རྒྱང་མིག
—-༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ།
ཞིང་དཔག་མེད་རབ་འབྱམས་རྒྱ་མཚོའི་སངས་རྒྱས་དང་བྱང་སེམས།།
སྐུ་ཞི་དྲག་ཇི་སྙེད་གར་མཛད་ཡི་དམ་དང་ཆོས་སྐྱོང་།།
སྐྱབས་བསླུ་མེད་མཆོག་གསུམ་རིན་ཆེན་ཀུན་འདུས་ཀྱི་སྤྱི་གཟུགས།།
རྗེ་བསྟན་འཛིན་རྒྱ་མཚོར་རྣམ་ཀུན་སྙིང་དབུས་ནས་མཆོད་དོ།།
སྔོན་བསྐལ་བར་མགོན་ཁྱེད་སངས་རྒྱས་གོ་འཕང་མཆོག་བརྙེས་ཀྱང་།།
དུས་སྙིགས་མའི་མི་བསྲུན་སྐྱེ་བོའི་སྡུག་མུན་རྣམས་བསལ་ཕྱིར།།
བསམ་བཞིན་དུ་གངས་རིའི་བདག་པོའི་རྣམ་འཕྲུལ་དུ་བྱོན་པ།།
སྐྱབས་ཡིད་བཞིན་ནོར་བུར་བདེན་པའི་མཆོད་ཚིག་གིས་བསྟོད་དོ།།
ལུང་ཚད་མ་ལ་སོགས་སྔོན་འགྲོའི་ཆ་རྐྱེན་རྣམས་གྲུབ་ནས།།
འཁྲུལ་བྲལ་གྱི་མཆོག་སྤྲུལ་ཉིན་བྱེད་ལྷ་ལྡན་དུ་འདྲེན་དུས།།
རྒྱ་ནག་པོའི་མི་འདོད་གནོད་བགེགས་ཇི་ཙམ་དུ་བྱས་ཀྱང་།།
སྐུ་འཇིགས་བག་མེད་པར་བོད་མིའི་མགོན་སྐྱབས་སུ་བྱོན་སོང་།།
དགུང་ལོ་ན་གཞོན་ཡང་ཕལ་བའི་བློ་ཡུལ་ལས་འགོངས་པར།།
ཐུགས་རྩེ་གཅིག་རིག་གཞུང་གསན་བསམ་ལྷུར་བཞེས་རང་མཛད་དེ།།
སྐུའི་མཁྱེན་དཔྱོད་ཆ་ཙམ་གྱིས་ཀྱང་མཁས་རློམ་ཀུན་གཞོམ་བཞིན།།
བོད་ཆོས་སྲིད་གཉིས་ཀྱི་བདག་པོའི་སེང་ཁྲིའི་སྟེང་ཞབས་བཀོད།།
ཚུལ་དེ་ལྟ་དམར་ནག་རྒྱ་ཡིས་སྙིང་ཁོང་ནས་མ་བཟོད།།
བོད་མི་རིགས་ཡོངས་ལ་དཔག་དཀའི་གདུག་རྩུབ་རྐྱང་བཏང་སྟེ།།
གཏེར་ལ་སོགས་རིན་ཆེན་འབྱུང་གནས་བོད་ཡུལ་དེ་ཧམ་བཟུང་།།
བྱེད་འདོད་པའི་ལྐོག་ཇུས་གཟུགས་བརྙན་ཇེ་གསལ་དུ་གྱུར་ཡོད།།
དཔོན་སྲོང་བཙན་སྒམ་པོའི་རྣམ་ཐར་བདག་གིར་ཅིས་མཛད་ནས།།
སྐུའི་ན་ཚོད་ཕྲ་ཡང་ཆོས་སྲིད་འགན་དབང་ཡོངས་ལྷུར་བཞེས།།
ཕྱི་ནང་གི་དཀའ་ངལ་ཁྱད་བསད་དགྲ་སྡེར་ཁ་གཏད་པས།།
མའོ་ལ་སོགས་རྒྱ་དཔོན་ཚོགས་ཀྱི་དམིགས་འབེན་དུ་ཁྱེད་གྱུར།།
སྐུ་མཐོང་བ་དོན་ལྡན་མཆོག་ཁྱེད་ཐབས་མཁས་ཀྱི་འཕྲུལ་དེར།།
ཁྲམ་གཡོ་སྒྱུའི་རྩེར་སོན་རྒྱ་དམར་སྲིད་གཞུང་གིས་འགྲན་མེད།།
དེའི་ཚབ་ཏུ་གངས་རིའི་ཐུན་མིན་ཁྱད་ནོར་དང་རིག་གཞུང་།།
ཡོངས་རྩ་བརླགས་ཚབས་ཆེན་བཏང་བའི་སྐྱོ་གར་དེ་བསྟན་ཡོད།།
གངས་བདག་པོ་ཁྱེད་ཀྱི་འཕྲིན་ལས་ཉི་ཟེར་དང་འགྲོགས་ནས།།
རིས་མེད་ཀྱི་འཛམ་གླིང་ཡངས་པོའི་ཕྱོགས་ཀུན་ཏུ་ཁྱབ་པས།།
སྒེར་གཅོད་ཀྱི་དམར་གཞུང་དཔོན་ངན་ཁྲེལ་མེད་ཚོའི་རེ་ངན།།
བྱེ་ཐང་སྟེང་ཕབས་པའི་རིས་ལྟར་བདེ་བླག་ཏུ་གཞིལ་སོང་།།
རྒྱ་དམར་པོས་མི་སྤྱོད་ལས་འདས་གནོད་འཚེ་དང་བཙན་གནོན།།
གངས་རི་བོའི་ཡུལ་མི་བྱིངས་ལ་ལོ་མང་རིང་བྱས་ཀྱང་།།
ཕར་གནོད་ལན་ཚབ་ཏུ་གཞན་ཕན་བྱམས་བརྩེ་ཡི་མེ་ལྕེས།།
རྒྱུད་ལོག་ལྟས་བསླད་པའི་དགྲ་སྡེའི་སྙིང་ཁམས་ཀུན་བསྲེགས་སོ།།
དུས་ད་ལྟ་འཛམ་གླིང་ཆེ་དགུས་ཁྱེད་ཞབས་མཆོག་བཀུར་ཞིང་།།
ཕྱོགས་གང་སར་ཏཱ་ལའི་བླ་མའི་མཚན་སྙན་རྟག་སྒྲོག་པས།།
ཆེས་དྲང་བརྗོད་བོད་ཀྱི་བདེན་མཐའ་བརྐོས་རིས་ལྟར་གསལ་བཞིན།།
གཞིས་བྱེས་ཀྱི་བོད་མིའི་མགོན་སྐྱབས་འཛམ་གླིང་དུ་རྒྱལ་ལོ།།
བརྗིད་ཆགས་པའི་སྐུ་ཡིས་འགྲོ་བར་དགའ་དད་གཉིས་ལྷན་སྟེར།།
འཇམ་སྙན་གྱི་གསུང་གིས་བློ་རིག་གསར་བ་ཡི་སྒོ་འབྱེད།།
མཁྱེན་ཡངས་ཀྱི་ཐུགས་ཀྱིས་བྱམས་བརྩེའི་བཅུད་མངར་དེ་སྩོལ་ཞིང་།།
རྨད་བྱུང་གི་མཛད་འཕྲིན་བཟང་པོས་ཞི་བདེའི་ལམ་བཀོད་སོང་།།
བོད་ཁ་བ་ཅན་གྱི་མགོན་ཁྱེད་བཀའ་དྲིན་ཉིད་བརྟེན་ནས།།
བོད་ཆོས་སྲིད་གཉིས་ཀྱི་དགེ་མཚན་ཡར་ཟླ་ལྟར་འཕེལ་ཞིང་།།
བོད་གཞིས་བྱེས་གཉིས་ཀྱི་སྤུན་ཟླ་དགའ་དད་ཀྱིས་བརྟས་བཞིན།།
བོད་ཆོལ་གསུམ་རང་དབང་ཉི་མ་མྱུར་འཆར་ལ་ཡིད་ཕྱོགས།།
བྱམས་སྙིང་རྗེའི་རང་གཟུགས་མཆོག་གི་མཁྱེན་དཔྱོད་ཀྱི་གཏིང་མཐའ།།
ལྕེ་བརྒྱ་ཕྲག་སྤྲུལ་ནས་བརྗོད་ཀྱང་དཔོག་ཐབས་རང་བྲལ་བས།།
ཡིད་དད་གུས་བཅས་པས་ཁྱེད་བསྟོད་སྨྱུག་བསྐྱོད་ཀྱི་མཆོད་ཚིག །
མགོན་ཁྱེད་ཀྱི་སྐུ་དྲིན་སྙིང་ངོས་སིམ་མཚོན་ཕྱིར་ཕུལ་ལོ།།