འཇམ་དབྱངས་དཀར་པོ།
ཀ་དག་ཀློང་ནས་ཤར་བའི་སྙིང་རྗེའི་ལྷ།།
ཁ་ནས་བྱམས་བརྩེ་རྟེན་འབྱུང་འདོམས་པའི་གསུང་།།
ག་ལེར་འཛམ་གླིང་ཞི་བདེར་སྐྲུན་མཛད་ཐུགས།།
ང་ཅག་མགོན་ཁྱོད་ཞབས་པད་བརྟན་གྱུར་ཅིག །
ཅ་ཅོ་འདུ་འཛིར་གཡེང་བའི་ཀླད་སྟོང་དང་།།
ཆ་མེད་ས་མཐའ་ཉུལ་བའི་འཁྱམས་པོའི་བུ།།
ཇ་ཁ་ཆང་ཁ་འགྲིམས་པའི་ར་བཟི་སོགས།།
ཉ་ཉོག་ཐམས་ཅད་ཁྱོད་ཀྱི་དྲིན་གྱིས་འཚོ།།
ཏཱ་ལའི་བླ་མ་ངན་རྒུ་ཐམས་ཅད་ལས།།
ཐ་ཆད་ཉིད་དུ་སྒྲོག་པ་དམ་སྲིའི་ཁྱུ།།
ད་དུང་ཐུགས་དགོངས་དཀྲུག་མཁན་སྐབས་འཚོལ་བའི།།
ན་གཞོན་རྒན་དར་ཁྱོད་ཀྱི་དྲིན་གྱིས་འཚོ།།
པ་སངས་ལྟ་བུའི་ལྷག་བསམ་ཡོད་ཁུལ་གྱིས།།
ཕ་ལོ་དགྲ་རུ་མཐོང་བ་གླེན་པའི་བུ།།
བ་ཕྱུགས་ལས་ཀྱང་ཐབས་སྐྱོའི་ཁ་རྒོད་ཅན།།
མ་ལས་ལྷག་པར་ཁྱོད་ཀྱི་དྲིན་གྱིས་འཚོ།།
ཙ་རིས་མངའ་རིས་དབུས་གཙང་མདོ་སྟོད་སྨད།།
ཚ་གྲང་ཡུལ་མཐའ་འགྲིམས་པའི་སྐྱབས་བཅོལ་ཁྲོད།།
ཛ་དྲག་སྐབས་འདིར་ཁྱོད་ལ་སྡང་རྣམས་ཀྱང་།།
ཝ་ལེར་བསམ་ན་ཁྱོད་ཀྱི་དྲིན་གྱིས་འཚོ།།
ཞ་སྨྱུག་བཟུང་ནས་ཁྱོད་པ་དམོད་པ་དང་།།
ཟ་འོག་ཁྲི་ལས་ཁྱོད་ལ་སྡིགས་པ་སོགས།།
འ་ཅག་བོད་ཀྱི་ཁྲོད་ན་མང་མོད་ཀྱང་།།
ཡ་རབས་མགོན་པོ་ཁྱོད་ཀྱི་དྲིན་གྱིས་འཚོ།།
ར་སྐད་ལུག་སྐད་རྒྱག་པའི་རང་བཙན་པ།།
ལ་ལུང་ཕོངས་པ་སྦྱོར་བའི་ཤུགས་ལྡན་པ།།
ཤ་ཆང་བཟིི་ཁ་འགྲིམས་པའི་ཀརྨ་འཇམ་སོགས།།
ས་སྟེང་འདི་ན་ཁྱོད་ཀྱི་དྲིན་གྱིས་འཚོ།།
ཧ་ཅང་ཁྱོད་ཀྱིས་གནའ་ནས་ད་བར་དུ།།
ཨ་ཐང་ཆད་བཞིན་དྲིན་གྱིས་བསྐྱངས་ན་ཡང་།།
ཧ་ལམ་མགོ་བོ་བཀྱགས་ནས་འགྲོ་བ་འདི།།
ཨ་པོ་རང་གི་འཇོན་ཐང་ཁོ་ནར་རློམ།།
ཨ་ཨ་བོད་འབངས་ཁྱོད་ཀྱི་དྲིན་གྱིས་འཚོ།།
ཨ་ལ་ཞི་བདེ་ཁྱོད་ཉིད་ཁོ་ནས་བཏེགས།།
ཨ་ལེ་འཛམ་གླིང་བདེ་བའི་མགོན་ཉིད་དུ།།
ཨ་མདོའི་བུ་རྒོད་ཞབས་པད་བརྟན་གྱུར་ཅིག།
༧གོང་ས་མཆོག་དེ་རིང་སྐུ་ཁམས་བཟང་བཞིན་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཞབས་གསོལ་བདེ་བར་འཁོད་སོང་བ་དང་། སང་ཉིན་ཕྱི་ཚེས་༦་ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྐུའི་འཁྲུངས་སྐར་གཞུང་འབྲེལ་ཐོག་ཞུ་རྒྱུ་རེད་འདུག། གུས་པས་གཞིས་སྡོད་ཉེ་འབྲེལ་ཚང་མའི་ཚབ་ཞུས་ཏེ་སྐུའི་འཁྲུངས་སྐར་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་། བཀའ་དྲིན་བདག་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་གྲུབ་པའི་སྨོན་འདུན་སྙིང་དབུས་ནས་ཞུ་བཞིན་མཆིས་ལགས། མདོར་ན། བླ་མ་ཡིད་དམ་རྣམས་ཀྱིས་བྱིན་རླབས་དང་།། བསྟན་སྲུང་དམར་ཟོར་རྒྱལ་མོའི་མཐུ་སྟོབས་ཀྱིས་།། བདག་ཅག་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་།། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག། །།