ཀླུ་སྨྱོན།
ཁ་སང་། ངས་མི་ཞིག་ལ་དུས་ཆད་བཏབ་ཡོད།
དེ་ནི་སྒྲ་འཇུག་ཁང་གི་མི་དེ་ཡིན།
ངའི་འོད་སྡེར་སྔོན་མ་གཉིས་ཀྱང་ཁོས་སྒྲ་འཇུག་བྱས་པ་ཡིན།
འོད་སྡེར་གསུམ་པ་འདི།
གཟུངས་སྔགས་སྣ་ཚོགས་སྒྲ་འཇུག་བྱེད་དགོས།
དབྱངས་རྟ་འདྲ་མིན་ངག་ལ་གྱེར་དགོས།
ཞིབ་འདང་བརྒྱབ་ན།
ལོ་གཞོན་དུས་ང་ལ་སྐད་ངག་སྙན་མོ་ཞིག་ཡོད།
ལ་གཞས་རི་རྩེ་ནས་བླངས་དུས།
ཨ་མ་རི་གཤམ་ནས་ངུས་མྱོང་།
ལོ་ལོན་འགའ་རེས་ཀྱང་རྒས་གཉེར་བབས་པའི་མཐེ་བོང་གེར་མྱོང་།
རྗེས་སུ།
ཆོས་རྒྱལ་ལྕགས་མཁར་བའི་གྲས་སུ་བཅུག་སོང་།
རྒྱུད་སྐད་སྦོམ་པོ་དེ་སྦྱོང་དུ་བཅུག་སོང་།
བདུན་གཅིག་མུན་མཚམས་ལ་སྡོད་དུ་བཅུག་སོང་།
དེ་ནས་བཟུང་།
ངའི་དྭངས་ཤིང་སྙན་པའི་ངག་གི་དབྱངས་རྟ་དེ།
ཉི་མས་བསྲེགས་སོང་། རླུང་བུས་ཁུར་སོང་།
དེ་རིང་ང་ལ་ཤུལ་དུ་ལྷགས་པ་ནི།
འཇམ་མིན་རྩུབ་མིན་གྱི་ཕོ་སྐད་ཅིག་དང་།
ཆོས་མིན་གླུ་མིན་གྱི་བོད་དབྱངས་ཤིག
ད་དུང་ནུབ་ཕྱོགས་པ་འགའ་རེ་དགའ་སྲིད་པའི།
གཟུངས་སྔགས་ཀྱི་འགྱུར་ཁུག་ཟབ་མོ་ཞིག
རྩ་མི་ཚང་བ་ཟེར་ནས་མི་ཡིས་སྡིག་ནི་རེད་མོད། བཀའ་དྲིན་ཆེ་ཡག་པོ་བྲིས་འདུག ཕྱི་སྡོད་བོད་མོའི་རྩོམ་ཟེར་ནོ་རེད་བཟང་གི
ཆོས་རྒྱལ་ལྕགས་མཁར་བའི་གྲས་སུ་བཅུག་སོང་།
རྒྱུད་སྐད་སྦོམ་པོ་དེ་སྦྱོང་དུ་བཅུག་སོང་།
བདུན་གཅིག་མུན་མཚམས་ལ་སྡོད་དུ་བཅུག་སོང་།
དེ་ནས་བཟུང་།
ངའི་དྭངས་ཤིང་སྙན་པའི་ངག་གི་དབྱངས་རྟ་དེ།
ཉི་མས་བསྲེགས་སོང་། རླུང་བུས་ཁུར་སོང་། ་་་འདིར་ཡར་རྒྱས་མ་སོང་བར། མར་ཉམས་སོང་བ་འདི་ཅི་ཡིན་ནམ། ཨ་ཁ། འདི་ནི་བློ་་མི་བདེ་བ་དང་། ཁྱད་མཚར་པོ་ཅིག་བྱུང་བ་རེད།