སྐྱབས་བཅོལ་སྤྱི་ཚོགས་འདི་གནས་སྤོར་བྱེད་རན་འདུག
སྐར་ཁྲི་བཙན།
ང་ཚོས་བཙན་བྱོལ་སྤྱི་ཚོགས་འདིའི་འདས་ཟིན་པར་ཕྱིར་མིག་ཐེངས་གཅིག་བྱས་པ་
ཡིན་ན། ཡིད་ལ་འཆར་བ་ནི་སྐུ་ངོ་ཆེ་གེ་མོ་དག་གི་ཚིག་རྙིང་བསྐྱར་ཟློས་དེ། འཛམ་བུ་
གླིང་འདིའི་སྒང་ནས་ང་ཚོ་སྐྱབས་བཅོལ་བ་གཞན་དང་མ་འདྲ་བར་སྲ་ཐག་ཐག་གི་
བཙན་བྱོལ་གཞུང་ཞིག་ཆགས་ཡོད་རེད་ད། ཧ་གོ་སོང་ང་། ངོ་མ་རེད་མི་ལོར་ལྔ་བཅུའི་
རིང་དཀའ་ལས་རྒྱབ་པའི་འབྲས་བུ་ཞིག་ལ་རྩི་ཆོག་གི་རེད། ཡིན་ན་ང་ཚོར་ངེས་པར་
དུ་འཐུས་སྒོ་ཚང་བའི་སྐྱབས་བཅོལ་གཞུང་ཞིག་དགོས་པ་གལ་ཆེན་ཡིན་ཡང་། གཞུང་
ངོས་ནས་དེ་ཙམ་དང་། སྒེར་སྟེང་ནས་ཐོག་བརྩེགས་ཁང་པ་ཞིག་སྟབས་ལེགས་པ་ཙམ།
མི་ཚང་རེཟུང་གིས་བཟའ་མི་བུ་ཕྲུག་ཚོ་ཕྱི་རྒྱལ་ལ་སྐྱེལ་ཐུབ་པའི་ལམ་ཁ་ཞིག་རྙེད་པ་
ཙམ་གྱིས་་བོད་པ་སྤྱི་ཡོངས་ལ་ཕན་པའི་འབྲས་བུ་ཞིག་ཏུ་འདོད་ཐུབ་ཀྱི་མི་འདུག རྒྱ་
གར་ནང་གནས་ཚང་གཡར་ནས་མི་ལོ་ལྔ་བཅུའི་རིང་། གོང་བུ་གཅིག་ཏུ་སྒྲིལ་བའི་
གཞུང་ཞིག་བསྐྲུན་ཡོད་ཀྱང་། བོད་ཕྲུག་རང་གི་སྐད་དང་ཡི་གེ་སྦྱངས་ས་མིང་ཙམ་གྱི་
སློབ་གྲྭ་ཁག་བདུན་བཅུ་བརྒྱ་བཅུ་ཞིག་བཞེངས་ནུས་ཡོད་ཀྱང་། དེ་མིན་གཞུང་འབྲེལ་
མིན་པའི་ཚོགས་པ་ཁག་འདྲ་མིན་གསར་འཛུགས་བྱས་ཐུབ་ཡོད་ཀྱང་། ད་ལྟ་ང་ཚོའི་
མིག་མདུན་ན་ལྷང་ངེར་གསལ་བ་ནི། རྒྱ་ནག་གི་སྟོབས་ཤུགས་དྲག་རླུང་དེ་གོ་ལ་ཡོངས་
སུ་གཡུག་བཞིན་པའི་སྐབས་དེར། ང་ཚོའི་ཆབ་སྲིད་ཀྱི་ལས་དོན་རླུང་ཁའི་མར་མེ་ལྟ་
བུར་འགྱུར་བཞིན་ཡོད་པ་འདི་རེད། འདས་ཟིན་པས་མི་ལོ་ལྔ་བཅུའི་རིང་རྒྱ་གར་གྱིས་ང་ཚོ་
ལ་གནས་ཚང་གཡར་བ་འདི་བཀའ་དྲིན་ཆེན་པོ་མ་རེད་བཤད་ཀྱི་མེད་ལ། བགྲང་བྱ་ལྔ་
བཅུའི་རིང་བོད་པ་རང་གིས་མ་འཇོན་པ་ལས་རྒྱ་གར་ལ་ལེ་དེད་བྱ་ཡང་འདོད་ཀྱི་མེད།
དཔེར་ན། བོད་མི་རང་གི་སྐད་ཡིག་བེད་སྤྱོད་ནས་འཕྲིན་ཡིག་ཞིག་དང་སྙན་ཞུ་སྤས་
དག་ཅིག་འབྲི་བའི་ནུས་པ་ཕར་ཞོགས། ཐ་ན་རང་སྐད་གཙང་མ་བཤད་པའི་ནུས་པ་
མེད་པར་བསྲེ་སྐད་རྐྱང་རྐྱང་རྒྱག་མཁན་གྱི་བཙན་བྱོལ་སྤྱི་ཚོགས་ཁེངས་འདུག་ཡོད་པ་
དེས། མ་འོངས་བོད་འདི་གོ་ལ་འདིའི་སྟེང་དུ་ཡུན་རིང་གནས་ཐུབ་མིན་གྱི་འགག་རྩར་
ཐུག་ཡོད་རེད། ཡིན་ཡང་ཁ་བདེ་མགོ་བདེ་ཁོ་ནར་བྱང་ཆུབ་པའི་འབྲེལ་ཡོད་ལས་སྣེ་བ་
རེ་ཟུང་སྒེར་དོན་ལ་སེམས་པ་མི་ཁོམ་པ་ལས། སྤྱི་བའི་ལས་དོན་ལ་ལྷག་བསམ་དང་
འཇོན་ཐང་མེད་པ་གསལ་བོ་རེད་མོད། ད་དུང་ཁུང་ལུང་མེད་པའི་གནས་ལུགས་མང་
པོ་བགྲངས་དང་བགྲང་བཞིན་འདུག་ག དེ་མིན་བོད་ནས་འབྱོར་བ་ཚོ་ལ་ལོ་མང་རིང་
གནས་སྡོད་བྱེད་སའི་སྐྱབས་བཅོལ་གྱི་ཁུངས་ཤིག་ཐབས་ཤེས་འཐེན་པ་ཕར་ཞོགས། ཐ་
ན་སྐྱབས་བཅོལ་ལག་འཁྱེར་ཙམ་ཞིག་བཟོ་བའི་ནུས་པ་དང་རོགས་པ་མེད་པ་འདིས་ང་
ཚོའི་ཆབ་སྲིད་ཀྱི་ལམ་ཁར་གནོད་པ་ཚབ་ཆེན་བཟོས་ཡོད་པ་ཡང་གསལ་བོ་རེད།
གསར་འབྱོར་བ་མི་ཉུང་བ་ཞིག་རྒྱ་གར་ལུང་པ་ནས་འགྲོ་ས་འདུག་ས་མེད་པར་འཚོ་
བར་དཀའ་ངལ་འདྲ་མིན་ཕྲད་ནས་ཕྱི་གླིང་བུ་མོར་འགྲོགས་པ་དང་ཡེ་ཤེས་ཆོས་ལུགས་
སོགས་ཚོགས་པ་འདྲ་མིན་ནང་འཛུལ་བཞུགས་བྱས་དང་བྱ་བཞིན་པ་མ་ཟད། ཐ་ན་རྒྱ་
ནག་གཞུང་ཚབ་ལ་འགོ་འདོགས་བྱེད་མཁན་ཡོད་པ་འདི་དག་གཞུང་འབྲེལ་ལས་སྣེ་བ་
ཚོས་ཧ་གོ་གི་མེད་པར་ཡ་མཚན་སྐྱེ་དགོས་པ་ཞིག་རེད་ལ། ཞིབ་ཏུ་གཞིག་ན་ཁ་ནས་༸
གོང་ས་མཆོག་འབོད་པ་མ་གཏོགས་དོན་དམ་ཚིག་ག་འདྲ་ཡོད་པ་གསལ་བོ་རེད།
ཁ་ནས་བོད་དོན་བོད་དོན་ཞེས་པ་མ་གཏོགས་དོན་ལ་བོད་སྤྱི་བར་ལྷག་བསམ་ག་འདྲ་
ཡོད་མེད་གསལ་བོ་རེད། ད་དུང་རྒྱ་གར་ནང་འཚར་ལོང་བྱུང་བའི་བུ་མོ་མི་ཉུང་བ་
ཞིག་ཁྱིམ་ཚང་ནང་གི་དཔལ་འབྱོར་གནས་སྟངས་སྐྱོ་དྲག་པས་མཐོ་སློབ་སྐབས་སྨད་
བཙོང་གི་ལས་ཀར་ཞུགས་པ་དང་རྗེས་སུ་སློབ་མཐར་ཕྱིན་རྗེས་ཕྱི་རྒྱལ་བ་དང་འཆང་
ས་རྒྱག་པའི་ཐབས་ཤེས་སྣ་ཚོགས་བྱས་དང་བྱ་བཞིན་པ་དེས་ཀྱང་བོད་པའི་བདེན་
མཐའ་སེལ་བ་དང་རིགས་རྒྱུད་གཙང་མ་སྤེལ་བར་འགོག་རྐྱེན་ཚབ་ཆེན་བཟོ་བཞིན་པ་
དངོས་ཡོད་གནས་ལུགས་ཁོ་ན་ཡིན་ནོ། འདས་ཟིན་པའི་འཐུས་ཤོར་དག་ལ་བསམ་
གཞིན་ནན་མོ་ཞིག་བྱ་བ་ལགས་ན། གཉན་འཕྲང་གི་དུས་སྐབས་འདི་ནས་ང་ཚོར་མིང་
གི་ལྷག་མ་ཙམ་ཡོད་པ་སླར་གསོ་དང་རྒྱུན་སྐྱོང་དགོས་ན་སྐྱབས་བཅོལ་སྤྱི་ཚོགས་ཀྱི་
གནས་སྟངས་ལ་འགྱུར་བ་གཏོང་རན་རེད་འདོད་བྱུང་། ཕྱོགས་གཞན་ཞིག་ནས་གླེང་བ་
ཡིན་ན། ང་ཚོས་རྒྱ་དཀར་ནག་གཉིས་ཀྱི་གནས་སྟངས་ལ་ལྟ་དགོས་ཧ་ཅང་གལ་ཆེན་
ཡིན་པས། མ་འོངས་བར་བོད་ཀྱི་བདེན་མཐའ་སེལ་བར་རྒྱ་གར་གྱི་ངོས་ནས་ཕན་མི་
ཐོགས་པ་མིག་མཐོང་ལག་ཟིན་དུ་འདོད། རྒྱ་ནག་ལ་སྐྲག་བཞིན་པའི་རྒྱལ་ཁབ་འདིས་
ལ་ད་དུང་མི་མཐུད་དུ་ཡིད་ཆེས་བྱེད་ན་མི་འོས་པར་སྣང་། རྒྱ་ནག་ལ་སྐྲག་དྲག་པས།
ང་ཚོ་ལ་ཆག་འཇིགས་བྱུང་བའི་སྔོན་གྱི་ལོ་རྒྱས་ཀྱི་འགོ་ནས་རྒྱ་གར་གྱིས་བོད་འདི་རྒྱ་
ནག་གི་ཁོང་གཏོགས་ཡིན་པའི་བདེན་དཔང་བྱས་མྱོང་ཡོད་ལ། གཉན་འཕྲང་ཅན་གྱི་
ལོ་རྒྱུས་ཀྱི་མཇུག་འདི་ནས་ང་ཚོ་རྒྱ་གར་བས་རྒྱ་ནག་དང་ངན་འབྲེལ་བྱེད་ནས་མེད་པ་
བཟོ་མི་སྲིད་པ་མ་རེད་འདོད་ཀྱིན་ཡོད། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་རྒྱལ་སྤྱིའི་སྤྱི་
ཚོགས་སྟེང་གི་བཙན་བྱོལ་བོད་པའི་མཚན་སྙན་མེད་པ་བཟོ་བ་དེ་རེད། ད་ལྟ་རྗེ་༸གོང་
ས་མཆོག་གི་མཛད་འཕྲིན་རྒྱས་བཞིན་པའི་གོ་སྐབས་འདི་དམ་འཛིན་བྱས་ནས་སྐྱབས་
བཅོལ་སྤྱི་ཚོགས་འདི་རྒྱ་ནག་ལ་རེ་ལྟོས་དང་འཇིགས་སྐྲག་མི་དགོས་པའི་སྟོབས་ཆེན་
རྒྱལ་ཁབ་ཞིག་ཏུ་གནས་སྤོར་གྱི་ཐབས་ལམ་འཚོལ་རན་རེད་འདོད་བྱུང་། གལ་སྲིད་ང་
ཚོ་རང་དབང་ལྡན་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་ནས་རྒྱ་གར་ནང་མི་ལོ་ལྔ་བཅུར་
གནས་སྡོད་པ་བཞིན་གོང་བུ་གཅིག་ཏུ་སྒྲིལ་ནས་མུ་མཐུད་དུ་བདེན་མཐའ་སེལ་བར་
འབད་བརྩོད་བྱེད་པས་ན་ངས་གོང་དུ་བཤད་ཟིན་པས་འཐུས་ཤོར་ཆ་ཚང་སླར་གསོ་
ཐུབ་པར་འདོད་ཀྱིན་ཡོད།།
དུས་བབ་དྲ་སྟེང་་གི་མཆན་དག
སྨར་དྷི་ཟེར།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། ཁྱེད་ཀྱི་བཤད་པ་ཚང་མ་དྭང་ལེན་ཐུབ་ཀྱི་མི་འདུག་སྟེ་ཡག་པོ་བཤད་༷འདུག་ལྷག་པར་དུ་དངོས་ཉིད་སེམས་ཚོར་ཆེན་པོ་དང་འཚོར་བ་རྣོན་པོས་ཐོག་ནས་འདི་ལྟ་
བཤད་པ་དགའ་བསུ་ཡོད་མུ་ཐུད་བཀླག་འདོད་ཡོད།
ཤ་ཀླན་འཇམ་དབྱངས་གྲགས་པ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། སྐར་ཁྲི་བཙན་ལགས་ཀྱིས་འབྱོར་པོ་ཞིག་བྲིས་འདུག འདི་ད་ལྟའི་འུ་ཚང་གི་གནས་སྟངས་ལ་ཧ་ཅང་འབྱོར། མདུན་གྱི་བསམ་ཚུལ་གླེང་སྟེགས་སུ་ཐོངས་། ད་དུང་ཁ་བརྡའི་དྲ་བར་ཐོངས། ཡིན་ཡང་འུ་ཚང་གང་ཞིག་ཏུ་གནས་སྤར་དགོས། ནུབ་གླིང་དང་ཤར་ཕྱོགས་རྒྱལ་ཁབ་གང་ཞིག་ཏུ་ཡིན། ནུབ་གླིང་དུ་གནས་སྤར་ན་གཞོན་སྐྱེས་རྣམས་རྒྱ་གཡེང་དུ་ཤོར་ཨེ་འགྲོ། དེའང་བསམ་གཞིག་བྱེད་དགོས་པ་ཞིག་ཏུ་འདོད།
གྲོགས་པོ་ལགས་ལ་གཞན་ཞིག་ཞུ་རྒྱུར་ངའི་གོང་གི་འབྱོར་པོ་ཞེས་པའི་ཚིག་དེ་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ནས་མཐོང་བྱུང༌། དེ་ནི་ངའི་ཕ་ཡུལ་གྱི་ཁ་སྐད་ཀྱང་ཡིན་པས་དགེ་ཆོས་ཀྱིས་སྙན་ངག་ཤེས་དགོས་ན་ཡུལ་གྱི་ཁ་སྐད་ཤེས་དགོས་ཞེས་པ་དེ་ལའང་ངེས་ཤེས་ཅུང་སྐྱེས་སོང༌།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་རྣམ་གཉིས་ཕེབས་པརདགའ་བསུ་ཞུ།
བསམ་ཚུལ་གསུངས་བར་དེ་བས་ཀྱང་ཐུགས་རྗེ་ཞུ།
དྲ་གྲོགས་ཤ་ཀླན་འཇང་དབྱང་གི་དགོངས་ཚུལ་ལ་ངས་སྔོན་མ་བསམ་བློ་མང་པོ་བཏང་མྱོང་ཡོད། རྒྱ་གར་ནང་ནས་གཞོན་སྐྱེས་མང་ཆེ་བར་ལས་ཀ་མེད་པར་ཐ་མ་ནག་པོ་འཐེན་མཁན་མང་པོ་ཡོད་རེད། དེ་མིན་ངས་གོང་དུ་བཤད་ཚར་བ་བཞིན་གཞོན་སྐྱེས་མང་པོ་ཞིག་ལ་འཚོ་བའི་དཀའ་ངལ་མང་པོ་ཞིག་གིས་སེམས་རྣལ་དུ་ཕབས་མི་ཐུབ་པའི་དཀའ་ངལ་གྱིས་བོད་དོན་ལ་རང་འགུལ་གྱི་སེམས་ཤུགས་ཆགས་བཞིན་པར་གཞིག་ན་གལ་སྲིད་ཐོནས་་ཞིག་ཏུ་ཐོན་སོང་ན་གཅིག་ནས་རང་ངོས་ཀྱི་འཚོ་བའི་དཀའ་ངལ་སེལ་ནུས་པ་དང་གཉིས་ནས་བོད་ནང་ཁུལ་གྱི་རང་གི་ཕ་མ་ཉེ་འབྲེལ་ཚོ་ལ་ཕན་ཐོགས་ངེས་པར་འདོད་བྱུང་། གཙོ་ཆེ་བ་སྤྱི་ཚོགས་གཅིག་རྡོག་རྡོག་བཟོ་དགོས་པ་དེ་རེད་ལ་གལ་སྲིད་དེ་ལྟར་བྱེད་ཐུབ་ན་རྒྱ་གར་ནང་ལས་ལྷག་མ་གཏོགས་སྡུག་མིན་པར་འདོད་ཀྱིན་ཡོད།
ཤ་ཀླན་འཇམ་དབྱངས་གྲགས་པ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། སྐར་ཁྲི་བཙན་ཕོ་ལ་གནས་ལུགས་འདུག ངོ་མ་དེ་ལྟར་བྱུང་ན་གནས་སྟངས་འགྱུར་སྲིད།
རི་སྤྱང་སྔོན་མོ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། ཡག་པོ་འདུག་ཡག་པོ་འདུག་གྲོགས་པོ་གྲོགས་ལགས་མུ་མཐུད་དུ་ ང་ཚོ་སྤུན་ཟླ་ཆ་ཚང་དུས་ནམ་ཡང་དཔུང་རྡང་གཅིག་སྒྲིལ་ཡིན་དུས་གཏན་དུའང།
ང་རང་རྐྱ་བ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་སྐར་ཁྲི་བཙན་ལགས། ཁྱོད་ཀྱི་རྩོམ་ཡིག་འདི་མཐོང་ཡོང་དུས་ཁྱོད་ནི་ཁ་ཞེ་གཉིག་མེད་ཀྱིས་རང་རེའི་མི་རིགས་འདི་ལ་ཞེན་པ་དཀར་ཞིང་སེམས་ཁུར་ཡོད་མཁན་ཞིག་ཡིན་གསལ་བོར་མཐོང་སོང་། ཡིན་ནའང་། གནས་གཞན་ཞིག་ལ་སྤོར་རྒྱུ་དེ་འདྲའི་སླ་མོ་ཞིག་མིན་ལ་ང་ཚོ་རང་དབང་གིས་སྤོར་ཆོག་ཆོག་ཏུ་ཡོད་རྒྱུ་མ་རེད། གལ་ཏེ་སྤོར་དགོས་ཚེ་རྒྱ་གར་ལ་ཕོགས་ཐུག་ཆེན་པོ་ཞིག་གཏོང་དགོས་རྒྱུ་རེད་བསམ་གི
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་ཤ་ཀླན་ཡང་བསྐྱར་ཡོང་ནས་བསམ་ཚུལ་གསུངས་བར་ཐུགས་རྗེ་ཞུ
དྲ་གྲོགས་རི་སྤྱང་སྔོན་མོ་ཕེབས་པར་དགའ་ནས་ཡོད། རྗེས་མར་དྲ་གྲོགས་ཚོ་དཔང་རྡང་མཉམ་སྦྲེལ་བྱེད་པ་གལ་ཆེན་དུ་མཐོང་བས་ཁྱེད་ཀྱི་དགོངས་་ཚུལ་ལའང་ཡི་རང་ཡོད།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་རང་སྐྱ་བར་ཕེབས་པར་དགའ་བསུ་ཞུ། ཁྱེད་ཀྱི་གསུངས་བར་གནས་ལུགས་འདུག ང་ཚོ་བློ་བུར་དུ་སྤོར་དགོས་ཚེ་ལས་སླ་བོ་མེད་པ་དངོས་ཡོད་རེད། ཡིན་ན་རྒྱ་གར་ལ་ཕོགས་ཐུག་མི་འགྲོ་བའི་ཐབས་ཤེས་ཡོད་རེད། ཁྱིམ་ཚང་སྐྱོ་བོའི་ནང་མི་རེ་རེ་གཏོང་བ་དང་དེ་མིན་གཞི་ཆགས་ཀྱི་ས་ཁུངས་མེད་པ་ཚོ་མཉམ་གཏོང་བྱས་ན་གཅིག་ནས་རྒྱ་གར་ལ་ཕོགས་ཐུག་འགྲོ་གི་མ་རེད་ལ་གཉིས་ནས་གཞི་ཆགས་ཁུལ་གྱི་སྐྱོ་བོ་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད་པར་སྣང་། རྒྱ་གར་བལ་ཡུལ་ནང་བཙན་བྱོལ་དུ་འཚར་ལོང་བྱུང་བ་མང་པོ་ཞིག་དང་བོད་ནས་འབྱོར་བ་མང་པོ་ཞིག་ལས་ཀ་མེད་པ་དང་འཚོ་བའི་དཀའ་ངལ་འདྲ་མིན་གྱི་གནོད་ཤུགས་ཀྱིས་འཕྲོ་བརླག་ཏུ་འགྲོ་བཞིན་པས། བོད་པའི་ཕྲུ་གུ་འམ་བོད་པ་གཅིག་འཕྲོ་བརླག་ཏུ་སོང་ན་མི་ཚང་སྒེར་གཅིག་པོ་མིན་པར་བོད་མི་ས་ཡ་དྲུག་གི་གྱོང་གུད་ཡིན་པས། དབུལ་བོའི་རྒྱལ་ཁབ་ཞིག་ནས་མི་ཚེ་འཕྲོ་བརླག་ཏུ་གཏོང་བཅུག་ལས་འབྱོར་ལྡན་རྒྱལ་ཁབ་ཞིག་ཏུ་ཐབས་ཤེས་འཐེན་པའི་མཐུན་སྦྱོར་གནང་ན་བོད་དོན་ལ་ཕན་པ་ལས་གནོད་ཀྱི་མ་རེད་འདོད་བྱུང་། དཔལ་འབྱོར་གྱི་འགྲན་རྩོད་ཆེ་བའི་ཉི་མ་དེ་རིང་ལ་མཚོན་ན་མི་རང་གི་འཚོ་བ་དཀའ་ངལ་ཡོད་པ་ཞིག་གིས་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་བྱེད་རྒྱུ་ཟེར་ན་སུ་ཞིག་གི་སྣང་བར་མི་འགྲོ་བའི་སྐད་ཆ་ལ་འདོད། གྲོགས་པོ་ཁ་ཁེར་གྱིས་ང་འདི་ལྟར་བཤད་མྱོང་། རྒྱ་གར་གྱི་རང་བཙན་འཐབ་རྩོད་སྐོར་གྱི་དཀའ་ལ་གདོང་ལེན་ག་འདྲ་བྱས་ཡོད་དང་། རྒྱ་ནག་དམར་ཤོག་པས་སྲིད་དབང་བཙུགས་པར་དཀའ་ལས་ག་འདྲ་རྒྱབ་ཡོད་སོགས་གླེང་ཡོང་གི། དེ་ངོ་བོའི་ཆ་ནས་བཤད་ན་རེད། ཡིན་ན་དུས་རབས་དང་གནས་སྟངས་ཀྱི་ཆ་ནས་རྩ་བ་ནས་མཐུན་གྱི་མ་རེད། དབུལ་ཕུངས་ཀྱི་འཚོ་བ་ཞིག་ལ་འགྱུར་ལྡོག་གསར་བ་ཞིག་ལེའུ་དང་། དུས་རབས་ཉེར་གཅིག་པའི་དཔལ་འབྱོར་གྱི་རླུང་འཚུབ་གཡུག་པའི་དེ་རིང་གཉིས་རྩ་བན་བསྡུར་ཐབས་མེད་པར་འདོད།
བྲག་འགོ་དཀོན་མཆོག་དར་རྒྱས།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། བཀླགས་ཟིན།
བཀྲ་ཤིས་བདེ་ལེགས།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་བྲག་མགོའི་བུ་ཕེབས་པར་དགའ་བསུ་ཞུ
ཁ་རུ་ཁ་ཐུག
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། མི་སྒེར་རེ་ཟུང་གི་ཤུགས་རྐྱེན་ངན་པ་དང་གཞུང་གི་འཐུས་ཤོར་སོགས་ཀྱི་རྐྱེན་པས་ང་ཚོར་ད་དུང་ཡང་སྲ་ཐག་ཆོད་པའི་སྲིད་གཞུང་བརྟན་པོ་ཞིག་དང་རང་ཚུགས་ལྡན་པའི་མི་མང་ཡ་རབས་ཤིགལྷག་པར་དུ་ལྷག་བསམ་དཀར་བའི་གཞུང་ཞབས་རྣལ་མ་ཞིག་མེད་པ་རེད།གང་ལྟར་འདིའི་གནད་རྩ་ཡང་མི་བུ་རང་ཉིད་ནས་འགོ་རྩོམ་དགོས་པ་དེ་ཡིན་པས།གནད་འགག་ཟིན་པར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེར་སྙམ།
གཅན་བཟོད་རྒྱམ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། ངས་གོ་ཐོས་ལ་སྐྱབས་བཅོལ་བོད་གཞུང་འདི་གནས་སྤོ་བྱ་རྒྱུའི་སྐོར་ལ་གྲོས་བསྡུས་ཤིག་བྱས་རབས་འདུག་ལ། སྣེ་ལེན་ཁང་དང་བདེ་སྲུང་གཉིས་གནས་སྤོ་བྱས་ན་དཀའ་ངལ་ཅུང་ཡོད་སྐོར་ཡང་བཤད། གནས་སྤོ་བ་གཅིག་པོ་ད་ཧ་ཅང་དཀའ་བ་རང་མི་འདུག་སྙམ་མོད། གནས་སྤོས་རྗེས་བྱ་བ་བྱེད་དཀའ་སླའི་ཁྱད་པར་ལ་ད་ནས་བསམ་བློ་གཏོང་དགོས་པ་ལོས་ཡིན། གལ་སྲིད་ཨ་རི་ལྟ་བུ་ལ་གནས་སྤོས་བྱས་ན། བོད་ནས་སྐྱབས་བཅོལ་བ་ཚོ་མུ་མཐུད་ནས་ཡོང་རྒྱུར་ཧ་ཅང་དཀའ་ངལ་ཡོད་པ་དངོས་ཡོད་རེད། ངས་བསམས་ན་བོད་པ་སྐྱབས་བཅོལ་གཞུང་འདི་རྒྱ་གར་དུ་བརྟན་པོར་འདུག་ཐུབ་པ་འདི་དངོས་གནས་བཟང་གི་འདོད་ཀི གཅིག་ནས་རྒྱ་གར་ནི་རང་དབང་གི་ལུང་པ་ཆེན་པོ་ཞིག་ཡིན་པ་དང་། བོད་དང་ཁ་ཐག་ཉེ་བ། དམངས་གཙོའི་ལུང་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་བའི་རྐང་སྟེགས་བཟང་པོ་ཡིན་པ། རྒྱ་ནག་གི་དབང་ཤུགས་མེད་ལ་སླེབས་ཀྱང་མི་ཐུབ་པ་མ་ཟད། བལ་ཡུལ་ལའང་རྒྱ་གར་གྱི་དབང་ཤུགས་ཧ་ཅང་ཆེ་བས་བལ་ཡུལ་བརྒྱུད་རྒྱ་གར་དུ་འགྲོ་བར་ས་མཚམས་སུ་བཀག་སྡོམ་མེད་པ་ཡིག་ཆ་གང་ཡང་མེད་པའི་སྐྱབས་བཅོལ་བོད་མི་ཚོར་ཆ་རྐྱེན་ཅི་ཡང་མེད་པར་རྒྱ་གར་དང་བལ་ཡུལ་དུ་གང་བྱུང་འགྲོ་སྐྱོད་དང་འདུས་སྡོད་བྱས་ཆོག་པ་སོགས་སྐྱབས་བཅོལ་བོད་མི་འདུག་ས་ཞིག་རེད་འདོད་ཀི གཞན་མང་པོ་མི་ཤེས་ཡ།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་རང་སྐྱ་བ་ཕེབས་པ་དང་བསམ་ཚུལ་གསུང་བར་ཐུགས་རྗེ་ཞུ
རེད་ཡ་ཁྱེད་ཀྱི་གསུངས་བ་ངོ་མ་རེད། ང་ཚོ་མི་བུ་རང་ངོས་ནས་གནས་ལུགས་ཡིག་ཐོག་ཏུ་བཀོད་ནས་སྤྱི་ཚོགས་ལ་རང་ནུས་གང་ཡོད་འདོན་རྒྱུ་དེ་རེད། རེད་དེ་བོད་པའི་སྤྱི་ཚོགས་ལ་གོམས་གཤིས་ངན་པ་ཞིག་འཇགས་ཟིན་པ་སྟེ་སྐད་ཆ་བཤད་མཁན་གྱི་མིའི་གྲལ་རིམ་ལ་ལྟ་བ་ལས་དེའི་སྐད་ཆའི་གནས་ལུགས་ལ་མི་རྟག་བས་ད་ལྟ་བར་དུ་བོད་པའི་སྤྱི་ཚོགས་ལ་གྱོང་གུད་མང་པོ་ཐེབས་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་དེ་རིང་གི་འཇིག་རྟེན་འདིར་མི་རྣམས་དཔལ་འབྱོར་གྱི་བྲན་གཡོག་ཏུ་ཚུད་ཡོད་པས་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པས་མི་ཞིག་གི་སྐད་ཆར་རིན་ཐང་དེ་ཙམ་ཡོད་ནི་མ་རེད། ངས་གོང་དུ་བཤད་ཟིན་པའི་བརྗོད་དོན་གཙོ་བོ་ཡང་དེ་ཡིན། དཔལ་འབྱོར་མེད་པའི་དབུལ་བོ་ཞིག་གི་སྐད་འབོད་བརྒྱ་བྱས་ལས་སྒོར་མོ་ཡོད་མཁན་ཞིག་གིས་ཞལ་འདེབས་ཐེངས་གཅིག་བྱས་ན་སྤྱི་ཚོགས་ཡོང་གིས་དོ་སྣང་བྱེད་ས་དེ་ཡིན་རེད་ལ་ལས་འགུལ་གྱི་ནུས་ཤུགས་ཡང་དེ་ཆེན་པོ་ཡོད་རེད། རྒྱུ་མཚན་འདྲ་མིན་གྱི་བསམ་གཞིག་གིས་བོད་པ་ནམ་ཡང་འཚོ་བའི་དཀའ་ངལ་ལས་གྲོལ་ཐུབ་དགོས་ཀྱི་འདུག དེ་རང་ངོས་ནས་ནུས་པ་འདོན་དགོས་པ་མ་ཟད། གཞུང་སྒེར་གང་རུང་གིས་མཐུན་སྦྱོར་ལ་ཁ་བྲལ་ཐབས་མེད་པར་འདོད་བྱུང་།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་གཅན་བཟོད་རྒྱམ་ཕེབས་པར་དགའ་བསུ་ཡོད་ལ་བསམ་ཚུལ་ཡག་པོ་གསུངས་བར་དེ་བས་ཀྱང་དགའ་བསུ་ཡོད། ངས་བལྟས་ན་དེ་དཀའ་ངལ་ཞིག་ཏུ་མཐོང་གི་མི་འདུག དྲ་གྲོགས་རིག་འབྱུང་གིས་གསུངས་བ་ནང་བཞིན་ང་ཚོས་གནས་སྟངས་མཐོང་དགོས་པ་གལ་ཆེན་ཡིན་པས། ཐོག་མར་བཙན་བྱོལ་ནང་དབུལ་ཕྱུག་དག་ཐེར་ཐེངས་གཅིག་བྱེད་པར་གལ་ཆེ་བར་འདོད། དེ་མིན་རྒྱ་ནག་གིས་མཐའ་མཚམས་དམ་དྲག་གི་གནས་སྟངས་ལ་གཞིག་ན་རྗེས་མར་སྐྱབས་བཅོལ་དུ་ཡོང་བའི་ལམ་ཁ་དེ་དགག་མི་སྲིད་པ་མ་རེད། མ་འོངས་བར་བོད་ནས་སྐྱབས་བཅོལ་དུ་ཕེབས་པའི་ལམ་ཁ་ཀ
དགག་མ་ཀྱང་མ་དགག་ཀྱང་། སྐྱབས་བཅོལ་སྤྱི་ཚོགས་ནང་གི་དངོས་ཡོད་གནས་ཚུལ་ཁག་མང་པོ་ཞིག་ལ་འགྱུར་བ་གཏོང་རན་འདུག་བསམ་སོང་། གལ་སྲིད་མུ་མཐུད་དུ་འདི་ལྟར་འགྲོ་བ་ཡིན་ན། འཚོ་བར་དཀའ་ངལ་སྣ་ཚོགས་ཤིག་མྱོང་ནས་ཕྱིར་ཕ་ཡུལ་དུ་ལོག་མཁན་ཚོའི་སེམས་ནང་གི་ན་ཚ་བོད་ནང་ཁུལ་དུ་བསྒྲག་སྲིད་ཀྱི་རེད། དེ་ལྟར་ན་རྒྱ་མིས་མཐའ་མཚམས་དམ་དྲག་མི་དགོས་པར་བོད་ནས་ཡོང་མཁན་མེད་པར་ཆགས་པའི་ཉེན་ཁ་མེད་པ་མ་རེད། སྤྱིར་བོད་ནས་འདིར་ཕེབས་པ་ནོར་འཁྲུལ་ཞིག་ཏུ་འདོད། བོད་མི་གཅིག་ཕྱི་རོལ་དུ་སོང་ན་ཤུལ་་རྒྱ་མི་གཅིག་གིས་འཛིན་གྱི་རེད། ཡིན་ན་གཞིས་བཞུགས་སྤུན་ཟླས་སྐྱབས་བཅོལ་སྤྱི་ཚོགས་ལ་ལྟ་སྟངས་ལེགས་པོ་ཞིག་ལ་འབད་དགོས་པ་ལས་བག་ཆགས་ངན་པ་ཞིག་བཞག་ན་རྩ་བ་ནས་ནོར་འཁྲུལ་རེད།
གཅན་བཟོད་རྒྱམ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དགོངས་པ་མ་ཚོམས། ང་ལ་ལན་ཡག་པོ་ཞིག་ཐེབས་མ་སོང་། ཧ་ཧ་ཧ་ཧ། རྩེད་མོ་ཡིན། དེང་སང་ང་ཚོ་ལྟ་བུའི་མི་སུ་ཡིན་ཀྱང་མི་རིགས་ལར་ཞེན་དང་རང་གི་རིག་གཞུང་གི་གོ་ཐང་ལ་བརྩི་འཇོག་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དངོས་ཡོད། རྒྱ་ཁོག་སྐམ་པོ་ཞིག་ནས་འཙར་ལོངས་བྱུང་བོད་མི་ཞིག་ལ་མཚོན་ནའང་བོད་ཡིན་དང་བོད་ཞེན་ཆེན་པོ་ཡོད་ང་ཚོས་ཤེས་གསལ་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོ་དང་རྒྱ་གར་ནས་སྐྱེས་སིང་འཚར་ལོངས་བྱུང་བའི་བོད་མི་འདི་ཚོར་གཅིག་ལྟོས་དང་། རང་ཉིད་ཀྱི་འཙོོ་གནས་ཙམ་པོ་བའི་ཆེད་དུ་རང་གི་ལར་ཟེན་ས་ལ་བརྡབས་མཁན་འདྲ་བྱུང་ན་བྱ་ཐབས་ཡོད་ནི་མ་རེད། དེ་འདྲ་དེང་སང་ཡང་མང་པོ་ཡོད་པ། ད་དུང་རྒྱལ་ཚོང་བ་ག་ཚོད་ཡོད། དེ་ཚོར་སེམས་འཁུར་བྱེད་དགོས་དོན་མེད་སྙམ།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་བཟོས་རྒྱམ་ལགས། ཁྱེད་ལ་ལན་ཐེབས་མ་སོང་ཟེར་བ་དེ་ངས་ཧ་གོ་སོང་། དེ་ངས་ལན་མ་ཐེབས་པ་མ་རེད་འུ་གཉིས་ཀྱི་ལྟ་ཕྱོགས་མ་འདྲ་བས་རྐྱེན་རེད། ཁྱེད་ཀྱིས་རྒྱ་གར་འདི་རང་དབང་ལུང་བ་ཡིན་པ་དང་བོད་ནས་ཡོང་མཁན་ཚོ་སྔོན་མ་བཞིན་སྟབས་བདེའི་ལམ་ཁ་ཡོད་པ། རྒྱ་གར་གྱིས་མ་འོངས་བར་བོད་བྱོལ་བ་དང་བལ་སྡོད་བོད་མི་དག་ལ་སུན་བཙིར་བཟོ་བ་ན་རྒྱ་གར་གྱིས་དབང་ཤུགས་ངོམ་རོགས་བྱེད་ཀྱི་འདོད་པ་འདྲ། ངས་ལྟས་ན་རྒྱ་གར་ད་ལྟ་རྒྱ་ནག་ལ་འཇིགས་སྣང་སྐྱེད་བཞིན་པའི་སྒང་ཡིན་པས། ལྷ་རང་མགོ་མི་ཐོན་པ་ཞིག་གིས་འདྲེ་ཤད་གདགས་ཟེར་ན་ཡིད་ཆེས་མེད་པ་མ་ཟད། ཁྱི་རྐུན་འོ་ཟངས་ཁ་ནས་མཐུན་ཡོང་པའི་དོགས་པ་འདུག
གཉན་མདང་ཕོ་ཉ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། ཁྱེད་ཀྱིས་བསམ་ཚཱུལ་གོ་རྒྱུ་ཅན་ཞིག་བཤད་འདུག་ད་
དུས་ཚཽད་ལྷོད་ལྷོད་ཅིག་བྱུང་ན་ཡང་བསྐྱར་ཀློག་གི་ཡིན།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་གཉན་མདང་ཕོ་ཉ་ལགས་ཕེབས་པར་ལག་པ་བསྲིང་ནས་ཡོད།
ང་རང་རྐྱ་བ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་སྐར་ཁྲི་བཙན་ཁྱོད་ཀྱིས་དྲ་གྲོགས་ཁ་རུ་ཁ་ཐུག་གི་མཆན་ཞིག་ནོར་ནས་ངའི་མིང་ཐོག་ལ་ལན་བརྒྱབ་འདུག དེ་ལ་གསལ་བཤད་ཅིག་བྱེད་དགོས་ས་རེད།
སྤུན་ཟླ་ལགས་ང་ལ་ད་དུང་བསམ་ཚུལ་ཞིག་ཡོད་མོད། ཡིན་ནའང་དུས་ཚོད་མི་འདུག རྗེས་སུ་ཁོམ་ན་ཡོང་གི་ཡིན། བདེ་མོ་བྱོས།
སྐར་ཁྲི་བཙན།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། ཨོ་རེད་དྲ་གྲོགས་རང་སྐྱ་བ་ཡང་བསྐྱར་ཕེབས་པར་ཐུགས་རྗེ་ཞུ། ཁྱེད་ཀྱི་གསུངས་བ་ནོར་མི་འདུག་གུས་པའི་དྲ་གྲོགས་གཅན་བཟོད་རྒྱམ་གྱི་འོག་གི་མཆན་དེ་དྲ་གྲོགས་ཁ་རུ་ཁ་ཐུགས་ལ་བཏབ་པའི་མཆན་རེད་འདུག་མོད། ཁྱེད་ཀྱི་མཚན་བེད་སྤྱད་བྱས་འདུག ཐུགས་རྗེ་ཆེ་དྲ་གྲོགས་ལགས་རྗེས་མར་མཇལ་ཡོང།
གངས་རིའི་གླིང་བུ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་སྐར་ཁྲི་བཙན་ལགས་ཀྱིས་བཙན་བྱོལ་བའི་འདས་མ་ད་གསུམ་གྱི་འཐུས་ཤོར་ལ་འཕངས་སེམས་དང་བྱས་ཏེ་ནོར་འཁྲུལ་དང་འཐུས་ཤོར་ཐེར་འདོན་བྱེད་པ་འདིས་ཁོ་རང་མི་རིགས་འདིའི་མདུན་ལམ་ལ་ཕུགས་སེམས་ཟབ་མོ་ཞིག་ཡོད་པ་བསྟན་འདུག ཡིན་ན་ཡང། ལམ་སྟོན་དང་ཕུགས་འདུན་ཞིག་ཅི་ཡང་གསལ་སྟོན་བྱས་མི་འདུག སྤྱི་བཤད་ན་ཉེས་སྐྱོན་དང་ནོར་འཁྲུལ་ཐེར་འདོན་བྱེད་རྗེས་སུ་རང་ལུགས་ཡང་དག་ཞིག་འཇོག་རྒྱུ་དཔྱད་བརྗོད་པ་ཞིག་གི་འགྲོ་སྟངས་རེད།
འབྲོང་བུ།
༢༠༠༩/༡༡/༠༧ ཉིན་འདོན་སྤེལ་བྱས། དྲ་གྲོགས་སྐར་ཁྲི་བཙན་ལགས། ཁྱེད་ཀྱི་མིག་རྒྱང་ཤིན་ཏུ་རིང་ནོ་བཟང་གི འོན་ཀྱང་ཁྱེད་ཀྱིས་འདི་ལྟར་གསུངས་དུས། ངས་བཙན་བྱོད་བོད་གཞུང་གི་འབྱུང་འགྱུར་དེ་ལས་ཀྱང་རྙོག་འཛིང་ཞིག་ཏུ་འགྱུར་རྒྱུ་རེད་བསམ་བྱུང་།
སྐར་ཁྲི་བཙན།
༢༠༠༩/༡༡/༠༨ ཉིན་འདོན་སྤེལ་བྱས། དྲ་གྲོགས་གངས་རིའི་གླིང་བུ་ལགས་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་ལ་བསམ་ཚུལ་གསུངས་བར་དེ་བས་ཀྱང་དགའ་ནས་ཡོད།ལམ་སྟོན་ཟེར་ན་བཤད་ཕོད་ཀྱི་མི་འདུག་མོད། བསམ་ཚུལ་དྲ་གྲོགས་ཚོའི་དོ་སྣང་དང་འདྲི་བ་ལ་རག་ལས་རེད། འདིའི་ཕྱོགས་ནས་འདྲི་བ་ག་རེ་གདོན་ན་ལན་རྒྱག་གང་ཐུབ་བྱེད་འདོད་ཡོད། ད་ལྟ་སྐྱབས་བཅོལ་སྤྱི་ཚོགས་འདི་གནས་སྤོར་དགོས་ན་དཀའ་ངལ་དང་བར་ཆད་གང་མང་ཞིག་མདུན་ན་ཡོད་པ་དངོས་ཡོད་རེད། གཙོ་ཆེ་བ་ད་ལྟའི་གནས་སྟངས་དང་མ་འོངས་བའི་མིག་རྒྱང་ལ་ལྟ་དགོས་པ་གལ་ཆེན་པོ་ལས། གནས་སྤོར་བྱེད་ན་ག་འདྲ་བྱེད་ཟེར་ན་བློ་དེ་རྙེད་པར་དཀའ་ལས་ཆེན་པོ་མེད་པར་འདོད། གུས་པས་གཞིག་༸གོང་ས་མཆོག་སྐུ་ཚེ་བརྟན་ན་རྒྱ་གར་གྱིས་ང་ཚོ་ལ་དེ་སྔོན་ནང་བཞིན་བྱེད་ངེས་རེད་འདོད་བཞིན་ཡོད།གལ་སྲིད་ཉི་མ་གཅིག་ཁོང་མ་བཞུགས་པའི་སྐབས་ཤིག་ལ་རྒྱ་གར་ནང་གི་བཙན་བྱོལ་བའི་གནས་སྟངས་སྔར་བཞིན་གནས་ཐུབ་ཀྱི་རེད་དམ་ཞེས་ན། གུས་པས་གཞིག་ན་རྒྱ་ནག་གིས་ལོ་དུ་མའི་ནང་རྒྱ་གར་ལ་མཐའ་མཚམས་ཁུལ་ནས་རྩོད་རྙོག་བསླངས་བ་དེ་དོན་ངོ་མ་མཐའ་མཚམས་ཀྱི་ས་ཆ་ཁོ་ནར་དམིགས་པ་ཞིག་མ་རེད་འདོད་ཀྱིན་ཡོད། ཆབ་སྲིད་ཀྱི་གཡོ་ཇུས་ལ་བྱང་བའི་རྒྱ་ནག་གིས་གཙོ་བོ་དམིགས་པ་དེ་བཙན་བྱོལ་སྤྱི་ཚོགས་ཡིན་པའི་དོགས་པ་ཡོད། གལ་སྲིད་མགོན་པོ་ཁོང་མ་བཞུགས་པའི་ཉི་མ་ཞིག་ལ་རྒྱ་ནག་གིས་བཙན་བྱོལ་ནང་ཐབས་འདྲ་མིན་གྱི་དཀྲུངས་ཤིང་གསར་བ་ཞིག་བསླང་གི་རེད་ལ། དེ་ལས་ཉེན་ཁ་ཆེ་བ་ཞིག་ལ། ཉི་མ་ཞིག་ལ་བློ་བུར་དུ་རྒྱ་ནག་གིས་རྒྱ་གར་ལ་བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་ལས་འགུལ་རྩ་བ་ནས་མཚམས་འཇོག་བྱས་པ་ཡིན་ན་རྒྱ་ནག་མཐའ་མཚམས་ནས་ཕྱིར་འཐེན་བྱེད་ངེས་ཅེས་ན་ང་ཚོས་ག་འདྲ་བྱེད་ངེས། རྒྱ་གར་གྱིས་ག་འདྲ་བྱེད་སྲིད་ཀྱི་རེད། དྲ་གྲོགས་གངས་རི་སྐྱབས་ལགས། གནས་སྤོར་བྱེད་པའི་གྲ་སྒྲིག་དགོས་དང་མི་དགོས་ལ་བསམ་བཞིག་བྱེད་པའི་དུས་ཤིག་ཏུ་འདོད། གལ་སྲིད་སྐབས་དེར་རྒྱ་ནག་གིས་བཙན་བྱོལ་ནང་གི་འཚོ་བའི་དཀའ་ངལ་འཕྲད་པའི་རིགས་ཕྱིར་མེས་རྒྱལ་ལ་ལོག་ཤོག་དང་ས་ཆ་དང་ལས་ཀ་སྤྲོད་ལབ་ན་ང་ཚོས་ག་འདྲ་བྱེད་ངེས།
སྐར་ཁྲི་བཙན།
༢༠༠༩/༡༡/༠༨ ཉིན་འདོན་སྤེལ་བྱས། དྲ་གྲོགས་འབྲོང་བུ་ལགས་ཕེབས་པ་མ་ཟད་བསམ་ཚུལ་གསུངས་བར་ཐལ་མོ་སྙིང་ཁར་གཏད་ནས་ཡོད།
ཁྱེད་ཀྱི་གསུངས་བ་དེ་ངས་ཧ་གོ་གི་འདུག གལ་སྲིད་གནས་སྤོར་བྱེད་པའི་ཆ་ཤས་ཡོད་ན་བཙན་བྱོལ་བ་ཡོངས་མཉམ་གཅིག་ཏུ་གནས་སྤོར་བྱས་ན་ཡོང་གི་མ་རེད། རིམ་པ་མང་པོ་བསྒྲིག་དགོས་པས་རྩོད་རྙོག་འདྲ་མིན་ཡོང་གི་རེད། དཔེར་ན་ལོ་འགའ་སྔོན་དུ་ཨ་རི་ནས་བལ་སྡོད་བོད་མི་ཁག་ཅིག་འཐེན་པའི་ཆ་ཤས་བཏོན་ཡང་བལ་གཞུང་གཅིག་པོས་གནོད་ཤུགས་མ་ཡིན་པར་བོད་པ་ནང་ཁུལ་ནས་རྩོད་རྙོག་འདྲ་མི་བསླངས་བས་འབྲས་བུ་ད་ལྟ་བར་དུ་སྨིན་ཡོད་པ་མ་རེད། དེ་ལྟ་བུ་ནང་ཁུལ་གྱི་རྩོད་རྙོག་ཡིན་པས་༸གོང་ས་མཆོག་སྐུ་བཞུགས་པའི་དུས་སེལ་མི་ཐུབ་པ་ཞིག་མ་རེད། ངས་གོང་དུ་བསམ་ཚུལ་ཞིག་གླེང་ཚར་བ་ཡིན། རྒྱ་ནག་གི་རེ་བསྒུག་ནི་༸གོང་ས་མཆོག་སྐུ་མ་བཞུགས་པའི་ཉིན་མ་ལ་བཙན་བྱོལ་གཞུང་འཐོར་ཞིག་ཏུ་འགྲོ་བར་སྨོན་བཞིན་པ་དེ་རེད། གལ་སྲིད་ཁོང་མ་བཞུགས་པའི་ཉི་མ་ཞིག་ལ་རྒྱ་ནག་གིས་གཡོ་ཇུས་སྣ་ཚོགས་གྲ་སྒྲིག་ཡོད་པ་བཤད་མ་དགོས་པ་རེད། སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་ངན་འབྲེལ་གྱིས་བོད་པ་ནང་ཁུལ་ལ་དཀྲུངས་ཤིང་ཞིག་བསླང་བ་ཡིན་ན། ང་ཚོས་ག་འདྲ་བྱེད་ངེས། དེ་བས་རྒྱ་ནག་ལ་སྐྲག་སྣང་དང་བསྟུན་མི་དགོས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྲ་སྒྲིག་བྱས་ན་རན་པར་འདོད།
ཝེ། ཁྱོས་ང་ལ་མཆན་བུ་གསར་པ་འེདབས་ཀི་མི་འཇུག་པར་མཅན་བུ་རྙིང་པ་དེ་ཚོ་འདིར་དྲུད་ཡོང་ནས་ཅི་བྱེད་ཟེར་ནས། ཧ་ཧ་ཧ་ཧ མདང་དགོང་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་རང་བཙན་དག་སྐྱེལ་གནང་སོང་ང་། རྒྱ་གར་ན་ཡོད་པ་ཚོས་ཕལ་ཆེར་རིག་ཡོད་རྒྱུ་རེད།
སྐར་ཁྲི་བཙན་ལགས་ནས་ང་རང་བཙན་བྱོལ་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་མ་འོང་ལམ་ཕྱོགས་ཐོག་ནས་དགོངས་ཚུལ་གསུངས་པ་དེ་ང་རང་ཚོ་བཙན་བྱོལ་བོད་མི་བརྒྱ་ཆ༨༠་ཐམ་པ་མ་གྲོས་བསམ་པ་གཅིག་མཐུན་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། དགོངས་ཚུལ་གསུང་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྗེས་སུ་ལག་ལེན་ཐུབ་པ་ལ་འབད་བརྩོན་བྱེད་རོག མ་ཟད་ང་རང་ཚོ་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཁག་གི་ནང་དུ་དཔང་པ་མཉམ་བཞུད་ཐོག་ནས་མི་རིགས་ཀྱི་དཀའ་སྔལ་ལ་གདོང་ལེན་བྱེད་སྐབས། ང་རང་ཚོའི་མི་རིགས་འདི་མགོ་སྡུས་སྟངས་དང་མི་རིགས་སྤྱི་ལ་ཁྱབ་པའི་སྐད་ཡིག་བེད་སྤྱོད་བྱེད་སྟངས་ཐོག་དཀའ་སྔལ་ཆེ་བའི་ཐུགས་བསམ་ཞེས་རོག་ཞུ་རྒྱུ་ཡིན།
དྲ་གྲོགས་གཅན་བཟོད་རྒྱམ་ཕེབས་པར་དགའ་བསུ་ཞུ། ཁྱོད་འདི་ཐོན་མེད་ས་ཞིག་མེད་ཀྱི།
དྲ་གྲོགས་ནས་ལགས་ཕེབས་ནས་བསམ་ཚུལ་གསུང་བར་ཐུགས་རྗེ་ཞུ་བཞིན་ཡོད།
ཁྱེད་ཀྱི་གསུངས་བ་དེ་གལ་ཆེན་པོ་རེད། ང་ཚོ་གལ་སྲིད་ཕྱི་ཕྱོགས་ཤིག་ལ་གནས་སྤོར་བའི་གྲ་སྒྲིག་ཅིག་གི་སྟེང་དུ་སོང་བ་ན་བསམ་བློ་གཏོང་དགོས་ས་གཙོ་བོའི་ནང་གི་གཙོ་བོ་བོད་ཀྱི་སྐད་དང་རིགས་གཞུང་མུ་མཐུད་དུ་རྒྱུན་སྐྱོང་གོང་འཕེལ་དུ་གཏོང་རྒྱུ་དེ་རེད། སྤྱིར་ལས་ཀ་གང་ཞིག་འགོ་འཛུགས་ན་བརྒྱུད་རིམ་སྣ་ཚོགས་ཁྲོད་དུ་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་དངོས་ཡོད་རེད་། རྒྱ་གར་ནང་གནས་སྡོད་བྱས་པ་བཞིན་ས་ཁུངས་གཅིག་ཏུ་སྒྲིལ་དགོས་པ་གལ་ཆེ་བར་སྣང་། དེ་འདྲ་བྱེད་ནུས་་ན་གཅིག་ནས་བོད་ཀྱི་སྐད་ཡིག་་ཡར་རྒྱས་ལ་ཕན་ཐོགས་པ་དང་། གཉིས་ནས་མི་ཚེ་གང་བོ་ཕྱི་རྒྱལ་བའི་གཡོག་པོར་རྒྱུག་མི་འགོས་པར་རང་གི་ཁོར་ཡུག་ནང་ནས་རང་གིས་དཔལ་འབྱོར་ཡར་རྒྱས་གཏོང་བ་སོགས་དགེ་ཕན་མང་པོ་ཡོད་རེད་མཐོང་སོང་། ཡང་གཅིག་བཤད་ན་༸གོང་ས་མཆོག་གཙོ་བྱས་པའི་རྡ་རམ་སའི་ཉེ་འཁོར་གྱི་རྒན་ཁོག་ཁག་གཅིག་་དང་མེ་མིན་དགོན་སྡེ་ཁག་མ་གཏོགས། བཙན་བྱོལ་སྤྱི་ཚོགས་ཡོངས་ཀྱི་བརྒྱ་ཆ་་བརྒྱ་ཅུ་དགུ་བཅུའི་ཕྱི་ཕྱོགས་ལ་འགྲོ་ཨེ་ཐུབ་འདོད་ནས་རྨི་ལམ་རྨི་དང་རྨིས་བཞིན་རེད། སེམས་རྣལ་དུ་ཕབས་མི་ཐུབ་པའི་སྤྱི་ཚོགས་ཤིག་ལ་འཐུས་ཤོར་མ་གཏོགས་ཡོད་ནི་མ་རེད། གལ་སྲིད་གནས་སྤོར་བྱེད་པ་ཡིན་ན་ཡིན་གཅིག་ཆ་་ཚང་གནས་སྤོར་དགོས་དོན་ཡོད་ནི་མ་རེད། ཕར་ཕྱོགས་ནས་ས་ཆ་ཡག་པོ་ཞིག་རེག་ཐུབ་བྱས་ནས་རྨང་གཞི་བརྟན་པོ་ཞིག་འགོ་འཛུགས་ཐུབ་པ་ཡིན་ན་མ་འོངས་བར་རྒྱ་གར་བས་རྔ་ག་འདྲ་རྡུང་ན་ང་ཚོས་བྲོ་དེ་ལྟར་འཁྲབ་ཆོག་ཆོག་ཅིག་གི་ལམ་ཁ་ཞིག་ད་ལྟ་ནས་བསྐྲུན་ན་ལེགས་ཀྱི་རེད་འདོད་བྱུང་།
ངའི་མཆན་བུ་རྙིང་པ་དེར་རོབ་ཙམ་ཞུས་ཡོད། ང་ཚོ་ནི་སྐྱབས་བ་ཞིག་ཡིན་ཀྱང་བོད་གཞུང་ཟེར་བ་ཞིག་ཀྱང་བཙུགས་པས་ན་”འདྲ་འདྲའི་ནས་ནས་མ་འདྲ་བ་”ཟེར་ཞིག་༸གོང་ས་མཆོག་གཙོས་མི་ཆེན་ཚོས་གསུངས་བསྡད་ཡོད་པ་རེད། འདི་དངོས་ཡོད་གནས་ཚུལ། ད་གནས་ཚང་བརྗེ་རན་འདུག་ཟེར་ན། བོད་གཞུང་ངམ་རྒྱལ་ཁབ་འདི་ངོ་བོ་མཚོན་བྱེད་ཀྱི་གཞུང་(གཞུང་འདི་བཟང་པོ་ཞིག་དང་གོ་ཆོད་ཅིག ཡང་ན་འཇོན་པོ་ཞིག གང་ཡང་མི་ཕན་པའི་གཞུང་ཞིག་ལ་བརྩི་མཁན་དེང་གི་བོད་མི་རིགས་འདིའི་ནང་དུ་དང་ལྷག་པར་དུ་གཞུང་འདི་དང་འདིའི་གདུགས་གུར་འོག་ནས་བསྐྱངས་ཤིང་དེང་སང་འཚོ་གནས་ཐེབས་ཆགས་ཅིག་ཟིན་ཡོད་པ་ཚོས་ནི་གཞུང་འདི་ལ་ནམ་རྒྱུན་ཁ་བཏང་བསྡད་ཡོད་པས་དེ་ཚོ་ངས་འདིར་དམིགས་བྱར་བཟུང་མེད།)འདི་ཡང་གནས་སྤོ་དགོས་པས་ན། བདག་གི་མཆན་གྱི་ནང་དུ་བྲིས་པ་བཞིན། གནས་སྤོ་དགོས་བྱུང་ན་གནས་ལེན་དང་བདེ་སྲུང་གཉིས་ལ་དཀའ་ངལ་འདུག་སྐོར་བཀོད་ཡོད་ཀྱང་དེང་ཨ་ལན་ཅང་མི་འདུག གལ་སྲིད་སྐྱབས་བཅོལ་གཞུང་འདིས་གཙོས་བོད་མི་ཡོངས་རྫོགས་རྒྱལ་ཁབ་གཞན་ཞིག་(ཁྱོད་ལྟར་ཕྱི་རྒྱལ་ཞིག་)ལ་གནས་སྤོར་བྱེད་རན་འདུག་པ་བདེན་དུ་ཆུག ད་ནི་གོང་སྲིད་གཞུང་ནས་དམའ་འབངས་མི་དབར་དུ་གང་ཞིག་ལ་དང་ཇི་ལྟར་གནས་སྤོ་བྱ་དགོས་སྐོར་ནས་འགོ་འཛུགས་དགོས། འདི་ནས་འགོ་བཙུགས་ཏེ་བསམ་བློ་ཐོངས། འདི་ནས་འགོ་བཙུགས་ཏེ་བགྲོ་གླེང་བྱ་རྒྱུ་བྱེད།
ཕྱིའི་རྒྱལ་ལ་འགྲོ་དགོས། ཕྱི་རྒྱལ་ཁབ་ཁག་དང་དེའི་མི་སེར་མཉམ་དུ་དཔུང་བ་མཉམ་གཤིབ་བྱ་དགོས་ཟེར། ཇི་ལྟར་བྱ་དགོས་པ་རེད། བྱ་ཐུབ་རྒྱུ་རེད་དམ།
ངས་བསམ་ན་བོད་མི་ཕྱི་རྒྱལ་ཁག་ལ་འགྲོ་དགོས་པ་རེད། དཔལ་འབྱོར་འཚོལ་དགོས་པ་རེད། འོན་ཀྱང་རྒྱ་གར་དང་བལ་ཡུལ་དང་རྒྱང་དུ་གྱེས་ཉན་ནི་མ་རེད་འདོད་ཀི དེ་ལྟར་ན་བོད་དང་རྒྱང་ཁད་རིང་སོང་བ་དང་། དེ་ལྟར་ན་བོད་ནང་གི་བོད་མི་དང་འབྲེལ་འདྲིས་ཉུང་དུ་འགྲོ་རྒྱུ་རེད་འདོད་ཀི དེ་ལྟར་བོད་དོན་དང་རྒྱང་དུ་འགྲོ་གི་རེད།
ལྷག་པར་དུ་བོད་ནས་བོད་མི་སྐྱབས་བཅོལ་དུ་ཡོང་བ་མཚམས་ཆད་རྒྱུ་རེད། མུ་མཐུད་ནས་སྐྱབས་ལ་ཡོང་གིན་པ་འདིས་ཅི་ཞིག་མཚོན་གྱིན་ཡོད་དམ། མནར་གཅོད་ཀྱི་རྒྱུན་ཞིག་མཚོན་གྱི་མི་འདུག་གམ། ད་དབར་དུ་ང་ཚོས་ཁྱབ་བསྒྲགས་བྱས་བྱས་ཚང་མ་འདི་ཁོ་ན་རེད།
ཨོ་ཡ་ད་ཞོགས་ཇ་འཐུང་གི་འགྲོ་རྒྱུ། ཕྱིར་ནང་ལ་ཡོང་ནས་མུ་མཐུད་ནས་བགྲོ་གླེང་བྱེད་ཡ།
དྲ་གྲོགས་གཅན་བཟོད་་རྒྱམ་གྱིས་གསུངས་བར་གུས་པས་ཧ་གོ་སོང་། ཁྱེད་ཀྱི་གསུངས་བའི་ལན་མི་ཉུང་བ་ཞིག་གུས་པས་མཆན་གཞན་པའི་ནང་ན་གསལ་བོ་བཟོས་ཡོད་བསམ་སོང་། ཡིན་ན་ཡང་བསྐྱར་རགས་ཙམ་གླེང་བ་ཡིན་ན།
ནང་ཁུལ་མི་དམངས་གིས་གཞུང་ལ་ལྟ་སྟངས་ག་འདྲ་ཡིན་མིན། སྐབས་སུ་མ་བབ་པའི་གནས་སྐབས་རིང་མི་གླེང་བར་བྱ། སྐབས་འདིར་ངས་བཤད་པ་འདོད་པ་ནི་གལ་སྲིད་༸གོང་ས་མཆོག་སྐུ་མ་བཞུགས་པའི་ཉི་མ་ཞིག་ལ་རྒྱ་གར་བས་ང་ཚོའི་སྐྱབས་བཅོལ་སྲིད་ཇུས་དེ་སྡུག་ཏུ་གཏོང་ངེས་པའི་་དོགས་པ་ཞིག་སྐྱེས་བཞིན་ཡོད། གང་ཡིན་ཟེར་ན་ད་ལྟའི་རྒྱ་དཀར་ནག་གི་ས་ཆའི་རྩོད་རྙོག་དེའི་དམིགས་ཡུལ་གཙོ་བོ་མ་འོངས་པའི་བཙན་བྱོལ་སྤྱི་ཚོགས་ལ་ཡིན་པའི་་དོགས་པ་ཡོད། ངས་གོང་དུ་བཤད་ཟིན། རྒྱ་ནག་གི་རེ་སྨོན་དང་ཡིད་ཆེས་གཙོ་བོ་༸གོང་ས་མཆོག་སྐུ་མ་་བཞུགས་པའི་ཉི་མ་ཞིག་ལ་བཙན་བྱོལ་གཞུང་ཁ་འཐོར་དུ་འགྲོ་བ་དེ་རེད་ལ། ལྷ་སའི་འགོ་གཙོ་ཀྲང་སོགས་དཔོན་རིགས་མང་པོས་དུས་ཀུན་དུ་ཁ་བྲལ་བ་རྩ་མེད་དུ་བཟོ་དགོས་ཅེས་མ་ཎི་འདོན་འདོན་བཞིན་ཡོད་པ་ཚང་མས་ཧ་གོ་དོན་གསལ་རེད། ཡང་གཅིག་བཤད་ན་རྒྱ་གར་གྱིས་སྔོན་མ་བོད་རྒྱ་ཁུངས་ཡིན་པའི་བདེན་དཔང་བྱས་ནས་ང་ཚོའི་སྙིང་ཁར་གྲིས་ཐེངས་གཅིག་བཙུགས་ཡོད་རེད། གུས་པས་འདོད་ན་ད་་ལྟ་བར་དུ་༸གོང་ས་མཆོག་གི་ཟིལ་ཤུགས་ཁོ་ན་ཡིས་་རྒྱ་ནག་གིས་སོ་བ་འགའ་རེར་བཏང་ནས་་བོད་པའི་སྤྱི་་ཚོགས་ནང་དཀྲུགས་་ཤིང་འདྲ་མིན་རེ་བཟོ་བ་ལས་ཅི་ཡང་བྱེད་ནུས་ཡོད་ནི་མ་རེད་ལ། རྒྱ་གར་གྱིས་ཀྱང་སྒང་གཅིག་ཏུ་བུད་ནས་ལེབ་་གཉིས་ལ་མི་ལྟ་རང་ལྟ་ལ་ཆགས་ཡོད་རེད། བོད་པའི་སྤྱི་ཚོགས་རྒྱ་གར་ནང་དུ་ཡོད་པ་ཙམ་གྱིས་ཁ་ལག་པར་དྲིན་ཆེ་བ་དང་ལག་པ་ཁར་དྲིན་ཆེ་བ་ལྟ་བུ་ཆགས་ཡོད་པ་རྒྱ་གར་མི་མང་གིས་ཀྱང་ཧ་གོ་་གི་ཡོད་རེད། ཡིན་ན་མ་འོངས་བར་རྒྱ་ནག་གིས་ས་ཆའི་རྩོད་རྙོག་ཐག་གཅོད་པར་གྲོས་གཞིའི་ཆ་རྐྱེན་གཙོ་བོ་བཙན་བྱོལ་བོད་གཞུང་བཞག་པ་ཡིན་ན། རྒྱ་གར་གྱི་ང་ཚོའི་སྙིང་ཁར་གྲི་གཉིས་པ་དེ་འཛུགས་མི་སྲིད་པ་མ་ཞིག་མ་རེད་ལ། ཆབ་སྲིད་ཀྱི་གཡོ་ཇུས་ལ་བྱང་ཆུབ་པའི་རྒྱ་ནག་གིས་ག་རེ་ཡིན་ཡང་་བྱེད་སྲིད་ཀྱི་རེད་འདོད་བྱུང་། འདི་ནི་ང་ཚར་མ་འོངས་བར་འཕྲད་སྲིད་པའི་ཕྱི་ཡི་བར་ཆད་རེད་འདོད་ཀྱིན་ལགས།
ཁྱེད་ཀྱི་ད་དུང་སྣེ་ལེན་ཁང་སོགས་འབྲེལ་ཡོད་ལས་ཁུང་ཁག་གནས་སྤོར་ན་ཁག་པོ་མིན་ཚུལ་དང་བོད་ནས་འབྱོར་བ་ཚོ་མཚམས་ཆད་རྒྱུ་རེད་སོགས་གླེང་འདུག གུས་པས་གཞིག་ན་གནས་སྤོར་ཟེར་ན་ཡིན་གཅིག་ཆ་་ཚང་སྤོར་དགོས་པའི་རྒྱུ་མཚན་ཡོད་ནི་མ་རེད། རྒྱ་ནག་ལ་རེ་ལྟོས་དང་འཇིགས་སྣང་མི་དགོས་པའི་རྒྱ་ཁབ་ཞིག་ནས་ས་ཆ་་འོས་འཚམས་ཤིག་རེག་ཐབས་དང་བོད་པའི་གྲངས་མི་ཉུང་བ་ཞིག་སྔོན་ལ་སྤོར་བའི་ཆ་་ཤས་འཐེ་ན་པ་ཡིན་ན་འབྱུང་འགྱུར་་རྒྱ་གར་ནང་གི་གཏན་སྡོད་བ་ཚོ་་དཀའ་ངལ་ཞིག་འཕྲད་པའི་དབང་དུ་གཏང་ན རྒྱབ་རྟེན་སའི་ཁོར་ཡུག་གཞན་ཞིག་གྲ་སྒྲིག་བྱས་ཟིན་ཡོད་རེད། གཙོ་བོ་མ་འོངས་བར་སྐྱབས་བཅོས་སྤྱི་ཚོགས་ཀྱི་གནས་སྟངས་འདི་འགྱུར་བ་གཏང་ན་འགྲིག་གམ་མི་འགྲིག དེའི་སྐོར་བསམ་བློ་གཏོང་དགོས་པ་གལ་ཆེ་བ་ལས། གནས་སྤོར་ན་རྒྱལ་ཁབ་གང་དང་ག་འདྲ་བྱས་ན་སྤོར་སོགས་ཀྱི་བློ་མི་རྙེད་པའི་དོགས་པ་དགོས་་ཀྱི་ཡོད་པ་མ་རེད། གལ་སྲིད་གནས་སྤོར་མི་བྱེད་པའི་དབང་དུ་གཏང་ན། རྒྱ་གར་ནང་དུ་གཞི་ཆགས་ཀྱི་ས་ཁུངས་མེད་པ་དང་ལས་མེད་ཐ་མ་ནག་པོ་འཐེན་མཁན་སྨན་བཙོང་བྱ་མཁན་དེ་མིན་རྒྱ་གར་ནང་གཞི་ཆགས་སྐྱོ་བོ་ཡིན་པའི་རིགས་དང་བོད་ནས་འབྱོར་མཁན་འཚོ་བར་དཀའ་ངལ་འདྲ་མིན་ཕྲད་དང་འཕྲད་བཞིན་པ་སོགས་ཀྱི་རིགས་ཐག་གཅོད་ཡག་པོ་ཞིག་མ་བྱས་པ་ཡིན་ན། ༸གོང་ས་མཆོག་སྐུ་མ་་བཞུགས་པའི་ཉི་མ་ཞིག་ལ་བཙན་བྱོལ་གཞུང་འདི་བརྟན་པོར་གནས་ཐུབ་མིན་གྱི་་འགག་རྩ་ཞིག་ཏུ་འགྱུར་ངེས་རེད་འདོད་ཀྱི་ཡོད། འདི་མ་འོངས་བར་སྐྱབས་བཅོལ་སྤྱི་ཚོགས་ནང་འཕྲད་སྲིད་པའི་ནང་གི་བར་ཆད་རེད་སྙམ་བཞིན་ཡོད།
གལ་སྲིད་དྲ་གྲོགས་ཁྱེད་ད་དུང་འདོད་པ་མ་ཁེངས་པས་ན་འདྲི་དོན་ཚན་དུ་བཀར་ནས་གཏང་རོགས།
རེད་རེད། ང་ཚོས་སེམས་འཁུར་ཞིག་གིས་གླེང་ན་བཟང་གི ཁྱེད་ཀྱིས་བཤད་པ་ནི་གནས་སྤོ་རན་འདུག་ཅེས་པ་འདི་ལས་གང་ཞིག་ལ་དང་གང་འདྲ་བྱས་ཏེ་གནས་སྤོ་གི་ཡིན་མིན་སྐབས་སུ་མ་བབས་པ་རེད་ཟེར། ངས་ཡང་བསྐྱར་ཐེངས་གཅིག་བཤད། ང་ཙོ་གནས་སྤོར་བ་དགོས་ཤེས་པས་མི་ཚད་གང་ལ་དང་གང་ལྟར་གནས་སྤོ་དགོས་མིན་ཐད་དུའང་བསམ་བློ་ཞིབ་ཚགས་ཀྱིས་བཏང་མཐར། དབུས་བོད་ཀྱི་གནས་ལེན་ཁང་དང་བདེ་སྲུང་ལས་ཁུངས་གཉིས་ལ་དཀའ་ངལ་འཕྲད་འདུག་ཅེས་པ་དེ་ཡིན། འདི་ལྟར་བསད་ན་ལས་ཁུངས་དེ་གཉིས་ལ་དཀའ་ངལ་འཕྲད་འདུག་ཅེས་པ་ནི། བོད་གཞུང་གི་ལས་ཁུངས་གཟན་དག་ཕྱིའི་རྒྱལ་གང་རུང་ཞིག་གི་ནང་དུ་གནས་སྤོས་བྱས་ཀྱང་ལས་ཁུངས་དེ་རང་གི་ངོ་བོ་དང་ལས་འགན་ཆ་ཚང་བསྒྲུབ་ཐུབ་པ་དང་། གནས་ལེན་དང་བདེ་སྲུང་གཉིས་ལ་རང་རང་གི་གང་ཞིག་བྱེད་དགོས་པའི་ལས་ཀ་དེ་ཏག་ཏག་ཅིག་སྒྲུབ་ཐུབ་དང་མི་ཐུབ་ལ་དཀའ་འཕྲད་ཀྱི་ཡོད་པ་དེ་རེད། འདི་ཁ་གསལ་བོ་ཙམ་བྱས་པའི་ཁུལ་ཡིན། འདིའི་བཤད་རྒྱུ་མང་ན། འུ་ཚང་ཕྱི་གསལ་ནང་གསལ་ཡིན་རྒྱུ་མང་དྲག་པ་དང་། རྒྱ་དཀར་ནག་གཉིས་ལ་”ཁ་དང་རྣ”མང་དྲག་པས་ང་ཚོའི་དོན་དག་གང་ཡིན་ཚང་མ་རླུང་ལ་བསྐུར་ཡོང་ཡང་བསམ་གི
ད་བཤད་དགོས་རྒྱུ་ཡང་གང་ཞིག་ལ་ཇི་ལྟར་གནས་སྤོ་བྱ་རྒྱུ་དང་། གང་ཞིག་ལ་གནས་སྤོས་རྗེས་ལས་དོན་གང་ཡིན་པ་དེ་ཏག་ཏག་བསྒྲུབ་ཐུབ་ཀི་རེད་དང་མ་རེད་ཅེས་པ་འདི་གཙོ་བོའི་ནང་གི་གཙོ་བོ་དེ་རེད། གཞན་གནས་སྤོ་རན་ཡོད་མེད་སོགས་ནི་སྔ་མོ་བཤད་མྱོང་བ་མ་ཟད། སྣེ་ལེན་དང་བདེ་སྲུང་གིས་ལས་ཀ་བྱ་ཐུབ་སོགས་ཀྱང་བཤད་ཟིན་པས་ན། ཁྱེད་ཀྱིས་བཤད་པ་དེ་ལས་རིང་ཙམ་ཞིག་ནས་གླེང་མི་འདུག་གམ།
འོན་ཀྱང་གོང་གི་འདི་ངས་གསར་དུ་བསད་པ་དང་ང་རང་གིས་གསར་དུ་བསམ་མྱོང་བ་ཟིག་མིན་པར། ༼ཁ་འཕྲུག༽ལྟ་བུ་ཞིག་མིན་ན་འུ་ཚང་གི་མགོ་ཆེན་པོ་ཚོས་གླེང་ཟིན་པ་འདྲ་བས། ངས་ཀྱང་འདི་ཙམ་གྱིས་འཐུས་བར་བྱ་རྒྱུ་ལས། དྲ་ཐོག་ནས་ཁ་གསལ་བོ་ཞེ་དྲག་བྱ་འདོད་མེད།
གཞན་ཐ་མ་ནག་པོ་འཐེན་མཁན་དང་བུད་མེད་གཞང་ཚོང་མ་འགའ་རེ་ཡོད་པ་ནི་དོན་དག་ཆེན་པོ་ཞིག་མ་རེད་སྙམ། དེ་ནི་ངས་བསམས་ན་ཕལ་ཅེར་རྒྱ་གར་ནང་གི་ང་ཚོ་བོད་པའི་སྤྱི་ཚོགས་ཆུང་དྲག་མི་ཚོས་གང་ཞིག་བྱས་ཀྱང་བོད་མི་ཚང་མས་ཤེས་འགྲོ་བ་ཞིག་རེད་པས། དེ་བས་དུ་ནག་འཐེན་མཁན་དང་གཞང་ཚོང་མའང་མང་བ་འདྲ་སྣང་ཤར་པ་ལས་གྲངས་ཚད་ཆེན་པོ་རང་མ་རེད་འདོད་ཀི
ཨོ་རེད གུས་པས་བསམ་ན་བསམ་ཚུལ་འདི་ཐོག་མ་བཏོན་མཁན་ང་ཡིན་བསམ་ཡོད་མོད། སྔོན་མ་ཞིག་ནས་བོད་གཞུང་འབྲེལ་ཡོད་པས་ཚན་པས་གྲོས་བསྡུར་བྱས་མྱོང་བ་ཞིག་ཡིན་ན། གནས་སྐབས་ཙམ་ལ་ངས་ཐབས་ལམ་འདི་ཡག་ཅེས་འདོན་དགོས་པ་མེད་པ་འདྲ། གོ་རྒྱུ་གྲགས་རྒྱུ་གང་ཡང་མེད་པར་བཞིག་ན་དེའི་སྐོར་མང་པོ་གླེང་མི་རུང་བ་འདྲ། འདས་པའི་ལོ་འགའི་སྔོན་བལ་སྡོད་བོད་མི་ཁག་ཅིག་ཨ་རིར་འཐེན་པའི་ཆ་་ཤས་ཡོད་ཀྱང་གསར་ལམ་ཁག་ནས་གསལ་བསྒྲགས་བྱས་པས་ཕྱི་ནང་གི་བར་ཆད་མང་པོ་བྱུང་ཡོད་རེད། ཐེངས་འདིར་གསང་བ་བྱེད་ཀྱི་ཡོད་པ་འདྲ་དེ་ན་ས་བཤད་རྡོ་བཤད་ཉན་གྱི་མ་རེད། ཡིན་ན་ཁྱོའི་ག་འདྲ་བྱས་ནས་ཧ་གོ་སོང་སྤྱི་ཚོགས་སྟེང་གི་སྐད་ཆར་ཆ་འཇོག་བྱེད་ས་ཆེན་པ་ཡོད་ནི་མ་རེད་ད།
གནས་དོན་འདིའི་ཐོག་ལ་༧གོང་ས་མཆོག་ནས་བཀའ་ཇི་འདྲ་ཞིག་གནང་ཡོང་། མ་ཟད་བཀའ་བློན་ཁྲི་པ་མཆོག་ནས་ཇི་གསུངས་ཡོང་། ང་ཚོ་ལ་དགོས་པ་དཔལ་འབྱོར་དང་ཤེས་ཡོན་རེད་ལ་འབད་བརྩོན་མི་དཀའ་མེད་ཀྱང་རེད། དུས་ཚོད་མང་པོ་མ་འགོག་པ་ལས་དོན་འདི་འགྲུབ་ཐུབ་བམ།
མེག་ལོར་སྲང་ལམ་འཁྱམས་འཁྱམས་ནས་ད་སོ་མ་ནང་དུ་ཡོང་སྟེ་དྲ་ཁ་ཕྱེས་པ་ཡིན། གངས་ཕྲུག་རྨས་མ་ལགས། ངས་གོང་དུ་བཤད་པ་འདི་སྲང་ལམ་གྱི་སྐད་ཆ་མ་རེད། འདིའི་སྐོར་གསལ་པོ་བཤད་རྒྱུ་མང་དྲག་”ཁ་འཁྲུག”རེད་སོགས་གཤེ་ནའང་ཐང་། གང་ལྟར་ང་ལ་བཤད་འདོད་མི་འདུག གལ་སྲིད་ཡིད་མི་ཆེས་པ་སོགས་གང་ཡོད་ན་གཞུང་འབྲེལ་གནད་ཡོད་མི་སྣར་བཅར་འདྲི་བྱོས་དང་། ང་ཚོའི་གཞུང་འདི་ནི་ཕྱི་གསལ་ནང་གསལ་གྱི་གཞུང་ཞིག་ཡིན་ཟེར་བཞིན་པ་མ་ཡིན་ནམ། གལ་སྲིད་ངས་འདྲ་མི་འདྲ་བཤད་རྒྱུ་མང་དྲག་ན། ང་ལ་མིང་སྣ་ཚོགས་ཤིག་བཏགས་ཏེ་”རྒྱང་ཕུད”དུ་བཏང་ན་ང་ལ་རྒྱ་གར་ལས་གཞན་འགྲོ་ས་ཅི་ཡང་མེད་པས་དཀའ་ངན་འཕྲད་ཀྱི་རེད་ཡཱ། ཧ་ཧ་ཧ་ཧ