སོག་མདའ།
ངོ་མཚར་རྟགས་དང་བཅས་དེ་སྐུ་བལྟམས་པས།།
ཤར་ཕྱོགས་མདོ་སྨད་སྟག་འཚེར་ཁྱིམ་གཞིས་ནས།
འཛམ་གླིང་ཞི་བདེའི་དེད་དཔོན་བླ་མེད་མཆོག །
བསམ་བཞིན་ཡུལ་འདིར་འཁྲུངས་པས་སྐལ་བ་བཟང་།།
ངོ་མཚར་འཁྲུལ་བྲལ་ཁྱེའུ་མཚན་དཔེའི་སྐུ།།
ཡབ་ཡུམ་བྱམས་བརྩེས་ཕྱུག་པའི་རིགས་སྲས་ཤིག །
༸རྒྱལ་མཆོག་མི་ཡི་ཉི་མའི་ཡང་སྲིད་ལ།།
ལྷ་ལྡན་གསེར་གྱི་ཁྲི་ལ་རབ་ཏུ་འགྱིངས།།
ངོ་མཚར་གང་སྐུའི་ལང་ཚོ་ཆེས་ཕྲ་ཡང་།།
བསིལ་ལྡན་ཁ་བ་རི་བའི་བདེ་སྡུག་ཆེད།།
ཆོས་སྲིད་ཟུང་གི་ཐུགས་འགན་ཡོངས་བཞེས་ཏེ།།
ལམ་བཟང་གསེར་གྱི་འཁོར་ལོས་ཁ་ལོ་བསྒྱུར།།
ངོ་མཚར་བྱིན་རླབས་བརྩེ་བའི་འོད་སྣང་གིས།།
དགྲ་གྲོགས་ཀུན་ལ་ཕན་པའི་ཞི་བདེའི་དཔལ།།
གཉིས་ཕན་དབུ་མའི་ལམ་བཟང་རིན་ཆེན་མཆོག །
འཛམ་གླིང་ཞི་བདེ་ཡོང་བར་གླིང་འདིར་བསྐྲུན།།
ངོ་མཚར་རྣམ་དཔྱོད་རིག་པའི་ཡོ་ལང་གིས།།
ཚན་རྩལ་རིག་པའི་དཔལ་དང་ནང་པའི་ཆོས།།
སྙན་གྲགས་འཛིན་མའི་ཁྱོན་གྱི་མཁས་དབང་ལྷན།།
དོན་གྱི་བརྡར་ཤ་གཅོད་མཁན་གང་སྐུ་འཕགས།།
ངོ་མཚར་འཛམ་གླིང་ཤར་ནུབ་མ་ལུས་ཀུན།།
གང་སྐུའི་གསེར་གྱི་ཉི་མའི་འོད་སྣང་གིས།།
བླང་དོར་གནས་ལུགས་རྨོངས་པའི་སྐྱེ་འགྲོ་ཀུན།།
གསུང་གི་བདུད་རྩིས་ཚིམ་མཛད་གངས་རིའི་མིག །
ངོ་མཚར་སྤྱན་རས་གཟིགས་དབང་མི་ཡི་མགོན།།
གངས་ཅན་ཆོས་ལྡན་བོད་ཀྱི་ཞིང་ཁམས་སུ།།
གྲུ་འཛིན་ཕོ་བྲང་གསེར་གྱི་ཁྲི་འཕང་ལ།།
མི་རིང་མྱུར་ཏུ་ཕེབས་པའི་འོད་སྣང་སྩོལ།།
༢༠༡༣་༧་༥་ཉིན་རང་ཤག་ནས་བྲིས།
བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།