དགེ་འདུན་རྒྱ་མཚོ།
སོར་བཅུའི་འདབ་མ་སྙིང་ཀར་བསྣོལ་ཏེ་གང་ལ་དམིགས་པའི་ལྷའི་དཀྱིལ་འཁོར།།
ཁྱབ་བདག་དང་པོའི་མགོན་པོ་མཆོག་ཉིད་མི་ཡི་གར་དུ་བསྒྱུར་བའི་སྲོལ།།
སེམས་འཛིན་སྲོག་གི་ཐིག་ལེ་ལ་ཞུགས་གདེངས་ཀའི་སྦུབས་རྒྱ་ཀུན་བྲལ་ཏེ།།
ལོག་ལྟའི་མགོ་བོ་ས་ལ་བསྙིལ་དེས་མི་ཕྱེད་དད་པས་ལན་བརྒྱར་འདུད།།
ཆོས་དང་སྲིད་ཀྱི་དྲོད་ཁ་དེ་ནས་ཁྱེད་ལ་དད་པའི་སྤུ་ལོང་གཡོས།།
སངས་རྒྱས་དངོས་ཀྱི་འདུ་ཤེས་དེ་ཡིས་ཁྱེད་ནི་རྩ་བའི་བླ་མར་གྱུར།།
ཆགས་སྡང་རྨོངས་པའི་འཁོར་ལོ་ལ་གནས་བདག་གི་མི་ཚེ་རྫོགས་ལ་ཉེ།།
འདི་ཕྱི་བར་དོ་གང་དུ་གནས་ཀྱང་ཁྱོད་ལས་སྐྱབས་གཞན་བདག་ལ་མེད།།
ཐུབ་པའི་བསྟན་པ་རླུང་གིས་བདས་དུས་ཁྱེད་ནི་སྟོན་པ་གཉིས་པ་ཞིག །
མི་ཡི་ཚེ་སྲོག་གྲི་ཁར་འཕྱོ་དུས་ཁྱེད་ནི་ཞི་བདེ་དེད་དཔོན་མཆོག །
མི་རིགས་རིག་གཞུང་རྨང་ནས་གསོ་བའི་སྔོན་མེད་ཤིང་རྟ་ཆེན་པོ་སྟེ།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་སྙིང་ཁུང་རུས་པའི་གཏིང་ནས་ཕུལ།།
སྔ་རབས་བོད་དུ་རོང་སྟོན་ཆེན་པོས་ནཱ་ལེནྡྲ་ཡི་བཀོད་པ་མཛད།
བཤད་སྒྲུབ་ཆར་ཆེན་ཀུན་ལ་ཕབ་ནས་མཁའ་སྤྱོད་ཞིང་དུ་མངོན་སངས་རྒྱས།
དེང་སྐབས་གླིང་འདིར་༧ཡིད་བཞིན་ནོར་བུས་ནཱ་ལེནྡྲའ་ཡི་བསྟན་པ་སྤེལ།
སྐུ་ཚེ་མི་འགྱུར་གཡུང་དྲུང་ཁམས་སུ་བསྟན་འགྲོའི་དོན་ཆེན་རྒྱས་པར་ཤོག།
བན་བོན་གྲུབ་མཐའི་ཕྱོགས་ལྷུང་ཆེ་ཡང་ཁྱེད་ནི་དབུས་གནས་དབུ་མ་པ།།
ཆོས་བརྟྱུད་ལྟ་བའི་ཁ་མཆུ་རྒོལ་ཡང་ཁྱེད་ནི་དབུས་གནས་དབུ་མ་པ།།
ཆོལ་ཁ་ལུང་ཚན་ཐེན་འཁྱེར་སྡུག་ཀྱང་ཁྱེདནི་དབུས་གནས་དབུ་མ་པ།།
རྒྱ་བོད་སྲིད་ཀྱི་འཐབ་རྩོད་རྣོ་ཡང་ཁྱེད་ནི་དབུས་གནས་དབུ་མ་པ།།
ཆགས་སྡང་བློ་ལ་བདེན་ཁ་མི་སྦྱིན་གཟུར་གནས་རིགས་པའི་སྲོལ་ལ་བརྟེན།།
འཇིག་རྟེན་གསུམ་པོ་ཞབས་ཀྱིས་བཀྱགས་ཀྱང་རང་མཐོང་ང་རྒྱལ་ཁྱོད་ལ་མེད།།
ལྟ་བ་རྟེན་འབྱུང་ཐུགས་ལ་ཤར་ནས་འཚེ་མེད་སྤྱོད་པའི་གཏམ་བཟང་སྒྲོག།
འཛམ་གླིང་གོ་ལའི་ཁྱིམ་གྱི་བདག་པོ་རྣམ་འདྲེན་སྟོང་གི་ཕོ་ཉ་ཡིན།།
རྟ་གཟམ་སྐུ་གཤེན་ཡབ་ཀྱི་སྲས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག།
བཀའ་གདམས་གྲུབ་མཐའི་ཤིང་རྟ་ཆེན་པོར་ཁ་བའི་ལྗོངས་སུ་སེང་ལྟར་བརྗིད།
བསྟན་དང་སྟོན་པ་འདི་ལ་འབྲེལ་བའི་དགའ་ལྡན་ལུགས་བཟང་ཕྱོགས་ཀུན་ཁྱབ།
རིང་ལུགས་གཙང་མ་སྐྱོང་ལ་དཔའ་བའི་༧ཕྱག་ན་པད་མོ་དུས་ཀུན་རྒྱལ། །
རྟ་གསུམ་སྐུ་གཤེན་ཡབ་ཀྱི་སྲས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག།
བཀའ་གདམས་གྲུབ་མཐའི་ཤིང་རྟ་ཆེན་པོར་ཁ་བའི་ལྗོངས་སུ་སེང་ལྟར་བརྗིད།
བསྟན་དང་སྟོན་པ་འདི་ལ་འབྲེལ་བའི་དགའ་ལྡན་ལུགས་བཟང་ཕྱོགས་ཀུན་ཁྱབ།
རིང་ལུགས་གཙང་མ་སྐྱོང་ལ་དཔའ་བའི་༧ཕྱག་ན་པད་མོ་དུས་ཀུན་རྒྱལ། །