རྨེ་རུ།
ངུར་སྨྲིག་ན་བཟའ་སྐུ་ལ་བསྣམས་བཞིན།།
ཞལ་གྱི་འཛུམ་མདངས་འགྲོ་ལ་གཟིགས་ཤིང་།།
འཚེ་མེད་ཞི་བདེའི་གླུ་དབྱངས་གྱེར་བའི།།
འགྲོ་བའི་སྐྱབས་མགོན་ཁྱེད་མིན་སུ་མཆིས།།
མི་མངོན་དམག་གིས་གོ་ལ་བཟུང་སྟེ།།
འགྲོ་དྲུག་སེམས་ཅན་སྡུག་གིས་མནར་དུས།།
བྱམས་དང་སྙིང་རྗེས་འགྲོ་བ་སྐྱོང་མཁན།།
སྐྱབས་མགོན་ཁྱེད་ལས་སུ་ཡང་མ་མཆིས།།
འཚེ་མེད་ཞི་བདེའི་གསུང་གི་མཆོད་ཆར།།
ཕྱོགས་མེད་གོ་ལའི་ཁྱོན་ལ་འབབ་དུས།།
རྐང་དྲུག་བུང་བ་ཁྱུ་ཚོགས་འབུམ་གྱིས།།
དགའ་བའི་མེ་ཏོག་ཁྱེད་ལ་ཕུལ་སོང་།།
གསུང་གི་དབྱངས་སྙན་ཚངས་པའི་རྔ་སྒྲས།།
བྱམས་སོགས་སྙིང་རྗེའི་གླུ་དབྱངས་ལེན་དུས།།
གོ་ལ་འདི་ཡི་རྐང་གཉིས་ཡོངས་ཀྱི།།
རྣ་བའི་བུ་ག་དབང་མེད་འཕྲོགས་སོང་།།
རང་བྱུང་ནགས་ཀྱི་ཁོ་ར་ཁོར་ཡུག །
འཇིག་པའི་དུས་ཀྱི་མཐའ་ལ་ཐུག་དུས།།
གཅེས་པའི་མ་བཞིན་གཉོར་སྐྱོང་གནང་མཁན།།
མགོན་པོ་ཁྱེད་འདྲ་གླིང་འདིར་དབེན་ནོ།།
སྐུ་ཡི་ངལ་དུབ་རྒྱང་དུ་བསྐྱུར་ནས།།
ཤར་ནུབ་ཡུལ་གྲུ་ཞབས་ཀྱིས་བཅགས་ཏེ།།
འགྲོ་བའི་བདེ་སྡུག་ཁོ་ནར་གཟིགས་པ།།
བྱམས་སེམས་རྒྱལ་སྲས་ཁྱེད་ལས་སུ་མེད།།
གངས་རིའི་ལྷ་སྐལ་ཕྱག་ན་པད་མོ།།
སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཏེ།།
ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་ཅིང་།།
མཛད་འཕྲིན་དབྱར་མཚོ་བཞིན་དུ་རྒྱས་ཤོག །
གང་གི་ཁྱད་ཆོས་དམ་བཅའ་རྣམ་གསུམ།།
མི་འཇིགས་གདོང་ལྔའི་གད་རྒྱངས་བསྒྲོག་བཞིན།།
ཟླུམ་གཟུགས་གོ་ལ་ལིང་ལིང་བསྒུལ་བ།།
ཤ་ཚུགས་ཅན་གྱི་སངས་རྒྱས་ངོ་མ།།
འཕྲོ་མཐུད་རོགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཀུན་དགའ་ར་བའི་ནང་གི།
རྒྱལ་བའི་བཀའ་འགྱུར་བསྟན་འགྱུར།།
སློབ་མའི་སློབ་ཚན་བྱས་ཆོག།
སྐྱབས་མགོན་ཁྱོད་ཀྱི་དྲིན་ཡིན།།
ཆོས་ལྡན་རྒྱལ་ཁབ་ཟེར་ཡང།།
ཆོས་ཤེས་ཉིན་མོའི་སྐར་མ།།
བརྒྱ་ཆ་དགུ་བཅུ་གོ་དགུས།།
བོད་ཡིག་འབྲི་ཀློག་མི་ཤེས།།
ད་ཆ་ཡིག་རྨོངས་སེལ་ནས།།
ནང་ཆོས་ཅུང་ཙམ་རྟོགས་ཡོད།།
ཆོས་སྲིད་ཚན་རིག་སྦྱང་བ།།
སྐྱོབས་མགོན་ཁྱོད་ཀྱི་དྲིན་ཡིན།།
རྨོངས་པ་བོད་རྒན་རྣམས་ལ།།
ཆོས་སྲིད་བཀའ་སློབ་གནང་ཡོད
ཉན་དང་མི་ཉན་སོ་སོའི།།
འདོད་པར་ཐུག་ཡོད་གསུངས་སོང་།།
ཕ་མས་བུ་ལ་འདོན་པའི།།
གཅེས་པའི་བསླབ་བྱ་ལོས་ཡིན།།
ཁ་ཆེའི་ཕ་གླུ་འདྲ་ཡང་།།
ཁ་ཆམ་རླུང་ལ་མ་བསྐུར།།