤེས་པར་བྱ། །
དབྱེ་བར་ཡང་དག་ལོག་པའི་ཀུན་རྫོབ་གཉིས། །མི་འབྱེད་ཡང་དག་ཀུན་རྫོབ་མེད་པའི་ཕྱིར། །ཀུན་རྫོབ་ཡིན་ན་ཡང་དག་མ་ཡིན་དགོས། །དེ་ལ་ལོག་པས་ཁྱབ་པ་ཁས་ལེན་ནོ། །འོན་ཀྱང་འཇིག་རྟེན་རང་དགའི་ཤེས་ངོ་ལ། །ལྟོས་ཏེ་ཀུན་རྫོབ་ཡང་ལོག་གཉིས་སུ་འབྱེད། །གཟུགས་དེ་འཇིག་རྟེན་ཤེས་ངོར་ཡང་དག་དང་། །མེ་ལོང་ནང་གི་གཟུགས་བརྙན་ལོག་པ་ཡིན། །འཇིག་རྟེན་ཤེས་ངོར་ཡང་དག་ཡོད་པ་ཡིས། །མ་ཁྱབ་གཟུགས་ཀྱི་བདེན་གྲུབ་ཅི་བཞིན་ནོ། །མཐར་ཐུག་དཔྱོད་བྱེད་ཚད་མའི་རྙེད་དོན་གང་། །མཐར་ཐུག་དཔྱོད་བྱེད་ཚད་མ་རང་ཉིད་ལ། །མཐར་ཐུག་དཔྱོད་བྱེད་ཚད་མར་སོང་བ་དེ། །རང་ཉིད་དོན་དམ་བདེན་པའི་མཚན་ཉིད་དོ། །མཚན་གཞིར་བུམ་པ་རང་བཞིན་གྱིས་མེད་འཇོག། །དབྱེ་བ་སྔར་བཞིན་འདས་དང་མ་འོངས་དང་། །ཞིག་པ་དངོས་པོར་ཁས་ལེན་ཕྱི་དོན་འདོད། །གཟུང་འཛིན་ངོ་བོ་ཐ་དད་གྲུབ་པར་བཞེད། །
ཡུལ་ཅན་འདོད་ཚུལ་རང་ཉིད་གདགས་པའི་གཞི། །ཕུང་པོ་བཞི་འམ་ལྔ་ལ་བརྟེན་ནས་ནི། །བཏགས་པའི་ང་ཙམ་གང་ཟག་མཚན་གཞིར་འདོད། །གང་ཟག་ལ་ནི་ལྡན་མིན་འདུ་བྱེད་ཁྱབ། །བློ་ལ་ཚད་མ་དང་ནི་ཚད་མིན་གཉིས། །ཚད་མར་མངོན་རྗེས་མངོན་སུམ་དབང་ཡིད་དང་། །རྣལ་འབྱོར་མངོན་སུམ་རང་རིག་མི་འདོད་དོ། །སེམས་ཅན་རྒྱུད་བསྡུས་དབང་ཤེས་འཁྲུལ་ཤེས་ཁྱབ། །རྣལ་འབྱོར་མངོན་སུམ་འཁྲུལ་དང་མ་འཁྲུལ་གཉིས། །མཉམ་བཞག་ཟག་མེད་ངོ་བོར་གྱུར་པ་ཡི། །རྣལ་འབྱོར་མངོན་སུམ་དེ་ནི་མ་འཁྲུལ་པ། །ཚུར་མཐོང་རྒྱུད་ཀྱི་ཕྲ་བའི་མི་རྟག་པ། །མངོན་སུམ་རྟོགས་པའི་རྣལ་མངོན་འཁྲུལ་ཤེས་ཏེ། །སོ་སྐྱེས་རྒྱུད་ཀྱི་ཤེས་པ་ཡིན་ཕྱིར་རོ། །བཅད་ཤེས་ལ་ནི་མངོན་སུམ་ཚད་ཁྱབ་སྟེ། །སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི །སྐད་ཅིག་གཉིས་པ་རྟོག་གྱུར་མངོན་ཚད་དང་། །གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དེ། །རྟོག་མེད་མངོན་སུམ་ཚད་མ་ཡིན་པའི་ཕྱིར། །རྗེས་དཔག་དབྱེ་ན་དངོས་སྟོབས་གྲགས་པ་དང་། །དཔེ་ཉེར་འཇལ་དང་ཡིད་ཆེས་རྗེས་དཔག་བཞི། །ཡུལ་དེར་འཁྲུལ་དང་རྟོགས་པ་མི་འགལ་ཏེ། །སྒྲ་མི་རྟག་རྟོགས་རྗེས་དཔག་དེར་འཁྲུལ་རྟོགས། །གཉིས་སྣང་ཅན་གྱི་ཤེས་པ་རང་ཉིད་ཀྱི། །སྣང་བར་མངོན་སུམ་ཚད་མ་ཡིན་པས་ཁྱབ། །སྒྲ་རྟག་འཛིན་རྟོག་རང་སྣང་མངོན་ཚད་དོ། །ཤེས་པར་རང་གི་གཞལ་བྱ་རྟོགས་ཁྱབ་སྟེ། །རི་བོང་རྭ་ཡི་དོན་སྤྱི་དེ་འཛིན་གྱི། །རྟོག་པའི་གཞལ་བྱ་སྒྲ་རྟག་དོན་སྤྱི་དེ། །སྒྲ་རྟག་འཛིན་རྟོག་གཞལ་བྱ་ཡིན་པའི་ཕྱིར། །
གཉིས་པ་ལམ་གྱི་རྣམ་བཞག་ལ་ནི་གསུམ། །དམིགས་པ་སྤང་བྱ་རང་བཞིན་དང་པོ་ནི། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས། །སྟོང་པ་གང་ཟག་བདག་མེད་རགས་པ་དང་། །གང་ཟག་བདེན་སྟོང་དེ་བདག་ཕྲ་མོར་འདོད། །བདག་མེད་ཕྲ་མོ་གཉིས་ནི་སྟོང་གཞི་ཡི། །སྒོ་ནས་འབྱེད་ཀྱི་དགག་བྱའི་སྒོ་ནས་མིན། །གང་ཟག་སྟེང་དུ་དགག་བྱ་བདེན་པར་གྲུབ། །བཀག་པ་གང་ཟག་བདག་མེད་ཕྲ་མོ་དང་། །ཕུང་སོགས་སྟེང་དུ་དགག་བྱ་བདེན་གྲུབ་བཀག །ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། །གང་ཟག་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས། །ཕྲ་རགས་མེད་ཅིང་གནས་ལུགས་མཐར་ཐུག་འདོད། །
སྤང་བྱ་བདག་འཛིན་ཕྲ་རགས་ས་བོན་བཅས། །དེ་བྱུང་དུག་གསུམ་ས་བོན་ཉོན་སྒྲིབ་འདོད། །ཆོས་ཀུན་བདེན་འཛིན་ཉོན་མོངས་སྒྲིབ་པར་བཞེད། །བདེན་འཛིན་བག་ཆགས་དེ་བྱུང་གཉིས་སྣང་གི །འཁྲུལ་ཆ་བདེན་གཉིས་ངོ་བོ་ཐ་དད་དུ། །འཛིན་པའི་དྲི་མ་རྣམས་ནི་ཤེས་སྒྲིབ་འདོད། །
ལམ་གྱི་རང་བཞིན་ཐེག་གསུམ་རེ་རེར་ཡང་། །ལྔ་གསུམ་བཅོ་ལྔའི་ལམ་གྱི་རྣམ་བཞག་དང་། །ཐེག་ཆེན་ལ་ནི་ས་བཅུའི་རྣམ་བཞག་ཀྱང་། མདོ་སྡེ་ས་བཅུ་པ་ལ་བརྟེན་ནས་བཤད། །ཐེག་གསུམ་ཤེས་རབ་རྟོགས་རིགས་མཚུངས་པ་སྟེ། །འཕགས་པས་ཆོས་བདག་མངོན་སུམ་རྟོགས་པས་ཁྱབ། །
གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། །ཐེག་དམན་རིགས་ངེས་བདག་མེད་ལྟ་བ་དེ། །རིགས་པ་མདོར་བསྡུས་ཙམ་གྱིས་བསྒོམས་པར་བརྟེན། །སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདེན་འཛིན་ས་བོན་དང་བཅས་སྤངས་པ་དང་། །དུས་མཉམ་རང་གི་བྱང་ཆུབ་མངོན་དུ་བྱེད། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། །མན་ཆད་ལྷག་མེད་མྱང་འདས་འཐོབ་པ་ལ། །དེའི་སྔོན་ལྷག་བཅས་མྱང་འདས་ཐོབ་དགོས་བཞེད། །ལུགས་འདིར་ལྷག་བཅས་སྔོན་དུ་ལྷག་མེད་དགོས། །ཉན་རང་གཉིས་ལ་ཞུགས་གནས་རྣམ་བཞག་དང་། །ཞུགས་གནས་བརྒྱད་པོར་འཕགས་པས་ཁྱབ་པར་འདོད། །
ཐེག་པ་ཆེན་པོའི་ལམ་གྱི་བགྲོད་ཚུལ་ནི། །བྱང་སེམས་རིགས་ངེས་བདག་མེད་ལྟ་བ་དེ། །རིགས་པ་མང་པོས་བསྒོམས་ཏེ་སྤོང་བར་བྱེད།
།ཉོན་སྒྲིབ་མ་ཟད་ཤེས་སྒྲིབ་སྤོང་མི་རྩོམ། །ས་བརྒྱད་ཐོབ་ཚེ་ཉོན་སྒྲིབ་ཟད་པར་སྤོང་། །མཐར་ནི་རྒྱུན་མཐའི་བར་ཆད་མེད་ལམ་གྱིས། །ཤེས་སྒྲིབ་མ་ལུས་སྤངས་ཏེ་སྐུ་བཞི་འཐོབ། །མྱང་འདས་འགོག་བདེན་དོན་དམ་བདེན་པས་ཁྱབ། །དགོངས་འགྲེལ་ལས་བཤད་འཁོར་ལོ་ཐོག་མཐའ་གཉིས། །དྲང་དོན་ཡིན་ཏེ་སྟོང་ཉིད་དངོས་བསྟན་མིན། །དེ་ཡི་བར་བར་ངེས་དོན་མདོས་ཁྱབ་སྟེ། །ཤེས་རབ་སྙིང་པོ་ངེས་དོན་མདོ་ཡིན་ནོ། །ཐལ་འགྱུར་བ་ཡི་ཁྱད་ཆོས་གཙོ་བོ་ནི། །བརྟེན་ནས་བཏགས་པའི་གཏན་ཚིགས་ལ་བརྟེན་ནས། །ཆོས་ཀུན་རང་མཚན་གྲུབ་པ་ཁེགས་ན་ཡང་། །ཐ་སྙད་མིང་རྐྱང་བཏགས་ཡོད་ཙམ་ཞིག་ལ། །བཅིང་གྲོལ་རྒྱུ་འབྲས་གཞལ་བྱ་འཇལ་བྱེད་སོགས། །གཞན་ངོར་མིན་པར་རང་ལུགས་འཇོག་ཤེས་སོ། །དེང་སང་འགའ་ཞིག་ལྟ་བ་མཐོར་རློམས་ཏེ། །སྣང་ཕྱོགས་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས། །གཏན་མེད་བཟུང་ནས་ཡིད་ངོར་ཅང་མེད་པ། །ཉམས་ལེན་མཆོག་འཛིན་ཐལ་འགྱུར་དྲི་མི་བྲོ། །དེས་ན་སྲིད་པའི་ཕུན་ཚོགས་མཐའ་དག་ནི། །མེ་འབར་སྦུབས་ལྟར་མཐོང་བའི་བློ་ལྡན་ཞིང་། །གྲོལ་བ་དོན་དུ་གཉེར་བའི་ཤེས་ལྡན་དག །ཆོས་ལྟར་བཅོས་པའི་ལྟ་ངན་མ་ལུས་པ། །སྤངས་ཏེ་གྲུབ་མཐའ་ཀུན་གྱི་ཡང་རྩེ་སྟེ། །དབུ་མ་ཐལ་འགྱུར་རིང་ལུགས་མཆོག་ཏུ་ཟུངས། །
༈ སྟོན་མཆོག་དྲང་སྲོང་མགྲིན་སྔོན་རལ་ཀློང་ལས། །ལེགས་འོངས་ཞི་བསིལ་གྲུབ་གཞུང་ལྷ་ཡི་ཆབ། །འཕགས་བོད་མཁས་བརྒྱའི་དབྱིག་འཛིན་ལེགས་བརྒྱུད་དེ། །འདི་ན་སྡུག་ཀུན་ཚ་གདུང་གཤེད་དུ་འབབ། །གྲུབ་མཐའི་ཕ་རོལ་སོན་པའི་མཁས་མང་ལས། །གྲུབ་མཐའི་རྣམ་བཞག་སྦྱངས་པའི་དྲིན་གཟོ་ཕྱིར། །གྲུབ་མཐའི་ཁྱད་པར་མ་འདྲེས་གསལ་སྟོན་པའི། །གྲུབ་མཐའི་སྡོམ་ཚིག་རང་མཉམ་སྐྱེས་སུ་བསྟབས། །འདི་སྣང་ཕྲག་དོག་ཚེར་མའི་མལ་སྟན་སྟེང་། །འདི་ལ་ངན་སྨྲོས་འགྲེ་ལྡོག་བྱེད་པ་དག །འདི་ཉིད་ཀློག་པའི་ཡུལ་དུ་གྱུར་པའི་མོད། །འདི་ཡིས་བློ་ཡིག་ནམ་མཁའི་མཐར་ཕྱེ་ཤོག །ཟླ་མེད་བཤེས་གཉེན་དག་གི་ཐུགས་དགོངས་རྫོགས། །མུ་མེད་སྲིད་མཚོར་བྱིངས་པའི་འགྲོ་ཀུན་སྒྲོལ། །ཐོགས་མེད་ཡེ་ཤེས་མེ་འོད་སྙིང་ལ་སྦར། །ཕྱོགས་མེད་རྒྱལ་ཁམས་ལྡོམ་པོའི་དམིགས་ཡུལ་ཡིན། །
ཞེས་གྲུབ་མཐའ་རིན་པོ་ཆེའི་ཕྲེང་བའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག་ཅེས་བྱ་བ་འདི་ཡང་། འཕགས་བོད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མའི་ཞབས་དྲུང་ནས། རང་གཞན་གྱི་གྲུབ་མཐའི་གཞུང་ལ་སྦྱངས་པ་ལོ་མང་བྱས་ཤིང་། རིས་སུ་མ་ཆད་པའི་གྲུབ་མཐའི་གཞུང་ལུགས་ལ་སྤྲོ་བ་ཅན་སྔགས་བཙུན་ཀླུ་སྨྱོན་ཁྲག་འཐུང་གླིང་པ་ཞེས་འབོད་པ་དེས། ཆུ་སྦྲུལ་བོད་ཟླ་ལྔ་པའི་ཚེས་ཉེར་བརྒྱད། སྤྱི་ལོ་༢༠༡༣ ལོའི་ཟླ་༧ ཚེས་༤ ཨ་རིའི་རྒྱལ་སྟོན་དུས་ཆེན་ཉིན། སའི་སྟེང་ན་གྲགས་པ་འབར་བའི་སྟོབས་ལྡན་ཨ་རི་སྡེ་མང་གཅིག་སྒྲིལ་རྒྱལ་ཁབ་ཀྱི་ནུབ་ཕྱོགས་སེ་ཡ་ཁྲལ་ཞེས་པའི་གྲོང་ཁྱེར། དུས་བཞིར་མེ་ཏོག་བཞད་པའི་ཡུལ་ལྗོངས་དྲི་ཟའི་འཇིག་རྟེན་ས་ལ་འཕོས་པ་ལྟ་བུའི་ཞིང་ཁམས་དེར་བཞུགས་པའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་གི་རང་ཤག་ཨེ་ཝཾ་བསྣོལ་བའི་གུར་ཁང་དུ་མཇུག་གྲུབ་པར་བྱས་པའི་དགེ་བས། འགྲོ་ཀུན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མཆོག་ལ་ཚེ་འདིར་སོན་པར་གྱུར་ཅིག ། ། །
ཨེ་ཝམ་ཐབས་ཤེས་བསྣོལ་བའི་གདན་སྟེང་དུ།
ཞུགས་པའི་སྔགས་བཙུན་ཟུང་འབྲེལ་ཀླུ་སྨྱོན་པས།
ཕྱི་ནང་གྲུབ་མཐའི་རྣམ་བཞག་རིན་ཆེན་འཕྲེང།
ཆགས་སྡང་ཟུང་འབྲེལ་དྲ་འབུའི་མགུལ་དུ་བརྒྱན།
སངས་རྒྱས་པ་ལ་བཞི་བ་དང།
ལྔ་པ་ཐུབ་པའི་དགོངས་པ་མིན།
དགོངས་དོན་རྣལ་མ་ཇི་ཡིན་ཚུལ།
གསལ་བཤད་ཅུང་ཞིག་གནང་འཚལ་མཛོད།
གངས་རིའི་ལྗོངས་འདིར་སྣ་ཚོགས་གྲུབ་མཐའ་སྨྲ་བ་པོས།
རང་རང་བློ་ཡིས་གྲུབ་པའི་གྲུབ་མཐའ་སྣ་ཚོགས་དར།
འདི་བདེན་འདི་རྫུན་ལ་ཟླའི་ལ་ཤན་ཐག་ཆོད་ཀྱི།
མཐའ་གཉིས་མཐའ་བཞི་མཐའ་བརྒྱད་བྲལ་བའི་གྲུབ་མཐའ་གང།
རིས་སུ་མ་ཆད་པའི་གྲུབ་མཐའི་གཞུང་ལུགས་ལ་སྤྲོ་བ་ཅན་སྔགས་བཙུན་ཀླུ་སྨྱོན་ཁྲག་འཐུང་གླིང་པ་ཞེས་འབོད་པ་དེས།
ཕྱི་ནང་གྲུབ་མཐའ་སྨྲ་བའི་ཁྱད་པར་ནི། །སྟོན་དང་བསྟན་པ་ལྟ་བ་གསུམ་གྱིས་འབྱེད། །དེ་ཡང་རང་སྡེ་རྣམས་ཀྱི་སྟོན་པ་ནི། །སྐྱོན་ཀུན་ཟད་ཅིང་ཡོན་ཏན་རྫོགས་པ་དང་། །བསྟན་པ་སེམས་ཅན་འཚེ་བ་མེད་པ་དང་། །ལྟ་བ་རྟག་པ་གཅིག་བུ་རང་དབང་གི །བདག་གིས་སྟོང་བར་འདོད་པའི་ཁྱད་པར་གསུམ། །གཞན་སྡེ་རྣམས་ནི་དེ་ལས་ཟློག་པ་སྟེ། །སྟོན་པ་སྐྱོན་དང་བཅས་ཤིང་ཡོན་ཏན་ཉུང་། །བསྟན་པ་སེམས་ཅན་གནོད་ཅིང་འཚེ་བ་དང་། །ལྟ་བ་རྟག་པ་གཅིག་བུ་རང་དབང་གི །བདག་ཏུ་གྲུབ་པར་ཁས་ལེན་ཁྱད་པར་གསུམ། །
གསུངས་པ་འདི་ཐད་དམ་མི་ཐད་གང་ཤེས། དེའི་སྟེང་དུ་སྔགས་བཙུན་གྱི་དོན་ཡང་ཤེས་མ་སོང་། གང་ཡིན་ཟེར་ན། སྔགས་པ་ཡིན་པ་བཙུན་པ་མིན་དགོས། བཙུན་པ་ཡོན་། སྔགས་འཆང་མིན་དགོས་པས་་་་་་་ ཀླུ་སྨྱོན་ལགས་ཀྱིས་བྲིས་པའི་སྔགས་བཙུན་གྱི་དོན་ལ་གསལ་བཤད་ཅིག་ཀྱང་ཡོད་ན་ཕན་ཐོགས་ཆེ། ཀློག་མཚམས་འདི་ནས་མར་ད་ལྟ་ཀློག་ཁོམ་བྱུང་མ་སོང་བས། དོགས་དྲི་རྗེས་སུ་ཕུལ་ཆོག་པ་ཞུ།
ཀླུ་སྨྱོན་སྔགས་བཙུན་གཞི་མཐུན།
འོས་ཤོག་ཐེང་གཉིས་བླུག་ཆོག
བླ་མ་སྤྲུལ་སྐུའི་གཞི་མཐུན།
སྐུ་སྐལ་ཐེང་གཉིས་ལེན་ཆོག
སྔགས་བཙུན་ཀླུ་སྨྱོན་ཁྲག་འཐུང་གླིང་པ་
མྱིང་རྫིག་གི་ཡ
སྔགས་བཙུན་ཁྲག་འཐུང་གླིང་པ་ལགས་ཀྱིས་ཡག་པོ་བྲིས་གནང་འདུག
མིང་དོན་མཐུན་འདུག
ད་དུང་ཀླུ་སྨྱོན་སྔགས་བཙུན་ཁྲག་འཐུང་མི་བཤིག་གླིང་པ་རྡོར་རྗེ། ཞེས་བཏགས་ནའང་འགྲིག་འདུག
མི་བཤིག་རྡོར་རྗེ་གླིང་ལ་ཞེས་བཅོས་རོགས།
ཨེ་ཝྃ་ཐབས་ཤེས་རིག་པའི་གྲུབ་མཐའ་བརྩམས། །
སངས་རྒྱས་པ་ལ་ས་དགེ་བཀའ་རྙིང་བཞི། །།
ལྔ་པ་གདོན་བོན་ཐུབ་པའི་དགོངས་པ་མིན།
དགོངས་དོན་རྣལ་མ་མ་ཤེས་བན་ལོག་འཁྲུལ། །
སངས་རྒྱས་པ་ལ་བཞི་པ་དང་།།
ལྔ་པ་ཐུབ་པའི་དགོངས་པ་མིན།། ཞེས་པའི་དོན་ནི།
སངས་རྒྱས་བསྟན་པའི་ཐེག་པ་ལ་ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་ཐེག་པ་བཅས་གསུམ་མ་གཏོགས་དེ་ལས་གཞན་ཐེག་པ་བཞི་པ་ཞིག་ཡོད་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མིན་པ་དང་། དེ་བཞིན་དུ་སངས་རྒྱས་པའི་གྲུབ་མཐའ་ལ་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་བཞི་མ་གཏོགས་དེ་ལས་ནང་པའི་གྲུ་མཐའ་ལྔ་པ་ཞིག་ཡོད་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མིན་དོན་ཡིན་ནོ།།
ནམ་རྒྱུན་ཚིག་གཉིས་པོ་འདི་གལ་ཆེན་པོ་བརྩི་ཡི་ཡོད།
སྤྱིར་བཏང་གྲུབ་མཐའ་ཞེས་པ་དེ་ལུང་རིགས་ཀྱིས་དཔྱད་པ་མཐར་ཐུག་པའི་གྲུབ་དོན་ཞིག་ལ་འཇོག་དགོས་པས། དེ་ཉིད་ངག་ནས་བཤད། ཡིག་ཐོག་ཏུ་བཀོད། རྗེས་འབྲངས་ཀྱང་མང་བ་དང་། ལྟ་སྒོམ་སྤྱོད་གསུམ་ཡང་ཐུན་མིན་ཡོད་པའི་གང་ཟག་ཅིག་ལ་གྲུབ་མཐའ་དེར་ཞུགས་པའི་གང་ཟག་དང་། དེ་དག་གི་ལྟ་གྲུབ་ཐུན་མིན་སྨྲ་ནུས་མཁན་ཞིག་ལ་དེའི་གྲུབ་མཐའ་གྲུབ་མཐའ་སྨྲ་བ་ཞེས་ཡོངས་གྲགས་ལ་སོང་བ་ཞིག་དགོས་པར་སེམས། དེ་ཕྱིར་གྲུབ་མཐའ་སྨྲ་བ་དང་། མན་ངག་སྨྲ་བ་གཉིས་ཞེས་སོ་སོར་ཕྱེ་དགོས་པ་དེ་གལ་ཆེན་པོ་ཡིན་པར་སེམས། མན་ངག་ཀྱང་གྲུབ་དོན་མཐར་ཐུག་པའི་དོན་རེད་དེ། སྔོན་གྱི་དུས་སུ་གྲུབ་མཐའ་སྨྲ་བ་དང་། གྲུབ་མཐའ་ཞེས་པ་དེ་ཡོངས་གྲགས་ལ་སོང་བ་དང་། ལུང་རིགས་གང་གི་ཐད་ནས་ཡིན་ན་རང་ལུགས་འཇོག་ཏུ་བཏུབ་པ་དང་། གཞན་གྱི་ཀླན་ག་མི་འཇུག་པའི་རིགས་པ་དང་། རྒྱུ་མཚན་རྣམ་དག་ཡོད་མཁན་ཞིག་དང་། གསང་སྔགས་ཀྱི་མན་ངག་ནི་རྀགས་པ་དང་། རྒྱ་མཚན་ཡོད་ཀྱང་ཡོངས་གྲགས་ལ་མ་སོང་བ། སྐལ་ལྡན་གྱི་གང་ཟག་རེ་ཟུང་ལས། གང་མཐོང་མཐོང་དང་། གང་རིག་རིག་ལ་གདམ་ངག་ཡོད་ཟེར་ཏེ་གསང་སྔགས་བོན་དུ་གྱེར་སྲོལ་མེད་པ་ཡིན་པ་འདྲ། དེ་ཕྱིར་མན་ངག་ཐོས་མཁན་དཀོན་པ་དང་། འཆད་མཁན་ཡང་དཀོན་པས། མན་ངག་ལ་དམ་སེལ་གྱིས་མ་གོས་པ་དང་། བརྒྱུད་པའི་བྱིན་རླབས་ལྡན་པས་ལྷ་གང་སྒྲུབས་ཀྱང་འགྲུབ་ཐག་ཉེ་བ་རེད། ཉམས་དང་རྟོགས་པའི་ན་འཕར་སྟངས་ཀྱང་མི་འདྲ་བ་ཡོད་ངེས་རེད། དེ་ཕྱིར་དོན་གྱི་ཆ་ནས་གྲུབ་མཐར་སོང་ཡང་། ཡོངས་གྲགས་ལ་གསང་སྔགས་ཀྱི་ཆོས་སྐོར་ལ་གྲུབ་མཐའ་ཞེས་འབོད་སྲོལ་མེད་པ་འདྲ། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། མདོ་མཚན་ཉིད་ཐེག་པའི་གྲུབ་མཐའ་ལ་བཞི་སྟེ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། དབུ་མ་པ་བཞིའོ། །སྔགས་ཀྱི་གྲུབ་མཐའ་ལ་བཞི་སྟེ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །ཞེས་བཞི་ཚན་ཅན་གཉིས་ལ་བཞི་ཞེས་རྡོ་རྗེའི་སྙིང་འགྲེལ་༼སངས་རྒྱས་པ་ཡི་བཞི་བ་དང་༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །༽དང་། འཕགས་པ་ལྷའི་༼སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པའི་དེ་ཉིད་སྒྲུབ་པ་པོ། །༽ལུང་གི་དགོངས་དོན་དེ་ལྟར་འགྲེལ་ན་མི་འགྲིགས་པ་གང་ཡོད། སྐབས་དེ་དུས་གསང་སྔགས་ཉམས་སུ་ལེན་མཁན་སུ་ཡིན་གྲུབ་པ་མ་ཐོབ་པར་དུ་རྟོགས་མི་ནུས་པ་དང་། སུ་ཡིན་རྟོགས་ན་ཡང་དེའི་ཉམས་སུ་བླང་རྒྱུའི་ཆོས་དེ་སྐལ་ལྡན་གྱི་སློབ་བུ་རེ་ཟུང་ལས་ཡོད་ཚད་ཀྱི་ཤེས་ཚོད་མ་རེད།
མི་མང་པོ་ཞིག་གིས་་་་སངས་རྒྱས་་་ཟེར་བ་དེ་ཤི་བའི་རྗེས་སུ་མ་གཏོགས་ཡོང་རྒྱུ་མེད་པ་ཞིག་བསམ་བློ་གཏོང་གི་འདུག། ད་དུང་བར་དོ་སོགས་ཀྱི་རྣམ་བཞག་མང་པོ་ཤོད་རྒྱུ་ཡོད་པ་རེད། འདི་ནས་འཆི་འཕོས་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཟེར་ནས་སྨོན་ལམ་ཡང་འདེབས་པར་བྱེད། དངོས་གནས་ལུས་རྟེན་འདི་གསོན་པོ་ཡིན་བཞིན་དུ་སངས་རྒྱས་རྒྱུ་ཡོད་དམ། ཡོད་ན་ཡོད་ཚུལ་ཡག་པོ་གཅིག་གསུངས་རོགས་གནོངས།
ཡང་ན་་་་།མཐའ་མར་རྡོ་རྗེ་གདན་དུ་སངས་རྒྱས་ཏེ། །ཝྰ་ར་ཎ་སྰིར་ལྔ་སྡེ་བཟང་པོ་ལ།་་་་་འདིའི་བྱུང་རིམ་དེ་ག་འདྲ་བྱས་ནས་བྱུང་བ་ཡིན་གཅིག་གསུངས་རོགས།
དབྱངས་ཅན་འབངས་ནས་གསལ་འགྲེལ་གནང་བར་ཐུགས་རྗེ་ཆེ། ངས་ཀྱང་དེ་གར་བསམ་ཡོད། དེ་ལས་གཞན་པའི་ཐེག་པ་དགུ་ལས་སོགས་འགྲེལ་བ་ནི་་་་སྨྲ་རྒྱུ་ཟད་པའི་གཏམ་དང་འབྲེལ་བ་མེད་པའི་གཏམ་དུ་ཟད།
སྟབས་བདེ་འདི་འདྲ་རྩོམ་པ་རྗེས་སུ་ཡི་རངས་ཡོད། རྗེ་སོར་ཡང་ཡང་ཀློག་འདོད་མཆིས།
རིན་པོ་ཆེས་གྲུབ་མཐའི་སྡོམ་ཚིག་བྲིས་པ་བཟང་། ངས་ཀློག་བཞིན་ཡོད།
དགོངས་འགྲེལ་ལས་བཤད་འཁོར་ལོ་ཐོག་མཐའ་གཉིས། །དྲང་དོན་ཡིན་ཏེ་སྟོང་ཉིད་དངོས་བསྟན་མིན། །དེ་ཡི་བར་བར་ངེས་དོན་མདོས་ཁྱབ་སྟེ། །ཤེས་རབ་སྙིང་པོ་ངེས་དོན་མདོ་ཡིན་ནོ། །འདིའི་ཐོག་མའི་ཚིག་རྐང་གཉིས་ཀྱི་དོན་ལ་བོད་ཀྱི་མཁས་པ་ཚོས་རང་སྟོང་གཞན་སྟོང་གི་མཁས་པ་ཚོས་མི་ལོ་བདུན་བརྒྱའི་རིང་ལ་ཐག་མ་ཆོད་པའི་རྩོད་ཆེན་དེ་རེད། ངས་ཉེ་སྔོན་ཞིག་ལ་ཀུན་མཁྱེན་དོལ་པོ་བའི་ལྟ་གྲུབ་ལ་བསམ་བློ་བཏང་ནས་གཉིད་མི་ཁུགས་ས་དེ་ཡང་དེ་དང་འབྲེལ་བ་ཞིག་རེད། འདི་ཁྱོད་རང་ཉིད་ཀྱི་འདོད་ཚུལ་དེ་ཡིན་ནམ་མཁས་པ་ཞིག་གི་རྗེས་རྗོད་བྱས་པ་ཡིན་གསལ་བཤད་ཅིག་གནང་རོགས།
དེ་ཡི་བར་བར་ངེས་དོན་མདོས་ཁྱབ་སྟེ།།ཤེས་རབ་སྙིང་པོ་ངེས་དོན་མདོ་བཞིན་ནོ།།ཞེས་པའི་དོན་དེ་ལེགས་པོ་ཞིག་གོ་ཐུབ་མ་སོང་བས་འགྲེལ་བཤད་ཅིག་གནང་རོགས་ཞུ། ཤེས་རབ་སྙིང་པོ་བཀའ་བར་པའི་མདོ་ཡིན་པར་རྩོད་པ་མེད་པ་འདྲ་བས་དེ་ཡི་བར་བར་ཞེས་དེ་དམིགས་སུ་བཀར་ནས་དཔེར་བསྟན་དོན་ཅི་ཡིན་ནམ།
ཀླུ་སྨྱོན་སྨྱོས་པས་གསེར་གྱི་ལྡེ་མིག་བྲིས།།
ད་དུང་སྨྱོ་ན་རིན་ཆེན་བང་མཛོད་ཅིག།
ཕྱིས་འབྱུང་སྨྱོན་པ་དག་བསྒོ་སྐལ་དུ།།
འཇོག་པའི་རེ་བའང་ཡིད་ཀྱི་ངོས་སུ་བརྟས།།
ཡང་ན་་་་།མཐའ་མར་རྡོ་རྗེ་གདན་དུ་སངས་རྒྱས་ཏེ། །ཝྰ་ར་ཎ་སྰིར་ལྔ་སྡེ་བཟང་པོ་ལ།་་་་་འདིའི་བྱུང་རིམ་དེ་ག་འདྲ་བྱས་ནས་བྱུང་བ་ཡིན་གཅིག་གསུངས་རོགས།
ཞེས་པའི་ལན་དུ།
ཤྰཀྱ་ཐུབ་པའམ་གཞོན་ནུ་དོན་འགྲུབ་ཀྱིས། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་སྡོང་འོག་ཏུ་སངས་རྒྱས་ཚུལ་བསྟན་པ་འདི། ཉན་ཐོས་ཐེག་དམན་གཞི་ཤེས་པའི་ལུགས་ལ་སྒྲ་བཞིན་པ་དང་། བྱང་སེམས་ཐེག་ཆེན་ལམ་ཤེས་པའི་ལུགས་ལ་མཛད་པ་ཙམ་ཡིན་དགོས་ཏེ། འདོད་པའི་རྟེན་ལ་འཚང་རྒྱ་མི་ཐུབ་པར་འདོད་པས། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་མདུན་དུ་སངས་རྒྱས་པར་འདོད། ཐེག་ཆེན་གསང་སྔགས་བླ་མེད་ལ་ནི་དེ་བས་ཀྱང་གསང་བ་བསམ་གྱིས་མི་ཁྱབ་པ་གསུངས་པས་འདིར་བཀོད་པར་སེར་སྣ་སྐྱེ་བྱུང་བས། དེ་རིང་འདི་ཙམ་གྱིས་འཐུས་པ་བྱས།
དེང་སང་འགའ་ཞིག་ལྟ་བ་མཐོར་རློམས་ཏེ། །སྣང་ཕྱོགས་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས། །གཏན་མེད་བཟུང་ནས་ཡིད་ངོར་ཅང་མེད་པ། །ཉམས་ལེན་མཆོག་འཛིན་ཐལ་འགྱུར་དྲི་མི་བྲོ།
འདིའི་སྔ་རྒོལ་ངོ་མ་དེ་དེང་སང་གི་མི་སུ་དང་ཡིག་ཆ་གང་གང་རེད། བླ་རྒན། ད་ཨ་ཁུ་སྟག་གི་རྔ་མ་ལ་མི་བཟུང་རྒྱུ་དེ་བཟུངས་བཞག་པ་རེད། འཇུས་ཚར་དུས་གཏང་མི་རུང་བ་རེད། ད་ཁ་གསལ་ན་གོ་བདེ་བ་ཞིག་དང་ནམ་ལངས་ན་འགྲོ་བདེ་བ་ཞིག་གྱིས་ཤོག
་་་་ དངོས་གནས་ལུས་རྟེན་འདི་གསོན་པོ་ཡིན་བཞིན་དུ་སངས་རྒྱས་རྒྱུ་ཡོད་དམ། ་་་་་
ཞེ་པའི་ལན་དུ། ཐེག་ཆེ་གསང་སྔགས་ཀྱི་ལུགས་ལ་ཡོད་ཀྱང་། དེ་མིན་མི་ཤེས་ལགས། འོན་ཀྱང་བོན་པོ་ལགས་ཀྱིས་རིས་ཀྱི་ཆོས་ལུགས་ཤེས་འདོད་ན། དང་ཐོག མདོ་མཛངས་བླུན་འདི་ངེས་པར་དུ་ཆ་ཚང་ཚར་གཅིག་ངེསས་པར་དུ་ཀློག་གལ་ཆེ། དེ་ནས་ཡར་སྔགས་དང་མར་ཉན་ཐོས་ས་རྣམས་ཀྱི་ས་ཁྲ་གསལ་པོར་མཐོང་ཐུབ་པར་ངེས་སོ། །
བོན་པོ་ལགས་ཀྱིས་རིས་མེད་ཀྱི་ཆོས་ལུགས་་་་་ལ་བཅོས།
རིན་ཆེན་འཕྲེང་བའི་སྡོམ་ཚིག་འདིས།།
བློ་གཏེར་དབང་པོ་ཐུགས་དགྱེས་ཀྱང་།།
སྔགས་རྒན་ལྟ་བའི་འཁྱེར་སོ་ལ།།
ཅུང་ཟད་སྨད་པའི་ཟལ་ཞིག་མཆིས།།
ཧཧཧཧ
རིན་ཆེན་འཕྲེང་བའི་སྡོམ་ཚིག་འདིས།།
བློ་གཏེར་དབང་པོ་ཐུགས་དགྱེས་ཀྱང་།།
སྔགས་རྒན་ལྟ་བའི་འཁྱེར་སོ་ལ།།
ཅུང་ཟད་སྨད་པའི་ཟོལ་ཞིག་མཆིས།།
ཧཧཧཧཧཧ་་
བཅོས
སྤོབས་མཐའ་ལགས།
དེང་སང་འགའ་ཞིག་ལྟ་བ་མཐོར་རློམས་ཏེ། །སྣང་ཕྱོགས་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས། །གཏན་མེད་བཟུང་ནས་ཡིད་ངོར་ཅང་མེད་པ། །ཉམས་ལེན་མཆོག་འཛིན་ཐལ་འགྱུར་དྲི་མི་བྲོ།།
ཅང་མི་སྐྱོན་ཁི། ཚིག་རྐང་ཐ་མའི་ཐལ་འགྱུར་ཞེས་པ་དེས་བསལ་འདུག གལ་དེ་ཚིག་མེད་ན་ཨོ་རྒྱན་ཧེ་རུའི་ཕོ་བྲང་མེ་ལ་གཞོབ་རན་སོང་།་ ཧཧཧཧཧ
སྤོབས་མཐའ་ལགས།
དེང་སང་འགའ་ཞིག་ལྟ་བ་མཐོར་རློམས་ཏེ། །སྣང་ཕྱོགས་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས། །གཏན་མེད་བཟུང་ནས་ཡིད་ངོར་ཅང་མེད་པ། །ཉམས་ལེན་མཆོག་འཛིན་ཐལ་འགྱུར་དྲི་མི་བྲོ།།
ཅང་མི་སྐྱོན་ཁི། ཚིག་རྐང་ཐ་མའི་ཐལ་འགྱུར་ཞེས་པ་དེས་བསལ་འདུག གལ་ཏེ་ཚིག་ཐ་མ་དེ་མེད་ན་ཨོ་རྒྱན་ཧེ་རུའི་ཕོ་བྲང་མེ་ལ་གཞོབ་རན་སོང་།་ ཧཧཧཧཧ
བཅོས
དེ་མ་རེད་ཨོ་རྒྱན་ཉི་མ་ལགས། ད་བླ་རྒན་ཁྲག་འཐུང་ཚང་དཀའ་ཚར་འདུག རྙོགས་དྲ་འདིའི་ནང་ལ་མི་ཚུད་པའི་སྨོན་ལམ་ཐོབས། སྣང་ཕྱོགས་འཁྲུལ་སྣང་ཡིན་མིན་དང་། མ་གཞི་སྣང་ཕྱོགས་འཁྲུལ་སྣང་ཡིན་ཟེར་ཚད་པོས་ཅང་མེད་སྟོང་སང་ཅིག་ལ་བསམ་བློ་གཏོང་མིན། སྟོང་པ་ཅང་མེད་ལ་ལྟ་བ་མཆོག་ཏུ་འཛིན་མཁན་སུ་ཡིན་མིན། ཆོས་འཁོར་བར་པ་དང་ཐ་མ་གང་ངེས་དོན་མཐར་ཐུག་ཡིན་མིན་སོགས་རྙོགས་དྲ་འདིའི་ནང་ནས་བླ་རྒན་མང་པོ་ཞིག་འབུད་མ་ཐུབ་ནས་ཤི་སོང་བ་ད་དུང་གོ་མེད་དམ། འདི་གྱོད་ཁ་ཁ་མཆུ་ཞིག་ལ་འདི་ལས་རྒྱ་ཆེ་ཞིག་དང་གཏིང་ཟབ་ཅིག་མེད་ད། མདོར་ན་ཕར་གཏུག་སོང་དུས་བླ་རྒན་ཆེ་གེ་མོ་དང་དེའི་རྗེས་འབྲང་པ་ཆེ་གེ་མོ་སོགས་ནི་གསོར་མི་རུང་བའི་ལྟ་བ་ཅན་རེད་མ་བརྗོད་ནས་འབྲོ་ས་གབ་ས་མི་རག་ག
ཐལ་འགྱུར་གྱི་དྲི་མི་བྲོ་ན་ཅི་ཞིག་གི་དྲི་བྲོ་གི་ཡོད་རེད་ཟེར་ནས་བཙུར་ཡོང་ན་ད་ཆད་ལྟ་གསོར་མི་རུང་བའི་དྲི་བྲོ་གི་རེད་ཟེར་དགོས་ཐུག་གི་རེད་བསམ་གི། ཨོ་ད་བླ་རྒན་སུ་ཞིག་གི་མགོ་ལ་འཇོག་རྒྱུ་ཡིན་མིན་མི་ཤེས་ཡ། ད་ཀློང་ཆེན་པ། གོ་རམས་པ། ཙོངཁ་པ། ད་སུ་ཡོད་རེད། གཅིག་གི་མགོ་ལ་འཇོག་དགོས་ཐུག་གི་རེད་བསམ་གི།
འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་མ་རེད་ཟེར་བའི་ཚིག་འདིས་ད་བོད་བརྒྱུད་ནང་བསྟན་ཚང་གི་ཕྱེད་ཀ་དེས་ཁྲག་འཐུང་ཚང་ཟེར་དུས་རིག་ས་ཚོར་ས་མེད་པ་ཞིག་བྱས་ཡོད་གི
སྤོབས་མཐས་་་དབུ་མའི་ལྟ་ཾཁྲིད་ཡག་པོ་གཟིགས་པ་འདྲ། རེད་ལྡན་མ་སྟོང་དཔོན་ལས་སོགས་ཀྱིས་བྲིས་པ་མང་དུ་ཡོད་འདུག
འདི་ཚོ་ལ་དགག་བཞག་སྤོང་གསུམ་བྱེད་ཐུབ་ན་་་་བསྟན་པ་ལ་དག་ཐེར་ཟེར་བ་དེ་ཏན་ཏན་ཡོང་གི་རེད། ངས་མཆན་ཐོག་མ་རུ་དྲི་རྟགས་ཞིག་བཀོད་ཡོད། དེ་ལ་ལན་འདེབས་མཁན་ཅང་མ་བྱུང། སྤོབས་མཐའ་ཡིན་ད་་་་འདི་དག་ནི་གལ་འགང་ཤིན་ཏུ་ཆེ་བའི་གནད་ཅིག་ཡིན་པར་དབུ་མའི་ལྟ་ཁྲིད་ལས་གསལ་བ་ལྟར་རེད། ད་ལན་འཆུགས་ན་གཏན་དུ་འཆུགས་པ་ཡིན་ཅེས་བཤད་པ་ལྟར་རེད། ངས་སྤོབས་མཐའ་གཅིག་པོ་ལ་རེ་བ་རྒྱབ་བཞིན་ཡོད། ཆད་མཐར་ལྷུང་མེད་ན་མེད་ཚུལ་གྱིས་ལན་འདེབས་བྱེད་རན།
བན་དེ། ང་མིན། ང་མིན། ང་འདིའི་ནང་ལ་མ་དྲུད་རོགས། ང་འདིའི་ནང་ལ་འཛུལ་གི་མིན། ང་འདི་ལ་འཇིགས་པ་ཙམ་ཞིག་གང་ལ་ཡང་མི་འཇིགས། བོན་པོ་ལ་ཡང་མི་འཇིགས། དེ་ཚོའི་ནང་ལ་འཛུལ་ནས་ཅིག་རྩོད་མདོག་བྱེད་པ་ལས་བོན་པོ་ཅིག་ཅིག་མིག་མིག་ཟེར་ནས་བརྩད་རྒྱུ་ལས་སླ་པོ་རེད།
སྤོབས་མཐའི་དྲི་བ་ངོ་མ་ནི་འདི་ལྟར་ཡིན་པ་འདྲ།
ཅི་ཡང་མི་རྟོག་གང་དུ་མི་འཛིན་པར། མ་བཅོས་གསལ་ལ་མི་རྟོག་ངོས་བཟུང་མེད། བོན་དང་རྫོགས་ཆེན་ཧ་ཤང་ཏིང་འཛིན་ལ། མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན།
ཞེས་དང། ཕྱག་རྫོགས་གསེར་དངུལ་བསྒོམ་ཡང། རྟག་ཆད་གཡང་ས་རུ་ལྷུང་འདུག
ཅེས་བཤད་ཡོད་པས་དེ་ཚོར་་ང་ཡིན་ཁོ་ཡིན་ཕ་ཆོས་རྫོགས་པ་ཆེན་པོ་ཡིན་ཞེས་ཁས་འཆེ་བ་དག་གིས་འགོག་ཐུབ་ན་་་་་ཨ་ཕའི་བུ་ཡིན། དེ་མིན་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཞེས་ལུང་རིག་གི་དྲི་མ་ཙམ་ཀྱང་མི་བྲོ་བའི་ནག་མོའི་འཆལ་གཏམ་དེ་ཚོས་གཞན་གྱི་བ་སྤུ་ཙམ་ཀྱང་གཡོ་བར་མི་ནུས་སོ།
བན་དེ་ལགས། གོང་གི་ཤོ་ལོ་ཀ་དེ་གང་ནས་དྲངས་ཡོང་བ་ཡིན།
ཨོ་ད་བན་དེ་ཁྱོད་མཁས་པ་ཞིག་ལ་ཅི་ཡང་ཤེས་གི་མི་འདུག་ལབ་ན་ག་ལ་རུང་སྟེ། འདི་ན་གྲུབ་མཐའ་རྩོམ་མཁན་བླ་མ་ཁྲག་འཐུང་ཚང་རེད། ང་ཚོས་ཁོང་བཙུར་དགོས་གི་རེད། ང་ཚོས་ང་ཚོ་བཙུར་ས་མ་རེད། ཅིག་འདྲི་རྒྱུ་ཡོད་ན་བླ་མ་ཁྲག་འཐུང་ཚང་ལ་དྲིས། ངས་ཀྱང་ཁོང་ལ་དོག་གཅོད་བྱེད་ཀྱིན་ཡོད།
མཁས་གྲུབ་ཐམས་ཅད་མཁྱེན་པས།
༡༽ཅི་ཡང་མི་རྟོག་གང་དུ་མི་འཛིན་པར། མ་བཅོས་གསལ་ལ་མི་རྟོག་ངོས་བཟུང་མེད། བོན་དང་རྫོགས་ཆེན་ཧ་ཤང་ཏིང་འཛིན་ལ། མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན།
༢༽ ཕྱག་རྫོགས་གསེར་དངུལ་བསྒོམ་ཡང། རྟག་ཆད་གཡང་ས་རུ་ལྷུང་འདུག
ཚིག་རྐང་འདི་གཉིས་དེ་་་་་སྐྱབས་རྗེ་ཕ་བོང་ཁ་བའི་གསུང་ལས་དྲངས་སོ།
ལགས་སོ། བན་དེ་ལགས།
༼།དེང་སང་འགའ་ཞིག་ལྟ་བ་མཐོར་རློམས་ཏེ། །སྣང་ཕྱོགས་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས། །གཏན་མེད་བཟུང་ནས་ཡིད་ངོར་ཅང་མེད་པ། །ཉམས་ལེན་མཆོག་འཛིན་ཐལ་འགྱུར་དྲི་མི་བྲོ།༽
འདི་ནི་ཁོང་དེང་སངས་ས་སྐྱའི་ཕོ་བྲང་ཞིག་ཏུ་བཞུགས་ཡོད་པས་་་བཞུགས་གནས་ཀྱི་ཁྱད་པར་གྱིས། སྟག་ཚང་ལོ་ཙཱ་བས་བོན་དང་རྙིང་མའི་རྫོགས་ཆེན་ལ་ལྟ་ཚུལ་དེ་ལ་དཔེ་བྱས་པའམ་དེ་ཡི་རྒྱབ་ཏུ་ལངས་ནས་དགག་ཚུལ་ཡིན་འདུག ངས་དེ་ལ་བསམ་ནས་ཕ་ཆོས་རྫོགས་པ་ཆེན་པོ་ཡིན་ཟེར་མཁན་དེ་ཚོར་བཤད་ཡིན། སྟག་ཚང་ལོ་ཙཱ་བ་ནི་ས་སྐྱའི་གོ་ཤག་སྟག་གསུམ་ཅེས་མཁས་པར་གྲགས་པའི་ནང་ཚན་ཞིག་ཡིན་ཅིང་་་་འོན་ཀྱང་ཾཁོང་ལ་རྫོགས་ཆེན་གྱི་ལྟ་གྲུབ་དང་བོན་གྱི་ཡིན་ལུགས་ལ་ཆེས་མི་དགའ་མཁན་ཞིག་ཡིན།
དེ་ཕལ་ཆེར་དགེ་ལུགས་པའི་གཞུང་ཆེན་ཁག་ཏུ་སུ་ཡིན་འདི་ཡིན་ངོས་བཟུང་མེད་པའི་སྔ་རབས་པ་མང་པོ་ཞིག་ཡོད་པ། ཕལ་ཆེར་སྔ་རབས་པ་ཞིག་ཡིན་རྒྱུ་རེད། དེས་ན་གོ་རམས་པ་དང་། ཙོང་ཁ་བ་མིན་ཐག་ཆོད་རེད། ཅོ་ནང་པ་དང་། བཀའ་བརྒྱུད་པ་ནི་ཡིན་རྒྱུ་མ་རེད། སྣང་བའི་ཆོས་ཀུན་འཁྲུལ་སྣང་ཡིན་པ་ཞིག་འདོད་ཀྱི་མེད་པ་འདྲ། ད་འགྲོ་ས་གཅིག་དེ་ཀློང་ཆེན་པའི་རྗེས་འབྲང་དག་མིན་འགྲོ། ཀློང་ཆེན་པའི་རྗེས་འབྲང་རྣལ་མ་ཚོས་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་སྟོང་འདུ་འབྲལ་མེད་པའི་ཆོས་ཤིག་ལས། སྣང་བ་སྤངས་པའི་ཕ་རོལ་ན་སྟོང་པ་དང་། སྟོང་པ་སྤངས་པའི་ཕ་རོལ་ན་སྣང་བ་ཡན་གར་ཞིག་དང་། སྣང་བའི་ཆོས་ཀུན་འཁྲུལ་སྣང་དང་། དེ་ཡང་གཏན་མེད་ཡིན་པར་ཁས་ལེན་གྱིན་མེད་པ་འདྲ། མ་གཞི་ནས་ས་དགེ་གཉིས་ཐ་སྙད་ལ་ཞེན་འཁོགས་ཆེན་པོ་རེད། བཀའ་རྙིང་གཉིས་དོན་དམ་ལ་ཞེན་པ་ཆེན་པོ་རེད། འདི་ལ་བརྟེན་ནས་ཐ་སྙད་འགོག་ཡོང་དུས་ས་དགེ་གཉིས་གཉིད་མི་ཡོང་བ་དང་། དོན་དམ་ལ་ཀླན་ག་འཚོལ་ཡོང་དུས་བཀའ་རྙིང་གཉིས་ཀ་དང་ག་མི་བདེ་བ་དེ་ཡང་འགྲོ་སྟངས་ཤིག་རེད། རེད་དེ་གྲུབ་མཐའ་རྣམ་བཞག་འཆད་ཡོང་དུས་ཚང་མ་ལ་བདེན་ས་རེ་བསྙམ་པ་ལས། འདི་རྫུན་འདི་བདེན་ཞེས་དབྱེ་འབྱེད་ཁག་པོ་རེད། རེད་དེ་གྲུབ་མཐའ་རྣམ་གཞག་དེ་ལ་རྣམ་ཤེས་དང་། ཡེ་ཤེས་ཀྱིས་བཞག་པ་གཉིས་ཡོད་པ་དེ་དངོས་ཡོད་རེད། རྣམ་ཤེས་ཀྱིས་བཞག་པའི་ལྟ་གྲུབ་དེ་ལ་ཚིག་དོན་གཉིས་ཀའི་ཆ་ནས་ཞིབ་ཆ་ལྡན་པ་དང་། ལས་དང་པོ་བ་ཞིག་ཕན་ཐོགས་ཆེན་པོ་ཡོད་ཀྱང་། དེའི་སེམས་དམིགས་བསལ་གྱི་ཚོར་བ་ཞིག་སྟེར་བ་ཁག་པོ་རེད། ཡེ་ཤེས་ཀྱིས་བཞག་པའི་ལྟ་གྲུབ་དེ་ཚིག་གི་ཆ་ནས་དེ་ལྟར་ཞིབ་ཆ་མེད་ཀྱང་ཚིག་དོན་གང་རུང་ཐོས་ཡོང་དུས་ལུས་བ་སྤུ་ལྡང་། མིག་མཆི་མ་འཁྲིགས། ངོ་མ་དམ་པའི་ཆོས་ཟེར་བ་འདི་འདྲ་ཞིག་ལོས་ཡིན་བསྙམ་པ་ཞིག་ཡིད་ལྷང་འཆར་ཡོང་རྒྱུ་འདུག དེ་ཕྱིར་རང་བློར་མ་སོང་བ་ཙམ་གྱིས་བཟང་ངན་གྱི་ཁྱད་པར་འབྱེད་དཀའ་ཡང་། བརྒྱུད་པའི་བྱིན་རླབས་དང་། མན་ངག་ཟེར་བ་ཁྱད་ཆོས་ཤིག་ཡོད་པ་ནི་གདོན་མི་ཟ་བས། རང་ཅག་ཚང་མས་གཙིགས་སུ་གཟུང་དགོས་པར་འདོད།
ད་སྐུ་མཁྱེན། བན་དེ་ལགས། ཁྱེད་ཀྱིས་རྫོགས་ཆེན་སྐོར་གྱི་བགྲོ་གླེང་དེ་གཞན་ཞིག་ཏུ་གསུངས་རོགས། ངས་ནི་རྫོགས་ཆེན་ཟེར་བ་དེ་ཅང་མི་ཤེས། འཇམ་མགོན་ས་པན་གྱིས་རྒྱ་ནག་ལུགས་ཀྱི་རྫོགས་ཆེན་དང་ཞེས་གསུངས་ཡོད་པ་ཞིག་གོ་མྱོང་བས་རྒྱ་ནག་གི་རིག་གནས་འདྲ་ཞིག་ཡིན་ས་རེད་བསམ་ནས་བསྡད་ཡོད། འདི་ན་ང་ཚོས་ཁྲག་འཐུང་ཚང་གིས་གྲུབ་མཐའ་དེ་ལས་བརྩམས་ཏེ་ང་ཚོས་ཁོང་གི་ཞལ་ནས་གདམས་ངག་རེ་ཨེ་ཐོབ་ལྟ། འདི་འདྲའི་གོ་སྐབས་མང་པོ་ཐོབ་ཀྱི་མ་རེད། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ།།གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན།།གཡང་སར་ལྷུང་བས་གཞན་དབང་ཇི་བཞིན་དུ།།འདི་ལ་ཕྱི་ནས་གང་གིས་སློང་བར་འགྱུར།།གསུངས་པ་ལྟ་བུ་རེད།
སྣང་རྣམས་སྟོང་དང་སྟོང་ཀུན་སྣང་བ་ཞེས། །སྣང་སྟོང་འདུ་འབྲལ་མེད་པའི་ཟུང་འཇུག་ལམ། །འཆད་ལ་རྡུགས་པའི་ཚུར་རོལ་སྨྲ་བ་དག །ཐར་བའི་ཐེམ་སྐས་དོར་བ་ཨ་ཙ་མ། །
ད་ཨོ་རྒྱན་ཉི་མའི་གདམས་ངག་དེ་ཚོ་ཡང་གཞན་ཞིག་ཏུ་གསུངས་ན་འགྲིགས་ས་རེད། འདི་བླ་མ་ཁྲག་འཐུང་ཚང་རང་གི་གྲུབ་མཐའ་ཡིན་དུས་ཁོང་གི་སྔ་རྒོལ་ངོ་མ་དེ་སུ་ཡིན་ཁོང་ལ་བཀའ་འདྲ་ཞུ་དགོས།
ལགས་སོ།
ཀླུ་སྨྱོན་འདི་བན་མིན་བོན་མིན་ར་མ་ལུགས། ནམ་མཁའི་ནོར་བུ་ནང་བཞིན་ཞིག་ཆགས་འགྲོ་གི་འདུག ཐད་གའི་ཚིག་འགྲེལ་རེ་མ་གཏོགས་དཀའ་གནད་དང་། མཐའ་དཔྱོད་གང་ཡང་འཁྱོལ་ས་མ་རེད། ཧཧཧཧཧཧཧཧཧཧཧ
ཨོ་རྒྱན་ཉི་མ་དེ་འདྲ་མ་གསུངས་རོགས། མཁས་པ་བརྩད་ཅིང་མ་དྲིས་པ།།དེ་ཡི་བར་དུ་གཏིང་མི་དཔོག ཟེར་བ་ཞིག་ཡོད་རེད། ཚིག་ཏག་ཏག་ཅིག་དྲན་མ་སོང་། ཁྲག་འཐུང་ཚང་གིས་གང་ཞིག་གསུང་དང་མི་གསུངས་ཟེར་བ་དེ་ཁོང་རང་གི་སྨྲ་བརྗོད་རང་དབང་དང་རྣམ་དཔྱོད་ཀྱི་འཆར་སྒོ་ཡིན་སྟབས་དགའ་བསུ་ཞུ་འོས། སྲུང་སྐྱོབ་བྱ་འོས། ཁྱབ་སྤེལ་བྱ་འོས། དེ་བཞིན་དུ་ང་ཚོས་དྲ་ི་བ་འདོན་པ་དེ་ཡང་དེ་མཚུངས་ཀྱི་གལ་ཆེན་རེད། ཁོང་གིས་ལན་རེ་གནང་ན་བཟང་།
ངས་ཀུ་རེ་ཞུ་གི་ཡོད། གྲུབ་མཐའ་རིན་ཆེན་ཕྲེང་བ་འདི་ངོ་མ་ཅི་ཞིག་ཡིན་ནམ་ཧ་ལས་པའི་ཡག་པོ་ཞིག་ཡིན་ས་རེད། འདི་དར་ཁྱབ་ཆེ་བ་ལ་ཚོད་ཅིག་མི་འདུག དགེ་ལུགས་ཁོ་ན་མ་ཡིན་པར་ཆོས་རྒྱུད་གཞན་གྱི་ཁྲོད་དུ་ཡང་འདི་ལ་སློབ་གཉེར་བྱེད་མཁན་དང་ཟུར་ལྟར་ཉར་མཁན་ཧ་ལས་པ་མང་པོ་རེད། རྡ་སའི་མཚན་ཉིད་གྲྭ་ཚང་རིས་མེད་ཡིན་པའི་སྒྲུབ་བྱེད་གཅིག་ནི་རིན་ཕྲེང་འདི་ལ་སློབ་གཉེར་བྱེད་བཞིན་ཡོད་པ་དེ་ཡིན་ཟེར་གི་ཡོད་རེད།
རེད་གྲུབ་མཐའ་རིན་ཆེན་འཕྲེང་བ་དེ་ལ་སྔར་བོད་དུ་ཡོད་པ་དེ་ལ་ཕྱིས་སུ་རྒྱ་གར་ནས་དཔར་བ་གཉིས་ལ་ཁྱད་པར་ཆེན་པོ་འདུག་ཟེར་་་དེ་ནི་དགེ་ལྡན་པའི་གྲྭ་ཚང་ཁག་ལ་རང་རང་གི་སྦྱོང་བྱའི་ཡིག་ཆ་ཐུན་མོང་མིན་པ་རེ་ཡོད་ཅིང། དེ་ལའང་འདོད་ཚུལ་ཀྱང་མི་མཐུན་པ་ཡོད་འདུག དེས་ན་ཕྱིས་སུ་རྒྱ་གར་ནས་དཔར་སྐྲུན་བྱེད་པོས་ཁོ་རང་གི་གྲྭ་ཚང་གི་ཡིག་ཆའི་འདོད་ཚུལ་དང་མཐུན་པར་ཅུང་བཟོ་བཅོས་བཏང་འདུག་ཟེར། སྤོབས་མཐའ་ལགས་བདེན་པ་ཡིན་ནམ། ང་ལ་དེའི་སྐོར་རྒྱུས་མངའ་ཆེན་པོ་རང་མེད། འོན་ཀྱང་ངོས་རང་དཔེ་ཆ་ལྟ་རྒྱུ་དང་ཀློག་རྒྱུར་སྤྲོ་སྣང་ཡིན་མཁན་ཞིག་ཡིན་དུས་དེ་ཚོར་དོ་སྣང་ཅུང་བྱེད་དུས་ཞར་དང་ཞོར་ལ་གོ་ཡོང་གི་འདུག
ས་དགེ་བཀའ་རྙིང་ཇོ་ནང་སོགས་ལ་གྲུབ་མཐའ་རྒྱས་བསྡུས་མང་ཐག་ཆོད་འདུག ཨོ་ད་དུང་བོན། མགོ་མགོ་གཙོ་གཙོ་དེ་ཆད་སོང་ན་དཔེ་བསག་པ་རེད། ཇོ་ནང་པའི་ནང་ཡིན་ན་རེད། རྙིང་མ་བའི་ནང་ཡིན་ན་ཡང་རེད། བཀའ་བརྒྱུད་པ་ཡང་རེད། ས་སྐྱ་ནི་ཞུ་རྒྱུ་མེད། གྲུབ་མཐའ་རིན་ཆེན་ཕྲེང་བ་ལ་ཟུར་ལྟ་བྱེད་མཁན་དང་བློ་འཛིན་བྱེད་མཁན་ཧ་ཅང་མང་པོ་རེད་འདུག འདི་ལ་ཡོན་ཏན་ཟེར་ན་ཁྱད་ཆོས་ཟེར་ན་ཅིག་ཡོད་པ་ཐག་ཆོད་ཚར་འདུག ད་ཐེང་ཁྲག་འཐུང་ཚང་གིས་ཀྱང་འདི་ཚིག་བཅད་དུ་བསྡེབས་པ་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་ཡོད་ས་རེད།
ཀློང་ཆེན་རབ་འབྱམས་པ་ལ་ཡིན་རྒྱུ་མ་རེད། ཀློང་ཆེན་རབ་འབྱམས་པ་ནི་མཁས་པ་ཆེན་པོར་མ་ཟད་རྫོགས་ཆེན་གྱི་ལྟ་གྲུབ་དེ་ཚོར་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག ཁྲག་འཐུང་གིས་གསུང་ས་དེ་་་་དེང་སང་ཟེར་འདུག་ག་་་་བྱས་ཙང་དེང་སང་གི་རྫོགས་ཆེན་དུ་ཁས་འཆེ་བ་དེ་ཚོས། སེམས་ཙམ་པས་འདོད་པའི་ཆོས་ཐམས་ཅད་སེམས་གསལ་རིག་ཏུ་འདོད་པའི་སེམས་གསལ་རིག་དེ་ཡར་འཐེན། ཐལ་འགྱུར་བས་ཆོས་ཐམས་ཅད་བདེན་སྟོང་དུ་འདོད་པའི་སྟོང་པ་དེ་ཡར་གཡར་པོ་ཞུས་ཏེ། དེ་གཉིས་ཀྱི་གཉིས་ཚོགས་དེ་རྫོགས་ཆེན་གྱི་ལྟ་བ་ཡིན་ཟེར་མཁན་རྫོགས་ཆེན་དུ་ཁས་འཆེ་བ་དེ་ཚོར་གསུངས་པ་མིན་ནམ། དེ་རིགས་ལ་ང་ཡང་སྤོབས་མཐའི་རྗེས་སུ་མི་འབྲེང་བར་ཁྲག་འཐུང་ལ་བདེན་ཁ་སྟེར་སྲིད། ཁྲག་འཐུང་གི་དགག་འདོད་དེ་ལ་ཡིན་ན་ལོས་བདེན། དེང་སང་ཆོས་ལུགས་མཐུན་བསྒྲིལ་ཡིན་ཟེར་བ་དང་་་་་གནམ་གྲུའི་ཚོན་མདོག་མི་གཅིག་ཀྱང་སླེབས་ས་གཅིག་རེད་ཟེར་བ་སོགས། ཆོས་རྒྱུད་མཐུན་བསྒྲིལ་གྱི་ཆེད་དུ་་་གྲུབ་མཐའི་ལྟ་གྲུབ་ཐམས་ཅད་ཉ་དང་ཉུང་མ་བསྲེས་ཏེ་་་འགྱིང་འགྱིང་ཆེ་ཆེ་མཁས་མཁས་སུ་རློམས་པ་དག་ནི། ངོ་མ་ཡ་ཆ་འོང་གི། དེ་ཚོར་བསམ་དུས་ད་ནི་རྫོགས་ཆེན་ཟེར་བའི་གྲུབ་མཐའི་ལྟ་གྲུབ་དེ་ནི་ཉི་ཤུ་དགུའི་དགུ་ཐུག་ཞིག་ཏུ་བསྐོལ་འདུག་བསམ་ནས་གོད་འཆོར་ཡོང་གི་འདུག དེ་ཚོར་བསམ་ན་རང་ལ་རང་གིས་སྤོབས་པ་འབྱིན་ཡོང་གི་འདུག
འགོ་ནས་ཅུང་ཙམ་བཀླགས་པ་ཡིན། གྲུབ་མཐའ་རིན་ཕྲེང་ཚིག་བཅད་དུ་ཕབ་འདུག་བསམ་བསམ་ཞིག་བྱུང་། ཚིག་སྦྱོར་བདེ་གི འོན་ཀྱང་རྩོམ་པར་དམ་བཅའ་བའི་སྐབས་སུ། རིན་ཕྲེང་མཛད་པ་པོའི་མཚན་གྱི་ཟུར་ཙམ་སྨྲ་བ་ལ་ཡང་ཞེད་སྣང་ཡོད་པ་ལྟ་བུའི་སྣང་བ་ཞིག་སྤྲད་བྱུང་། འདང་བརྒྱབ་ན་དེ་ཡང་ཁག་ཡོད་རྒྱུ་མ་རེད། དོན་དག་མང་བོ་ཞིག་ལ་རེ་དོགས་དང་ཞེད་སྣང་ཆེན་པོ་ཡོད་རེད། འཕྲོས་ཁོམ་སྐབས་ནམ་བྱུང་ལ་མུ་མཐུད་དུ་ཀློག་གིན།
དེ་ནས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། གྲུབ་མཐའ་ཀུན་གྱིས་ཁས་ལེན་པའི་བདག་མེད་དེ་ལ་གང་འཇོག་དགོས་པ་རེད་དམ། ཞལ་ལན་གསལ་བོ་ཡོད་པའི་རེ་བ་ཆེ།
འདི་ནས་དེང་སང་ཟེར་བ་དེ་གྲུབ་མཐའ་རིན་ཆེན་འཕྲེང་བའི་ཚིག་ཡིན་རྒྱུ་རེད། ཁོས་འདི་ལྟར་མི་འབྲི་བར་ཕར་བལྟས་ཚུར་གཟིགས་རེད།
རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པ་ནི། རུས་ལྡོང་རིགས་དང་ཡབ་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་ཡུམ་རྣམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་(སྤྱི་ལོ་༡༧༢༨)ལོའི་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་མདོ་སྨད་ས་ཡི་ཐིག་ལེ་སྣང་རའི་གསེར་ཁང་གི་ཉེ་འདབས་སུ་(མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་སྣང་རའི་གྲམ་པ་ནང་གྲོང་སྡེ)སྐུ་བལྟམས། མཁའ་སྤྱོད་གྲུབ་ཆེན་པ་བྱོན་ནས་ཀུན་མཁྱེན་མཆོག་གི་ཐུགས་ཀྱི་སྤྲུལ་བ་ཡིན་པར་ལུང་བསྟན་ཅིང་སྐུ་སྲུང་མཛད། དགུང་ལོ་ལྔའི་སྟེང་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་བསྙེན་དང་། དྲུག་པ་ལ་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང་། དགུང་ལོ་བདུན་ནས་བཟུང་ཕུ་བོ་སྟོང་འཁོར་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ཟབ་ཆོས་མང་དུ་གསན། མཚན་ལ་སྒོ་བླ་ཞེས་བཏགས། སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོ་ལས་ཡི་གེ་འབྲི་ཀློག་དང་། སུམ་རྟགས། སྔགས་ཀྱི་བཀླགས་ཐབས་སོགས་བསླབས་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་པར་སྟོང་འཁོར་རིན་པོ་ཆེ་ལས་དགེ་ཚུལ་བསྒྲུབས། དཔེ་གཟིགས་འཛིན་སྐྱོར་གྱིས་དུས་འདའ་བར་མཛད། དགུང་ལོ་བཅུ་བཞི་བར་མཆོད་རྟེན་ཐང་དུ་བཞུགས་སྐབས་རྒྱན་དྲུག་མཆོག་གཉིས་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་ལྗགས་རྩོམ་མཛད། གཞན་ཡང་སྐུ་ན་ཕྲ་དུས་དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་དང་། ལམ་ཁྲིད་ཟིན་བྲིས་བཅས་དེབ་ལྔ་བཅུར་ལོང་བརྩམས། དགུང་ལོ་བཅོ་དྲུག་བཞེས་པ་ཆུ་ཕག་(སྤྱི་ལོ་༡༧༤༣)ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་ཚོགས་དབུས་སུ་རྗེ་གོང་མའི་ཁྲི་ལ་མངའ་གསོལ་བ་དང་ཁྲི་སྟོན་རྒྱ་ཆེར་མཛད། ཉིན་བཞི་ལྔའི་རིང་གྲལ་སྟོན་ཆེན་མོ་བྱེད་དུས་རིགས་པ་སྨྲ་བའི་ཁྱུ་མཆོག་རྣམས་དང་ཆོས་ཀྱི་བགྲོ་གླེང་གནང་སྐབས་སུ་གང་གིས་ཀྱང་རིགས་ལུང་མ་སོང་བས། སེར་སྐྱ་ཐམས་ཅད་ངོ་མཚར་ཏེ། ཀུན་མཁྱེན་གོང་མ་ཉིད་དང་དངོས་སུ་རྩོདཔ་བྱས་ན་འདི་ལས་ལྷག་ཡོད་དམ་ཞེས་ལབ་གླེང་མང་དུ་བྱུང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འགྱང་རོ་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་དགེ་རྒན་དུ་བསྟེན། བསྡུས་གྲྭའི་རྟགས་གསལ་གྱི་འགྲོ་ལུགས་ཐེངས་རེ་རེ་གསན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་པས་རིང་པོར་མ་ཐོགས་པར་རྟོག་གེའི་གསང་ཚིག་མཐའ་དག་ཐུགས་སུ་ཆུད། དེ་ནས་དགུང་ལོ་བཅོ་བརྒྱད་པར་གནས་ལྔ་རིག་པའི་དབང་ཕྱུག་དབྱིག་ཀྱྰ་རབ་འབྱམས་པར་བསྟེན་ནས་དབྱངས་ཅན་སྒྲ་མདོ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་རིག་པའི་གནས་དུ་མར་གསན་སྦྱོང་མཛད་པས་སྒྲ་རིག་རྒྱ་མཚོའི་དགོངས་དོན་མཐའ་དག་དང་། སྡེབ་སྦྱོར་གྱི་གནད་རྣམས་ཀྱང་མ་ལུས་པར་ཐུགས་སུ་ཆུད། སྟོན་དགུན་ཕལ་ཆེར་རྩོད་པ་གཙོར་འདོན་དང་། ལོ་མཇུག་ཏུ་བཅད་རྒྱ་རྒྱུན་རིང་ཙམ་གནང་དུས་རྟག་ཏུ་མཚན་ཕྱེད་ཡོལ་བར་ཆོས་སུ་དཀའ་སྤྱད་དྲག་པོ་ལྷུར་བཞེས། དགུང་ལོ་བཅུ་དགུ་བར་རོང་པོ་མེ་རྒེན་ཆོས་རྗེ་ངག་དབང་རྒྱ་མཚོ་ལས་སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་གླུའི་སྟེང་ནས་བཤད་པ་ཚར་གཅིག་གསན། ཕྱག་ལེན་བཞིན་ལེའུ་དང་པོའི་ལམ་རྣམ་པར་དབྱེ་བ་ནས་བཟུང་སྟེ་སྐྱོན་བཅུ་སྤོང་བའི་བར་གྱི་དཔེར་བརྗོད་ཆ་ཚང་བའི་རྩོམ་རྒྱུགས་ཀྱང་ཕུལ། དེ་དུས་རྩོམ་ལ་དོན་གཉེར་ཤིན་ཏུ་ཆེ་བས་མཚན་ཐོག་ཐག་སྦྱངས་ཏེ་ནམ་ལངས་བ་མང་ཞིང་། འགྲེལ་བ་མཁས་པའི་དགོངས་རྒྱན་བཀའ་རྩོམ་མཛད། གཞན་ཡང་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད་ཨུཏྤལ་མཐིང་ཁའི་རྩེད་དགའ་ཞེས་བྱ་བ་སྙན་དངགས་ཀྱི་ཉམས་བླ་ན་མེད་པ་འདི་ཡང་ལྗགས་རྩོམ་མཛད། དགུང་ལོ་ཉེར་བདུན་པ་རབ་བྱུང་གསུམ་པའི་ས་མོ་སྤྲུལ་(སྤྱི་ལོ་༡༧༤༩)གྱི་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་ཆ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་ཡོངས་རྫོགས་བསྟན་པའི་མངའ་བདག་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་མཁན་སློབ་སྦྲགས་མ་དང་། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་གསང་སྟེ་སྟོན་པའི་སློབ་དཔོན། འབྲས་ཡུལ་སྐྱེད་ཚལ་མཁན་པོ་གནས་ལྔ་གཟིགས་པའི་མཁས་དབང་དགེ་ལེགས་རྒྱ་མཚོ་སོགས་ཀྱིས་ལས་ཀྱི་ཁ་སྐོང་མཛད་དེ་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ། མཚན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེར་གསོལ། ལྕང་སྐྱ་རྡོ་རྗེ་འཆང་གི་ཐུགས་སྲས་གཅིག་པུར་གྱུར་ཏེ། ཕྱིས་སུ་བླ་མ་ཞིག་ལ་སྤྲུལ་སྐུ་འཁྲུངས་ན་འཇམ་དབྱངས་བཞད་པ་ཚང་འདྲ་བ་རེ་འཁྲུངས་དགོས་ཞེས་ཡང་ཡང་བསྔགས་བརྗོད་མཛད། དགུང་ལོ་ཉེར་ལྔ་བར་དབུས་སུ་ཕེབས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་བཟང་རྒྱ་མཚོ་དང་པཎ་ཆེན་སྣང་བ་མཐའ་ཡས་བློ་བཟང་དཔལ་ལྡན་ཡེ་ཤེས་གཉིས་ལ་འབྱོར་ཕྱག་དང་དངོས་འབུལ་རྒྱ་ཆེན་མཛད། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་གྲྭ་ཚང་བཞི་ཡོད་པའི་ཡ་གྱལ་མཁས་མཆོག་གདེངས་ཅན་བྱེ་བའི་རོལ་མཚོ་བཀྲ་ཤིས་སྒོ་མང་གི་ཆོར་གྲྭར་ཞུགསས། གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་ཀླུ་འབུམ་བློ་བཟང་དར་རྒྱས་དང་རྒྱ་སེང་གེ་གཉིས་དགེ་རྒན་དུ་བསྟེན་ཅིང་། རྒྱལ་དབང་བདུན་པ་མཆོག་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་དང་དཔོན་སློབ་བྱམས་པ་རིན་པོ་ཆེ་དང་དཔལ་ས་སྐྱའི་བདག་ཆེན་ཀུན་དགའ་བློ་གྲོས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། ཡིག་ཆའི་བློ་རྟགས། ཕར་ཕྱིན་ཐལ་ཕྲེང་ཟུར་བཀོལ་བཞི། འགྲེལ་ཆུང་དོན་གསལ། དབུ་མ་རྒྱས་པ། རྣམ་བརྒྱད་དགོངས་པ་རབ་གསལ། རྗེ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ་སོགས་ཐུགས་འཛིན་གྱིས་བཀའ་པོད་ཡོངས་རྫོགས་ལ་སྦྱངས། དབུས་སུ་ལོ་བརྒྱད་བཞུགས་རིང་ཕྱི་ནང་གི་གཡེང་བ་ཕྲ་མོ་ཙམ་ཡང་སྤངས་ནས་ཆ་གྲང་བཀྲེས་སྐོམ་སོགས་ཅི་མི་སྙམ་པར། དཀའ་སྤྱད་ཤུགས་དྲག་གིས་འཕགས་བོད་ཀྱི་ཡིག་ཆ་ཁག་ལ་འོལ་སྤྱི་ཙམ་མ་ཡིན་པར་ཞིབ་ཐིགས་སུ་སྦྱངས་པས་གཞུང་བརྒྱའི་སྦས་དོན་མངོན་པར་རྟོགས་ཏེ། གཞན་དྲིང་མ་འཇོག་པའི་མཁྱེན་སྤྱོད་ཀྱི་རྩལ་ཡོངས་སུ་རྫོགས། རྒྱུད་དང་རྒྱུད་འགྲེལ་བསྐྱེད་རྫོགས་སོགས་ལ་གཟིགས་རྟོགས་དང་། གཞུང་སྤྱིའི་ཁོག་ཕུག་པའི་གཟབ་བཤད་དཀའ་བའི་གནད་ལ་དམིགས་ཀྱིས་བསལ་བའི་དོགས་དཔྱོད། ལག་ལེན་གྱི་རིགས་ལ་མཐོང་བ་རྒྱུད་པའི་ཞིབ་ཁྲིད། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཅས་དབུས་གཙང་ས་སྐྱ་སོགས་སུ་དབང་ལུང་རྗེས་གནང་རྒྱུན་གང་བཞུགས་ཆོས་རྒྱུན་ཉག་ཕྲ་བར་ཡོད་དོ་ཅོག་དཀའ་བ་བརྒྱ་ཕྲག་གིས་བཙལ་ཏེ་གསན། རིགས་གྲྭ་དང་དགུན་ཆོས་ཕར་ཕྱིན་སྟོན་མོ་བཅས་ཀྱི་ཐོག་རིགས་པའི་དབང་ཕྱུག་མང་པོ་ལུང་རིགས་གསལ་དག་མྱུར་བ་སྔ་མ་ལས་ཕྱི་མ་རྣོ་བ་ཤ་སྟག་གིས་ཚར་བཅད་པས། དབུས་གཙང་ཡོངས་སུ་མཁས་པའི་གྲགས་པ་འབར། དེ་ལྟར་དབུས་སུ་གསན་སྦྱོང་ཐུགས་བཞེས་མཐའ་དག་ལེགས་པར་གྲུབ་ནས་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་རྒྱུའི་གྲབས་བྱེད་པར་བོད་གཞུང་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎ་ཆེན་ནོ་མོན་ཧན་གྱི་ཆོ་ལོ་དང་ཐམ་ཀ་སོགས་ཀྱི་གཟེགས་བསྟོད་དང་ན་བཟའ་ཉེར་སྤྱད་དབུ་གདུགས་རྒྱ་གླིང་དར་སོགས་ཀྱིས་ཕེབས་རྫོངས་རྒྱ་ཆེར་མཛད། དགུང་ལོ་སོ་གཉིས་པ་ས་ཡོས་(སྤྱི་ལོ་༡༧༥༩)ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་གསུམ་ལ་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། སྔ་ཕྱིར་བླ་གྲྭ་དཔོན་འབངས་བཅས་སེར་སྐྱ་དྲག་ཞན་མང་པོས་རིམ་པར་བསུས་ཏེ། དགུ་བའི་ཚེས་བཅོ་ལྔར་དགེ་འདུན་སྟོང་ཕྲག་སེར་སྦྲེང་དང་བཅས་གདན་སར་ཕྱག་ཕེབས། དགུང་ལོ་སོ་གསུམ་པར་ཨ་མཆོག་བདེ་མོའི་ཐང་གི་དགང་ལྡན་ཆོས་འཁོར་གླིང་བཏབ། དགུང་ལོ་སོ་བཞི་བར་བཀྲ་ཤིས་འཁྱིལ་དུ་དཔར་བརྐོ་ཐོག་མར་བཙུགས། དེ་སྔོན་དགོན་འདིར་དཔར་བརྐོས་ཀྱི་སྲོལ་མ་བྱུང་བས་དཔེ་རྒྱུན་ཐམས་ཅད་དཀོན་པར་ཡོད་སྟབས། བློ་རྟགས་གཉིས་ཀྱི་དཔར་ཐོག་མར་བརྐོས་ཤིང་། དེ་ནས་བཟུང་ཆོས་ཀྱི་འབྱུང་གནས་ལྟ་བུར་གྱུར། དགུང་ལོ་སོ་དྲུག་པར་གདན་སར་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཏབ། དགོན་ལུང་བྱམས་པ་གླིང་གི་ཁྲིར་བཞུགས། དགུང་ལོ་སོ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཁྲིར་བཞུགས་ཏེ། ལུགས་གཉིས་ཀྱི་བཀའ་དྲིན་བླ་ལྷག་ཏུ་བསྩལ། དགུང་ལོ་ཞེ་གཉིས་པར་རི་བོ་རྩེ་ལྔར་ཕྱག་ཕེབས་ཏེ་སྒྲུབ་པ་སྙིང་བོར་བྱས། ལྕང་སྐྱ་རོལ་པའི་རྡོ་རྗེ་ནས་ཟབ་ཆོས་མང་དུ་གསན། རྗེ་བླ་མའི་རིང་ལུགས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་སྤེལ་ཞིང་། ལྗོངས་དེའི་འགྲོ་བ་རྣམས་གཏན་བདེའི་ལམ་ལ་བཀྲི་ཕྱིར་དབང་ལུང་རྗེས་གནང་དང་མན་ངག་བཅས་ཟབ་ཆོས་ཀྱིས་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད། དགུང་ལོ་ཞེ་ལྔ་བ་ལ་གདན་སར་ཕྱིར་ཕེབས། དགུང་ལོ་ལྔ་བཅུ་བར་གོང་མ་ཆེན་པོ་ནས་ཆོས་སྡེ་འདི་ལ་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་འཇའ་ས་བཅས་བསྩལ། དེར་འཁོད་དགོན་པའི་མཚན་མན་ཇུ་དང་། སོག་པོ། རྒྱ་ནག བོད་བཞིའི་སྐད་རང་རང་ཡི་གེར་བྲིས་ཡོད་པ་དེ། བོད་ཡིག་ལ་གདན་ས་ཆེན་མོ་འདིར་བློ་གསལ་གླིང་ཞེས་པ་དོན་བསྒྱུར་དུ་སྣང་བའི་མཚན་ཡང་གནང་། དགུང་ལོ་ང་བདུན་པ་ཤིང་འབྲུག་(སྤྱི་ལོ་༡༧༨༤)ལོར་ཡང་བསྐྱར་དབུས་སུ་ཕེབས། དབུས་གཙང་དུ་རྒྱལ་བ་ཡབ་སྲས་ཀྱིས་གཙོས་བླ་ཁག་རྣམས་དང་། གདན་ས་གསུམ། བཀྲ་ཤིས་ལྷུན་པོ་རྒྱུད་གྲྭ་སྟོད་སྨད་སོགས་ཆོས་སྡེ་ཆེ་ཕྲ་མཐའ་དག་ལ་དངུལ་སྲང་བདུན་ཁྲི་ལྷག་གི་བསྙེན་བཀུར་ཞུས། གར་ཕེབས་སུ་དཔེ་རྒྱུན་དཀོན་པ་གང་ཡོད་རྩད་བཅད་དེ་ཡོན་འབུལ་གྱིས་བླུས་པ་དང་། དད་འབུལ་བཅས་པོ་ཏི་སུམ་སྟོང་ལྷག་ཙམ་བྱུང་བར་མ་ཟད། འབྲི་བསྡུས་བགྱིས་པའི་སྔོན་དཔེ་རྙིང་དང་དཔེ་ཆ་དཀོན་པ་ཁག་ཅིག་བཅས་བསྒྲིགས་ཏེ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་འཇམ་མགོན་བསྟན་པའི་སྙིང་པོ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་སྤེལ་མཛད་དེ་ཐུབ་བསྟན་ཉི་མ་ལྟར་གསལ་བར་མཛད། གཞན་ཡང་སྐྱེས་རབས་སོ་བཞི་པའི་འགྲེལ་བ་སོགས་ལྗགས་རྩོམ་མང་པོ་གནང་། སྔོན་བྱོན་མཁས་པའི་ཕྱག་དཔེ་མང་དུ་བཞུགས་པ་ལ་གཟིགས་རྟོག་ཞིབ་ཏུ་མཛད། སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་སོགས་སྔར་མ་བསན་པའི་དབང་ལུང་དུ་མ་དང་། སྔར་གསན་རུང་རྒྱུད་ཁུངས་བཙན་མིན་པ་མང་པོ་བསྐྱར་དུ་གསན་པ་སོགས་བཞེད་དོན་ཡོངས་སུ་གྲུབ་སྟེ། དགུང་ལོ་ང་དགུ་བར་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། དགུང་ལོ་རེ་གཅིག་པ་ས་སྤྲེལ་(སྤྱི་ལོ་༡༧༨༨)་ལོར་དངུལ་སྲང་ཁྲི་བཞིར་ཉེ་བས་བྱམས་སྐུ་རྟེན་བརྟེན་པ་བཞེངས། དངུལ་སྲང་ཉི་ཁྲིར་ཉེ་བས་འདུ་ཁང་ཆེན་མོ་གསར་དུ་བསྐྲུན། གསེར་བཟང་གིས་བྲིས་པའི་བཀའ་འགྱུར་ལ་སོགས་བཞེངས། དགུང་ལོ་རེ་བཞི་བ་ལྕགས་པག་(སྤྱི་ལོ་༡༧༩༡)ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཀ་རིང་གདོང་དམར་དགོན་བཀྲ་ཤིས་ཆོས་སྡེར་སྐུ་མྱ་ངན་ལས་འདས་སོ། །སྐུ་གདུང་རིན་པོ་ཆེ་བླ་བྲང་དུ་གདན་དྲངས་ཤིང་། རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་གི་(སྤྱི་ལོ་༡༧༩༣)ལོའི་དཔྱིད་དུས་སུ་བྱང་ཆུབ་མཆོད་རྟེན་ལེགས་འགྲུབ་བྱུང་སྟེ་སྐུ་གདུང་ཡིད་བཞིན་ནོར་བུའི་སྙིང་བོར་ཟ་མ་ཏོག་བཞུགས་པ་སྲིད་ཞིའི་མཆོད་གདུང་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ས་བླ་ན་མ་མཆིས་པ་ཞིག་ཏུ་གྱུར་ཏོ། །དེ་ལྟར་ཀུན་མཁྱེན་བདག་ཉིད་ཆེན་པོ་འདིས་དཔལ་ས་སྐྱའི་གདན་ས་ནས་དབང་ཕྱོགས་རྒྱ་མཚོའི་མཐའི་བར་གྱི་ཡུལ་གྲུ་ཕལ་མོ་ཆེ་ཞབས་ཀྱིས་བཅགས་ཏེ་དབང་རྗེས་གནང་། ལུང་ཁྲིད་མན་ངག སྒྲ་དང་སྙན་དངགས་སློབ་པ་སོགས་མདོ་སྔགས་རིག་གནས་ཀྱི་བཤད་རྒྱུན་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་གསུང་ལས་སྐྱེས་པའི་བུ་སློབ་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀློང་རྡོལ་གྲུབ་དབང་ངག་དབང་བློ་བཟང་། རྟ་ཚག་རྗེ་དྲུང་། ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང་། དགའ་ལྡན་ཁྲི་ཆེན་བློ་བཟང་སྨིན་ལམ། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས། ཡོངས་འཛིན་བློ་བཟང་ཆོས་འཕེལ། གུང་ཐང་བསྟན་པའི་སྒྲོན་མེ། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། ཨ་ཀྱཱ་ཞབས་དྲུང་། ཨ་ལག་ཤ་དྭགས་པོ་ཀུན་གྲོལ་ཆོས་རྗེ་སོགས་དམ་པའི་སྐྱེ་ཕྲེང་འཛིན་པ་མང་བོར་རྣམ་དཔྱོད་རྒྱས་པར་བྱས། གཞན་ཡང་བསྟན་པའི་རྩ་ལག་དགེ་འདུན་གྱི་སྡེ་གསར་འདེབས་དང་ཉམས་གསོས་ཀྱིས་འཛིན་སྐྱོང་གནང་བ་བཞི་ཅུར་ཉེ་བ་ཙམ་ཡོད་ཅིང་། དེ་ཐམས་ཅད་དུ་བཤད་སྒྲུབ་ཀྱི་རྒྱུན་ཚུགས་གང་ཐུབ་མཛད། ཕྱག་དཔེ་པོ་ཏི་ཁྲི་ཕྲག་བརྒལ་བ་གསར་བསྒྲིགས་གནང་ཁར། བཀའ་རྩོམ་ཡང་བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ་ནས་མཁས་པའི་རང་རྩལ་རྫོགས་པ་པོད་བཅུ་ཕྲག་ལོངས་པ་བརྩམས་པ་སོགས་རྗེ་དེ་ཉིད་ཀྱིས་དགུང་ལོ་དྲུག་ཅུ་ཙམ་བར་འཆད་སྤེལ་རྒྱ་ཆེར་མཛད་པས་ད་ལྟ་བཀའ་ཆོས་ཀྱི་འབྱུང་ཁུངས་ལྟ་བུར་ཡོད་པའི་བཀའ་དྲིན་ཤེས་དགོས་སོ། །
བན་དེ་བའི་མཆན་༤༢ བ་དེ་ཞལ་བརྫུན་རང་རེད། དེ་འདྲ་ཞིག་དཔེ་སྲིད་དོགས་མེད། ཉིད་ཀྱིས་རང་དགར་ཅི་འདོད་དུ་སྨོས་པ་ཡིན་ནམ་ཡང་ན་ཡོང་ཁུངས་ངོ་མ་ཞིག་ཡོད་པ་ཡིན། སྔོན་གྱི་མཁས་ཆེན་དག་གི་གསུངས་རྩོམ་ལ་རང་འདོད་ཀྱིས་བཅོས་བཟོ་བྱས་ཏེ་དཔར་བསྐྲུན་བྱེད་མཁན་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད་ལ། གལ་ཏེ་དེ་འདྲ་ཞིག་བྱུང་ན་ཡང་ཉེས་པ་ཚབས་ཆེན་རེད། ལྷག་པར་དུ་གྲྭ་ཚང་ཞིག་གི་ཡིག་ཆ་ཡིན་པས་ན་དེ་ལྟར་བཟོ་བཅོས་བྱེད་པ་དེ་བས་ཀྱང་ཡོང་ག་ལ་སྲིད། མ་ཟད་བོད་ནས་དཔར་བའི་དཔེ་ཆ་ནི་དེང་གང་དུ་ལག་ལ་རེག་ཁག་པ་ཞིག་མ་ཡིན་པས། ཞིབ་བསྡུར་བྱེད་ཆོག་ཆོག་རེད་པས་ན་སྐད་ཆ་དེ་ཚོ་ནི་གཞི་མེད་ཀྱི་ངག་འཆལ་ཁོ་ན་རེད། ཡིག་ཆ་གང་དེ་ལ་མི་དགའ་བའམ་ཡང་ན་དེའི་ཕུན་ཚོགས་ལ་ཧེབ་ཀྱི་འགྲམ་ཆུ་ལྡང་མཁན་དག་ལ་མཚོན་ན་དེ་འདྲའི་ཁྱལ་གཏམ་སྣ་ཚོགས་སྨྲ་འོངས་ངེས་རེད། དཔེར་ན་རྙིང་མ་བར་ཁས་འཆེ་བ་འགའ་རེས་རྗེའི་ལེགས་བཤད་གསེར་ཕྲེང་ཀློང་ཆེན་པའི་བརྩམས་ཆོས་ཡིན་ཟེར་ནས་འུར་བ་ནང་བཞིན་རེད། འོ། དེ་བན་དེ་ཁྱོད་ལ་བཤད་པ་མིན་གོ
ཨོ་རྒྱན་ཉི་མས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་དེའི་རྣམ་ཐར་ཞིག་འདིར་དྲངས་ཡོང་བ་རྟེན་འབྲེལ་ལེགས། བླ་མ་ཁྲག་འཐུང་ཚང་གི་གྲུབ་མཐའ་འདི་ཉིད་དང་གསེར་གྱི་མཆོད་རྟེན་ལ་གཡུ་ཡི་ཕྲ་བཏབ་པར་ལྟར་གྱུར་སོང་། གྲུབ་མཐའ་རིན་ཕྲེང་དེ་དོན་འདུས་པ། ཁ་གསལ་བ། དཔེ་མཚོན་གསལ་བ། རྒྱས་བསྡུས་འཚམས་པ་དེ་ཚོ་དེའི་ཁྱད་ཆོས་ཡིན་ས་རེད། ངོ་མ་མཇུག་གི་སྔ་རྒོལ་དེ་སུ་ཡིན་ངས་གཅིག་ཤེས་འདོད་འདུག བླ་མ་ཁྲག་འཐུང་ཚང་གིས་ཞལ་གསལ་པོར་གསུང་པའི་རེ་བ་ཡོད།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།།སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།སྙིང་རྗེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་བཞིན་དུ་བབླ་མ་འདི་དག་གི་བཀའ་དྲིན་ལས་རྗེ་རྒྱལ་བ་འཇམ་དཔལ་སྙིང་པོའི་བསྟན་པ་བླ་ནས་བླ་རུ་འབར་བར་གྱུར་པ་ཡིན་པས་རྗེས་སུ་ཡི་རང་ཞུའོ།།
བསྟན་འཛིན་ལགས། ངས་རྫུན་བཤད་པ་མིན། ང་ལ་ལྷ་རམ་ཨང་དང་པོའི་དགེ་བཤེས་ཡིན་མཁན་ཞིག་གིས་གསུངས་བྱུང། ཾཁོང་ད་ལྟ་སྐུ་བཞུགས་མེད་ཞིང་གཞན་ལ་ཕེབས་ཚར་བ་རེད ཁོང་ནི་གྲུབ་མཐའ་རིན་ཆེ་་འཕྲེང་བ་དེ་ཚོས་ངག་ལ་ཆུ་རྒྱུགས་ཡོད་འདུག སྔར་བོད་ལ་གྲུབ་མཐའ་རིན་ཆེན་བློར་འཛིན་བྱེད་མྱོངས་གསུང་བྱུང། བྱས་ཙང་ཁོང་ནི་ང་གཉིས་ལྟ་བུ་མིན་པར་རྒྱུས་ཡོད་ཀྱིས་རྒྱུས་གཏམ་བཤད་པ་ལས་་་་རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་པ་དེ་འདྲ་མ་རེད། ངས་གྲུབ་མཐའ་རིན་ཆེན་འཕྲེང་བའི་ཕུན་ཚོགས་ལ་འཕྲག་དོག་པ་དང་སྐྱོན་བརྗོད་དགོས་པ་དེ་འདྲ་བརྗོད་རྒྱུ་ད་ཕར་ལ་ཞོག དེ་ལྟར་ཡིད་་ལའང་བསམ་མ་མྱོངས། མ་གཞི་ནས་བློ་བུར་དུ་མཆན་གཅིག་བཏབ་ལོང་མེད་པར་ཁ་ངན་ཚིག་ངན་རྒྱབ་རྒྱུ་འདི་ཡག་པོ་མེད། དགོངས་པ་བཞེས་རོགས། མ་གཞི་ནས་རྩོད་མདད་རྩོད་པ་བྱེད་འདོད་མེད་དགོངས་དག
དགེ་ལུགས་དགེ་ལུགས་ཟེར་རུང་རྙིུང་མ་རེད།།མཁན་ཆེན་ཞི་འཚོའི་སྡོམ་རྒྱུན་སྤེལ་མཁན་རེད།།ལམ་རིམ་ལམ་རིམ་ཟེར་རུང་རྙིང་མ་རེད།།སྒོམ་རིམ་གསུམ་གྱི་དགོངས་པ་འགྲེལ་བྱེད་རེད།།
གྲུབ་མཐའ་རིན་ཆེན་འཕྲེང་བ་ངས་ཀྱང་ཚར་གཅིག་བཀླགས་མྱོང་།
བོད་ཀྱི་གསར་རྙིང་ཆོས་བརྒྱུད་རིས་མེད་ཀྱི། །ཚད་ལྡན་མཁས་གྲུབ་དུ་མའི་ཞབས་ཀྱི་མཐིལ། །སྤྱི་བོར་གཙུག་ཏུ་བཞག་ལ་མི་ཞུམ་ཡང་། །མིང་ཆེན་དོན་རྐམ་དག་ལ་ཤིན་ཏུ་འཇིགས། །
དགེ་ལུགས་དེ་ཕར་འཐེན་ཚུར་འཐེན་གང་རེད་། ས་སྐྱ་བ་ཚོས་དགེ་ལུགས་དེ་ས་སྐྱ་བ་རྒྱ་ཆེར་ཕྱིན་ཙམ་རེད་གསུངས་ཀྱི་འདུག ཧི་ཧི་
རྟག་ཆད་མཐའ་གཉིས་བྲལ་བའི་དབུས་ཁས་ལེན། ཧ་ཧ་་་་་་་་་
འོ་བན་དེ་ལགས། ཁྱོད་ལ་མཚོན་ན་རྒྱུས་མེད་རྒྱུས་གཏམ་ཡིན་སྲིད་མོད། ང་ལ་མཚོན་ན་གྲུབ་མཐའ་རིན་ཕྲེང་ཕྱོགས་ལ་རྒྱུས་མེད་རྒྱུས་གཏམ་ཅི་ཡང་མིན། དོན་ཡོངས་སུ་རྫོགས་པ་ཟེར་ན་དཀའ་མོ་རེད་མོད། འོན་ཀྱང་ཚིག་དོན་གང་ཐད་ནས་གང་མཚམས་ཀྱིས་བློ་ངོ་ན་ཕྲ་ལམ་མེར་ཡོད་ནི་རེད། ཡང་གཅིག་བཤད་ན་ཁྱོད་ཀྱིས་དགེ་བཤེས་དེ་འདྲའི་བཤད་པ་ཡོད་ཚད་ཚད་མར་འཛིན་རྒྱུ་ཡོད་པ་མ་རེད། ཡིག་ཆ་ཁག་ལ་རྒོལ་མཁན་ཡང་དེ་འདྲའི་གྲས་ནས་འབྱུང་བཞིན་པ་རེད། མདོར་བསྡུས་ནས་བཤད་ན། ཁྱོད་ཀྱིས་ད་ལྟའི་གྲུབ་མཐའ་རིན་ཕྲེང་འདི་ཀུན་མཁྱེན་འཇིགས་མེད་དབང་བོའི་བརྩམས་ཆོས་དངོས་དེ་མ་རེད་ཟེར་གྱིན་པ་འདྲ། རེད་དམ། མ་ཟད་ཀུན་མཁྱེན་མཆོག་གི་གྲུབ་མཐའ་དངོས་དེ་ཡང་དག་པར་ཕྱིན་ཅི་མ་ལོག་པ་ཞིག་མ་ཡིན་པས། ཕྱིས་སུ་ནོར་བཅོས་ཀྱིས་དཔར་སྐྲུན་བགྱིས་པ་རེད་ཟེར་བ་འདྲ། ཨེ་རེད། རྒྱུས་མེད་ན་ཁ་རོགས་ལ་བཞུགས་དང་བསྟན་པ་ལ་ཕན་ནོ།།
ཅིག་གིས། ་་་་ ཀླུ་སྨྱོན་འདི་བན་མིན་བོན་མིན་ར་མ་ལུགས། ནམ་མཁའི་ནོར་བུ་ནང་བཞིན་ཞིག་ཆགས་འགྲོ་གི་འདུག ་་་་ཟེར།
ཅིག་གིས། ་་་་ འགོ་ནས་ཅུང་ཙམ་བཀླགས་པ་ཡིན། གྲུབ་མཐའ་རིན་ཕྲེང་ཚིག་བཅད་དུ་ཕབ་འདུག་བསམ་བསམ་ཞིག་བྱུང་། ཚིག་སྦྱོར་བདེ་གི ་་་་ཟེར།
ཡང་ཁ་ཅིག་གིས། ་་་་་ རྡ་སའི་མཚན་ཉིད་གྲྭ་ཚང་རིས་མེད་ཡིན་པའི་སྒྲུབ་བྱེད་གཅིག་ནི་རིན་ཕྲེང་འདི་ལ་སློབ་གཉེར་བྱེད་བཞིན་ཡོད་པ་དེ་ཡིན་ཟེར་གི་ཡོད་རེད། ་་་་ཟེར།
བསྟན་འཛིན་ལགས་ཚ་བ་མདའ་སྨྱུག་གིས་བཤད་པ་ལྟར་དགེ་ལུགས་པ་ཚིག་རྐྱང་ལ་རྩོད་མཁན་དང་རྙིང་མ་བ་དོན་རྐྱང་ལ་ཉམས་ལེན་བྱེད་མཁན་དེ་ཚོ་་་ཟེར་ནས་དགག་པ་ལ་ཁག་མི་འདུག་ལམ་སང་དཔུང་པ་བརྫེས་ཡོང་གི་འདུག་ག
ང་ལ་ཁ་བཙུམ་ཟེར་ནས་་་་་ང་ཡི་སྨྲ་བརྗོད་ཀྱི་རང་དབང་ལ་བཀག་བསྡོམ་བྱེད་པའི་དབང་ཆ་ཁྱོད་ལ་མེད་པར་ཤེས་པར་གྱིས། ལར་ནས་ངས་དང་པོ་ཁྱོད་ལ་རྩོད་པའི་གཞི་བཙུགས་མེད་པར་མ་ཟད་ངས་ཁྲག་འཐུང་གི་རྩོམ་ལ་མཆན་བུ་འདེབས་བཞིན་ཡོད་ཀྱང་ཾྱཁྱོད་ཀྱིས་ཇུས་མེད་ཇུས་གཏོགས་བྱས་པ་དེ་ལ་ང་ཧ་ལས་སོང། ད་དེ་ཚོ་གཡུག་ཞོག ཁྱེད་ནི་གྲུབ་མཐའ་རིན་ཆེན་འཕྲེང་བ་ལ་བྱང་ཆུབ་པ་ཡིན་པར་བཤད་སོང་་དེ་ང་ལ་ཡུས་བཤད་མི་དགོས། ངས་ཀྱང་གོ་ཐོས་ཡོད། གཅིག་བྱས་ན་ཁྱོད་ལས་ང་ལ་རྒྱུས་མངའ་ཆེ་བ་ཡོད་སྲིད། གྲུབ་མཐའ་རིན་ཆེན་འཕྲེང་བ་དེ་སྒོ་མང་གི་ཡིག་ཆར་གཏོགས་པ་ཞིག་དང། ཕྱིས་སུ་རྒྱ་གར་ནས་པར་སྐྲུན་བྱེད་མཁན་དེ་བློ་གསལ་གླིང་ནས་པར་སྐྲུན་བྱས་པར་བརྟེན་ཅུང་ཟད་བཟོ་བཅོས་བྱས་འདུག་ཅེས་བཤད་སོང། མ་གཞི་ནས་བློ་གསལ་གླིང་གིས་ཁས་ལེན་ལ། ནམ་མཁའི་སྟེང་གི་གཞན་དབང་ཡིན་ན་གཞན་དབང་ཡིན་པས་ཁྱབ་ཅིང་་་་མཚན་གཞི་ནི་་ནམ་མཁའི་སྟེང་གི་ནམ་འཛིན་ཚད་མ་དེ་ཡིན་པར་འདོད་ཅིང། སྒོ་མང་གི་ལུགས་ལ་ནམ་མཁའི་སྟེང་གི་གཞན་དབང་ནམ་མཁའ་ཡིན་པར་འདོད། དེ་གཞན་དབང་བཏགས་པ་བ་ཡིན་པར་འདོད་པ་ལས་སོགས་ཀྱི་བཞེད་པ་མི་མཐུན་པ་ཡོད་པར་གོ། འོན་ཀྱང་བསྟན་འཛིན་ཁྱེད་ཀྱིས་ང་ལ་ལེན་འདེབས་བྱེད་མི་དགོས། ལམ་སང་དཔུང་པ་བརྫེས་ནས་ཡོང་དུས་དུས་རབས་དང་མཐུན་པའི་སྐད་ཆ་ཞིག་རེད་མི་འདུག་པས་དེ་ལུགས་མཛོད། ད་དེ་ཚོ་ཀུ་རེ་ཞུས་ཡིན་་ཐུགས་ལྷོད་ལྷོད་བྱས་ཏེ་ཕེབས་དང་ནང་པ་བ་ཟེར་མཁན་དེ་ནང་སེམས་ཀྱི་ཁྱེར་སོ་ལ་ནང་པའི་མཚན་ཉིད་ཚང་དགོས་པ་ཞིག་ནི་ལོས་དགོས།
རྙིང་མ་མེད་ན་བཀའ་བརྒྱུད་མེད། །བཀའ་བརྒྱུད་མེད་ན་ས་སྐྱ་མེད། །ས་སྐྱ་མེད་ན་དགེ་ལྡན་མེད། །རྟེན་འབྱུང་འབྲེལ་བའི་དད་པ་དགོས། །
གཞན་སྡེ་རྣམས་ནི་དེ་ལས་ཟློག་པ་སྟེ། །
སྟོན་པ་སྐྱོན་དང་བཅས་ཤིང་ཡོན་ཏན་ཉུང་། །
བསྟན་པ་སེམས་ཅན་གནོད་ཅིང་འཚེ་བ་དང་། །
ལྟ་བ་རྟག་པ་གཅིག་བུ་རང་དབང་གི །
བདག་ཏུ་གྲུབ་པར་ཁས་ལེན་ཁྱད་པར་གསུམ། །
འདི་དང་གྲུབ་མཐའ་རིན་ཆེན་ཕྲེང་བ་མཛད་མཁན་གཉིས་ཀ་ལ་དྲི་བ་གཅིག་ཡོད་པ་ནི། དེ་ལྟར་ན། ཐལ་འགྱུར་བ་མ་ཡིན་པའི་ནང་པའི་གྲུབ་མཐའ་འོག་མ་ཚང་མ་ཆོས་ཅན། སྟོན་པ་སྐྱོན་བཅས་དང་། བསྟན་པ་འཚེ་བ་ཡོད་པ་དང་། ལྟ་བ་ལོག་པར་ཁས་བླངས་མཁན་རྐྱང་ཡིན་པར་ཐལ། དེ་དག་ལ་ཐལ་འགྱུར་བས་འདོད་པའི་སྟོན་པ་། ཐལ་འགྱུར་བས་འདོད་པའི་བསྟན་པ་དང་། ཐལ་འགྱུར་བའི་འདོད་པའི་ལྟ་བ་མེད་པའི་ཕྱིར། ཟེར་ན། ལན་ཡོད་དམ། ལགས།
ཡང་རྣམ་བཞག་རྣམ་བཞག་དེ་དག་རྣམ་གཞག་རྣམ་གཞག་ཅེས་འབྲི་མི་དགོས་སམ། ལགས། ཀླུ་སྨྱོན་ལགས།
ཨ་ཕྱི་འདྲེ་མོ་རྩོམ་རྐུན་ཁྱོད་རང་ཁ་བཙུམ་ན་མི་མཛེས་སམ། ནང་བསྟན་གྱི་སྤྲུལ་སྐུ་བླ་ན་མེད་པ་་་་རྒྱལ་དབང་ཀརྨ་པ་མཚན་སྨད་ཞུས་སྟངས་འདི་ཡིས་ཁྱོད་ཀྱི་ཁོག་ལ་གདོན་འདྲེ་ཞུགས་པར་ཤེས། ཡང་རྩོམ་རྐུས་དེ་འདིར་འདྲེན་དགོས་སམ།
ཧཧཧཧཧཧ་ཨ་ཕྱི་ཆོས་སྒྲོན་་ལགས་ཀྱི་མཆན་བུ་དག་ལ་གཟིགས་དང་དེའི་ནང་དུ་ཚིག་ཇི་འདྲ་འདུག་་་ཧཧཧཧ་་་ཁྱེད་རང་ངའི་སྐྱག་འབུ་རུ་སྐྱེ་བར་ཤོག་ཟེར་གྱིན་འདུག་་་་་་་དེ་འདྲ་སེམས་ལ་དྲན་ཁ་ནས་ལབ་ཡག་འདི་ངོ་ཚ་དགོས་པ་རེད་ཧཧཧཧཧཧཧཧ་་་
ཨོ་རྒྱན་ཉི་མས་
རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་རྣམ་ཐར་བྲིས་པ་འདིར་ཧ་ཅང་འཚམས་པོ་བྱུང་།
ང་ལ་ཡང་ཕན་ཐོག་བྱུང་ཐུགས་རྗེ་ཆེ་ཞུ་ཡ་ཡིན།
དེང་སང་འགའ་ཞིག་ལྟ་བ་མཐོར་རློམས་ཏེ། །
སྣང་ཕྱོགས་ཆོས་རྣམས་འཁྲུལ་སྣང་ཙམ་ཡིན་ཞེས། །
གཏན་མེད་བཟུང་ནས་ཡིད་ངོར་ཅང་མེད་པ། །
ཉམས་ལེན་མཆོག་འཛིན་ཐལ་འགྱུར་དྲི་མི་བྲོ། །
ཞེས་པ་འདི་ཡི་ཕྱོགས་སྔ་དང་། གོ་དོན་གོ་དཀའ་ཙམ་མི་འདུག་གམ། བྱུང་ན་འདི་ལ་ཡང་གསལ་བཤད་རང་འགྲེལ་ཅིག་བྲིས་ན་། དྲ་གྲོགས་མང་པོར་ཕན་སྲིད་པས་་་་་་
གྲུབ་མཐའ་རིན་འཕྲེང་གི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་ཟེར་ན་ཡག་ས་རེད། བན་མིན་བོན་མིན་གྲུབ་མཐའི་ཕྱོགས་རིས་བྲལ།།གནས་ལུགས་བདེན་པ་གཙོ་བཟུང་གླུ་སྨྱོན་ལ།།ནང་གི་རྣམ་དཔྱོད་ངག་སྦྱོར་ཟུང་འབྲེལ་གྱི།།སྡོམ་ཚིག་ཤེས་རབ་ལྷ་མོ་ཡིད་དུ་འོངས།།
དེ་མིན་ཨ་ཁུ་ཀླུ་སྨྱོན་ཚང་ལ་རྡུགས་བསྐོས་མ་འདུག ཁོང་ང་གཉིས་ཚིག་གི་སྙན་ཆ་དང་། དཔེ་གཟུགས་ཀྱི་རྒྱན་མང་བ་ཙམ་ལས་གཅིག་པ་རེད། མཐའ་དཔྱོད་འཁྱོང་ནི་མ་རེད། རྣམ་དྤྱོད་ཆེན་པོ་ཡོད་མཁན་ཞིག་ཡིན་ན་བན་བོན་བསྲེ་ནི་མ་རེད། ཧཧཧ
གང་ལྟར་ཕྱི་ལུགས་པ་དང་ནང་པ་བརྩོད་ན་དགེ་ལུགས་འདི་ངར་ངར་ངར་རེད། ཚན་རིག་པ་དང་ནང་པ་བརྩོད་ན་དགེ་ལུགས་པ་དེ་མེད་དུ་མི་རུང་བ་རེད། ལྟ་བ་བློ་ལ་མ་སྐྱེས་པར་མྱོང་བ་ཐོན་ཐབས་མེད་པས། དང་པོ་ཐོས་བསམ་དགོས་པ་འདི་ཤིན་དུ་ནས་གལ་འགངས་ཆེ།
ངེད་ཚོ་གསང་སྔགས་རྗེས་འཛིན་པ་འགས། ཨོ་ཨ་ཧུང་གིས་ཚང་མ་ཞི་འཇགས་ལ་གཏོང་ཐུབ་པའི་བློ་སྐྱེད་འདི་ཁྲོན་པའི་ནང་གི་སྦལ་པ་ལྟ་བུ་རེད། ཀླུ་སྨྱོན་མཆོག་གི་ཀྱང་ལྟ་བ་ལ་ཐོས་པ་རྒྱ་ཆེར་བསྐྱེད་ནས་རྟོགས་དགོས་པ་འདི་མཁྱེན་པ་འདིས་ཤིན་དུ་ནས་གུས་ཞབས་འཕེལ། དེའི་སྔོན་ལ་ཀླུ་སྨྱོན་ནས་ཁེ་ན་ཀྲ་ནས་གསང་སྔགས་བླ་མ་རྒྱག་པ་བགྲོད་ཆེན་ཞིག་གི་སྤར་བཤམས་ནས། སྔགས་རེ་གཉིས་བགྲངས་ནས་ནད་བཅོས་ཐུབ་ཟེར་བ་འདི་ལ་ཡིད་ཆེས་སྐྱེས་དཀའ་བ་བྱུང་། ད་དུང་བླ་མ་དེར་མུ་མཐུད་དཔྱད་པ་བྱས་ནས་རྗེས་མ་ཁ་ཡོད་ལག་ཡོད་ཡིན་ན་རིགས་པ་དང་མྱོང་བ་སྔོན་སོང་གི་དད་པ་ཞུའོ།
རེད་བཀྲ་ཤིས་ལགས། དགེ་ལྡན་པ་དག་རིག་གཞུང་གསར་རྙིང་གཉིས་ཀར་སློབ་སྦྱོང་གི་ཐད་ནས་རྩེ་གྲ་རེད། ཉམས་སུ་ལེན་ཚུལ་ལ་བསམ་བློ་བཏང་བ་ཡིན་ན་དེང་སང་ཕྱོགས་ཚང་མས་ཆེན་པོ་ཞིག་འཇོན་གྱི་མེད་པའི་ཟོལ་དུ་སྣང་། གདུལ་བྱ་འདུལ་བ་ལ་རྣམ་དཔྱོད་དང་། མཁས་པའི་ཤེས་ཡོན་ཁོ་ནས་འདུལ་དགོས་དྲན་ན་ལྐུགས་པ་རེད། རིག་སྔགས་གྲུབ་པ་ལ་ཡིན་གཅིག་མིན་གཉིས་སྦྱང་བརྩོན་ཆེན་པོ་ཞིག་དགོས་པར་འདོད་པ་དེ་ཡང་ལྐུགས་རྟགས་རེད། སངས་རྒྱས་ཀྱིས་ཀྱང་། འོད་སྲུང་དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་གསུངས་པ་ལས། དོན་དམ་པ་ཐོས་བསམ་རྟོགས་སོ་ཞེས་གསུང་མི་འདུག་ག དེ་ཕྱིར་མན་ངག་གི་མྱོང་བ་ཐོན་པའི་གང་ཟག་ཡིན་ན་ཡིན་གཅིག་མིན་གཉིས་ལོ་གྲངས་མང་པོ་ཞིག་ལ་ཐོས་བསམ་གྱིས་རྡུགས་རྒུར་བྱ་དགོས་པའི་ངེས་པའང་མེད་པ་རེད། ཁྱེད་རང་གིས་གཅིག་གཟིགས་དང་། དགེ་ལྡན་ཁྲི་པ་ནས་བཟུང་། དགེ་ལྡན་པའི་གདན་ས་ཁག་གི་དགེ་བཤེས་དེ་ཚོ་མཁས་པའི་ཆ་ནས་དཔལ་ལྡན་ཆོས་གྲགས་དང་། ཟླ་གྲགས་དངོས་སུ་ཕེབས་པ་འདྲ་པོ་མང་པོ་རེད་དེ། གྲྭ་ཚང་ནང་ལོག་རེད་མ་གཏོགས། ཕྱི་ལོགས་ཕེབས་ཚར་དུས་བརྩི་ཐང་དེ་ཙམ་མེད་པ་རེད། དེ་དག་ཚང་མ་རྩ་བ་གཅིག་ལ་ཐུག་ཡོད་པ་ཤེས་དགོས་ངེས་ཤིག་རེད། དེ་ཕྱིར་ཆོས་ཟེར་བ་དེ་འབད་བརྩོན་ཁོ་ནས་རྟོགས་བྱ་ཞིག་དང་། ཉམས་སུ་ལེན་ཐུབ་རྒྱུ་ཞིག་ཀྱང་མ་རེད། འབད་བརྩོན་དང་མཉམ་དུ་ངེས་པར་ཚང་དགོས་པ་ཁག་གཅིག་ཀྱང་ཡོད་པར་སེམས།
ཁ་བརྡའི་དྲྭ་བདག་ལ་ཞུ་རྒྱུར་ གོང་དུ་མཆན་༦༨པ་བཀྲིས་མིང་ཅན་དང་
གུས་པ་བཀྲ་ཤིས་མིང་ཅན་གཉིས་འདུག་པས་ སུ་སྔོན་དུ་ཡིན་མིན་རྩེད་གཅོད་གནང་རོགས་ཞུ།
ནང་གི་རལ་པ་ཕྱིའི་རལ་པ།
སྐྱེ་དགུ་འདི་དག་རལ་པས་འཛིངས།
རྣམ་རྟོག་རལ་པ་སྤོང་བའི་ཐབས།
ཤེས་ན་གྲུབ་མཐའ་ཤེས་པ་ལགས།།
བླ་མ་ཀླུ་སྨྱོན་གྱིས་གྲུབ་མཐའ་རིན་ཆེན་འཕྲེང་བའི་རྗེས་སུ་འབྲངས་ཏེ། བློར་འཛིན་བདེའི་ཕྱིར་ཚིགས་བཅད་དུ་བཀོད་པར་མངོན་པར་བསྟོད། གྲུབ་མཐའ། ལས་ཀྱི་མཐའ། སོགས་ཀྱི་མཐའ་དེ་གནས་ལུགས་ལ་གོ་དགོས་པར་སྣང་། མིང་མཐའ་འདྲེན་ཚུལ་ལ་སྔར་གྱི་མཁས་པ་དག་དང་དིང་དུས་ཀྱི་མཁས་པ་ཕལ་ཆེ་བ་དག་མི་མཐུན་པར་མཐོང་།
དེ་ཡང་བྱེ་བྲག་པ་དང་རིག་པ་ཅན།
འདིའི་ནང་གི་རིགས་པ་ཅན་ལ་ས་ཡང་འཇུག་ངེས་པར་དུ་དགོས། ནྱཱ་ཡཱ་ཡི་ཀ་ ཡི་གེའི་དག་ཆ་འདི་ལྟར་ཡིན་ནམ་སྙམ། གཏན་ཚིགས་པ་ཞེས་ཀྱང་ཆོག གྲུབ་མཐའ་ཐམས་ཅད་ཀྱི་རྙིང་ཤོས་གྲངས་ཅན་པར་བཤད་ཅིང་། སངས་རྒྱས་པ་སོགས་ཀྱི་ཐར་པ་འདོད་ཚུལ་ཡང་དེ་ལས་ཆད་པར་དིང་དུས་ཀྱི་རྒྱ་གར་གྲུབ་མཐའ་ལ་ཚོལ་སྒྲུབ་བྱེད་པ་འགས་བྲིས་པར་མཐོང་།
སངས་རྒྱས་པ་ལ་བཞི་པ་དང་།
ལྔ་པ་ཐུབ་པའི་དགོངས་པ་མིན།
ཞེས་པ་ལྟ་བའི་སྒོ་ནས་སངས་རྒྱས་པར་གོ་བདེ་བར་བརྗོད་ན། ཕྱི་དོན་མངོན་སུམ་གྱིས་གྲུབ་པར་སྨྲ་བ་དེ། བྱེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་སྨྲ་བ་མདོ་སྡེ་པ་དང་། ཕྱི་དོན་གྲུབ་པ་མེད་ཅིང་ཤེས་བྱ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པར་སྨྲ་བ་སེམས་ཙམ་པ་དང་། ཕྱི་དོན་དང་ནང་སེམས་སྟེ། ཐམས་ཅད་སྟོང་པར་སྨྲ་བ་དབུ་མ་དང་བཞིར་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིར་བསྡུ་ཚུལ་འདི་ལོ་ངོ་བདུན་བརྒྱ་ཙམ་སྔོན་དུ་བྱུང་བའི་རྣམ་ཤེས་དགེ་སློང་ཞེས་པས་བརྩམས་པའི་ལྟ་བ་ཐམས་ཅད་བསྡུས་པ། ཞེས་པའི་གཞུང་དུ་བཤད། འདི་ལྟ་བུ་ཞིག་བསྟན་འགྱུར་གྱི་དཔེ་ཆ་ཞིག་ན་ཡོད་པར་ཨ་རིའི་སློབ་དཔོན་མཁས་པ་ཞིག་གི་ཤག་ཏུ་མིག་སྣང་བྱུང་ཡང་། དཔེ་ཆའི་མིང་མ་ངེས་པས། རྗེས་སུ་བཙལ་ཀྱང་ད་བར་དུ་མ་རྙེད། ཁ་བརྡར་ལན་གཅིག་བྲིས་ཏེ། བསྟན་འགྱུར་ན་དེ་ལྟར་གཟིགས་ཚེ་གསུང་གྲོགས་ཞུས་ཀྱང་། ད་བར་དུ་རི་བོང་གི་རྭར་གྱུར། མ་འོངས་པ་ན་གཅིག་ན་བདག་རང་གིས་རྙེད་པའི་རེ་བ་འཆང་ངོ་།
བཀྲ་ཤིས་ལགས། ངའི་མིང་ལ་བཀྲིས་ཅེས་བཀོལ་ཡོད་པ་ལས་བཀྲ་ཤིས་ཅེས་བཀོལ་མེད། དེ་ལ་ཁྱད་པར་ཏོག་ཙམ་མིན་འདུག་གམ། འོན་ཀྱང་། ཁ་བརྡ་རིན་པོ་ཆེ་ལ་སྐུ་དབང་ཡོངས་སུ་རྫོགས་པ་ཕུལ་ནས་ཐག་གཅོད་གནོངས་རོགས་ཞུ།
་་་་་་་་་ ལྟ་བའི་སྒོ་ནས་སངས་རྒྱས་པར་གོ་བདེ་བར་བརྗོད་ན། ཕྱི་དོན་མངོན་སུམ་གྱིས་གྲུབ་པར་སྨྲ་བ་དེ། བྱེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་སྨྲ་བ་མདོ་སྡེ་པ་དང་། ཕྱི་དོན་གྲུབ་པ་མེད་ཅིང་ཤེས་བྱ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པར་སྨྲ་བ་སེམས་ཙམ་པ་དང་། ཕྱི་དོན་དང་ནང་སེམས་སྟེ། ཐམས་ཅད་སྟོང་པར་སྨྲ་བ་དབུ་མ་དང་བཞིར་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིར་བསྡུ་ཚུལ་འདི་ལོ་ངོ་བདུན་བརྒྱ་ཙམ་སྔོན་དུ་བྱུང་བའི་རྣམ་ཤེས་དགེ་སློང་ཞེས་པས་བརྩམས་པའི་ལྟ་བ་ཐམས་ཅད་བསྡུས་པ། ཞེས་པའི་གཞུང་དུ་བཤད། ་་་་་ཟེར།
སྨྱུག་མིང་བེད་སྤྱོད་ཉུང་དུ་ཉུང་དུ། རང་མིང་བེད་སྤྱོད་མང་དུ་མང་དུ་ཕྱིན་ན། བོད་ཡར་རྒྱས་འགྲོ་བཞིན་པའི་་རྟགས་རེད།
རྡོར་རྗེ་གདན་གྱི་མཆོད་རྟེན་དུ་འབམ་བགས་གཏོར་བྱུང་འདུག་ཅེས་བཤད་སོང
དྲི་བ་མང་པོ་ཞིག་ལ་ལན་མི་འདུག་གོ། །།