བཀྲ་ཤིས་དོན་འགྲུབ།
—–རི་བོ་བྷེེ་ཊ་པུར་དུ་འཛམ་གླིང་སྤྱི་བསང་ལ་ཆས་སྐབས།
རི་བོ་མཐོན་པོ་གནམ་ལ་ཟུག་ས་ནས།།
རི་རྩེ་རྣོན་པོ་སྨུག་པས་འཐུམ་ས་ནས།།
རླུང་རྟ་རླུང་ལ་སྤུར་བའི་ཉམས་འུར་འདི།།
སེམས་ཀྱི་སྙན་ངག་གྱེར་བའི་ལམ་སྲོལ་རེད།།
སྨུག་སྤྲིན་ལོགས་ལ་ལྡིང་བའི་བྲག་ཐོག་ནས།།
སེམས་ཀྱི་གཤོག་པས་འཁའ་ལ་འཕུར་བ་འདི།།
མི་རྐྱང་ང་ལ་བདག་པའི་ལོངས་སྤྱོད་དེ།།
སྙན་ངག་ཆང་གིས་བཟི་ཚུལ་འདི་འདྲ་རེད།།
སེམས་གཙོའི་དག་སྣང་རྣ་རྒྱབ་ལྷགས་པར་བསྐུར།།
དངོས་གཙོའི་མཁྲེགས་འཛིན་འདམ་གྱི་རྫབ་ཏུ་འཕངས།།
ཅིར་ཡང་གཏད་སོ་མེད་པའི་གྲུབ་མཐའ་ཡིས།།
རླུང་རྟ་ཟེར་བའི་ཤོག་བུ་གནམ་ལ་གཏོར།།
བཅོས་མའི་རྣམ་འགྱུར་སྟོན་ལ་མི་མོས་ཤིང་།།
མ་བཅོས་སེམས་ཀྱི་ཞལ་རས་ངོམ་ལུགས་འདི།།
གྲྭ་བཙུན་མང་པོ་ཧད་དེ་ལུས་ས་སྟེ།།
ཟིང་ཆེན་ཟིང་གི་བདག་པོའང་ང་རང་ཡིན།།
ལུས་ལ་ཕྱི་དང་ནང་གི་རྣམ་གཞག་མེད།།
སེམས་ལ་སྦ་རྒྱུ་གསང་རྒྱུ་ཡེ་མེད་པའི།།
སྨྱོན་པ་ང་ཡི་སྨྱོ་གཤིས་ཡ་མཚན་དེ།།
དེ་རིང་སྲིད་པའི་གླིང་ལ་བསྒྲགས་ནས་ཡོད།།
དམ་པ་སངས་རྒྱས་ཞུ་བའི་གྲུབ་ཐོབ་དེ།།
ཆོས་ཀྱི་ཉམས་རྟོགས་རི་བོའི་རྩེ་ལ་སྙེགས།།
དིང་རིའི་ཡུལ་ནས་གྱར་བའི་འཁྱམ་པོ་ང།།
སྨྱོ་བའི་ཉམས་རྟོགས་སྤྲིན་པའི་རྗེས་ལ་འགྲོ།།
བྲང་གཞུང་ལེབ་མོར་རླུང་གི་བསིལ་གཡབ་ཡོད།།
སྒོར་སྒོར་མིག་ལ་ཟིལ་ཆུའི་བྱབས་ཁྲུས་འཇམ།།
སྡུག་བསྔལ་སྟོང་པའི་དབྱིངས་སུ་བསྟིམ་ས་དེ།།
རི་ཡི་རྒྱལ་པོ་བྷེེ་ཊ་པུ་རི་ཡིན།།
༢༠༡༣|༦|༢༣
གནའ་བོ་ཞིག་ནས་རི་དེ་ཐོས་མྱོང་ཞིང་།།
རི་དེའི་ཉེ་སར་བགྲང་བྱ་བཅུ་ལ་བསྡད།།
མིག་རྒྱང་གང་ནས་ཟུར་མཇལ་ཁོ་ན་ལས།།
རི་རྩེར་མ་བསླེབས་ལས་འདི་ཅི་ཡིས་ནོངས།། ཧཧཧཧ
དིང་རིའི་ཡུལ་ནས་འཁྱམ་པའི་གྲྭ་བཙུན་ཁྱོད། །
རི་མཐོན་རྩེ་ལ་རླུང་རྟས་དར་སྣ་བཙུགས། །
སྨུག་སྤྲིན་མཐུག་པོ་ཁྲོད་ནས་གསུང་སྐད་ཐོས། །
དགོན་པའི་ཁྲིམས་ཀྱིས་མ་ཐུལ་གྲྭ་སྨྱོན་ཞིག ། ཧ་ཧ་ཧ་