རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅།། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།
ལོ་འཁོར་གཅིག་གི་ནང་དུ་ལོ་སར་དགའ་སྟོན་རེ་བྱེད་པའི་ལུགས་སྲོལ་འདི་ནི་འཛམ་བུ་གླིང་གི་ས་ཕྱོགས་མང་བོར་ཁྱབ་པའི་འཛམ་གླིང་སྤྱིའི་ལུགས་སྲོལ་ཞིག་ཡིན་པ་ནང་བཞིན་བོད་མི་རིགས་ལ་མཚོན་ནའང་ལོ་འཁོར་གཅིག་གི་ནང་དུ་དམིགས་གསལ་གྱི་མི་རེ་འགའ་མ་གཏོགས་ལོ་སར་དགའ་སྟོན་རེར་རོལ་གྱིན་ཡོད། ཡིན་ནའང་ང་རང་བྱིས་པ་ཡིན་དུས་སྡེ་མི་སྤྱི་ཡོངས་ཀྱིས་ལོ་སར་དགའ་སྟོན་མ་བྱས་ལ། དེ་བཞིན་བོད་པ་ཕལ་ཆེར་གྱིས་ལོ་སར་དགའ་སྟོན་མ་བྱས་པར་མྱ་ངན་ཞིག་བྱས་པ་དེ་ནི་ཀུན་གཟིགས་བཅུ་བ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ལོ་དེ་རེད། དེའི་རྗེས་སུ་ངས་མི་ལོ་བཅུ་ཕྲག་གཉིས་འདས་པའི་བར་དུ་བོད་མི་རིགས་ཡོངས་ཕར་ཟད་མཐའ་ན་སྡེ་བ་ཞིག་གིས་ལོ་སར་མ་བྱས་པར་མྱ་ངན་ཞུ་བཞིན་པ་ཞིག་མིག་གིས་མཐོང་མ་མྱོང་བ་མ་ཟད་རྣ་བས་ཐོས་མ་མྱོང༌། ཡིན་ནའང་སྤྱི་ལོ་ཉིས་སྟོང་དགུ་ལོར་བོད་ཁམས་སུ་བོད་མི་ཕལ་ཆེར་གྱིས་ས་བྱིའི་ཞི་རྒོལ་སྐབས་སུ་རང་གི་མི་རིགས་ཀྱི་བདེན་དོན་ཆེད་དུ་ཚེ་སྲོག་ཤོར་བའི་བོད་མི་ཡོངས་ཀྱི་ཆེད་དུ་ལོ་སར་དགའ་སྟོན་མ་བྱས་པར་མྱ་ངན་བྱས། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་བོད་མི་ཚོར་ངེས་པར་དུ་ལོ་སར་རོལ་དགོས་པའི་བཙན་བཀའ་རབ་དང་རིམ་པ་ཞིག་བཏང་བ་མ་ཟད། བོད་རིགས་ལས་བྱེད་ཚོ། དེ་ནས་བོད་མི་ནང་རུལ་བ་སྐོར་ཅིག་ལ་ལྐོག་དངུལ་བརྫངས་ནས་བཙན་གྱིས་ལོ་སར་རོལ་དུ་བཅུག་པ་མ་ཟད། དེ་བརྙན་འཕྲིན་དུ་བསྒྱུར་ནས་གསར་ལམ་ཁག་ནས་འཁྲབ་སྟོན་བྱས་པ་མ་ཟད། འདི་ནི་ངོ་མ་དགོད་བྲོ་བའི་སྲིད་གཞུང་སྒེར་འཛིན་པ་ཞིག་གི་བྱ་སྤྱོད་མ་ཡིན་ནམ།
ད་དུང་དེ་བས་ཀྱང་བོད་རབ་གནས་ལྕགས་ཡོས་ལོར་རྔ་བ་ཀིརྟི་དགོན་ཆེན་གཙོ་བྱས་ཏེ། བོད་ཁམས་སུ་རྒྱལ་གཅེས་དཔའ་བོ་ཧ་ཅང་མང་བོས་བོད་ཀྱི་བདེན་དོན་སེལ་བའི་ཕྱིར་དུ་རང་ལུས་ཞུགས་འབུལ་བྱས་པར་རྐྱེན་བྱས་ཏེ་བོད་ཁམས་སུ་བོད་མི་སྤྱི་ཡོངས་ཀྱིས་ཆུ་འབྲུག་ལོའི་ལོ་སར་དགའ་སྟོན་ལ་མ་རོལ་བར་མྱ་ངན་བྱས།
༡ ལྷག་པར་དུ་ཁམས་བྲག་མགོའི་ས་གནས་སྲིད་གཞུང་གིས་ངེས་པར་དུ་ལོ་སར་བྱེད་དགོས་པའི་བཙན་བཀའ་ཡང་ཡང་བཏང་བར་བྲག་མགོའི་བོད་མི་དམངས་ཧ་ཅང་མང་བོས་རྒྱ་སྲང་དུ་བུད་དེ་རྩམ་སྐྱ་འགམ་པ་དང་མ་ཎི་འདོན་པ་སོགས་ཀྱི་མྱ་ངན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྲིད་གཞུང་གི་སྐྱུག་བྲོ་བའི་བྱ་སྤྱོད་དེར་མི་འདོད་པའི་རྣམ་འགྱུར་གྱི་ཞི་རྒོལ་བྱས་པར་པེ་ཅིན་སྲིད་གཞུང་གིས་ལག་ཏུ་མཚོན་ཆ་ཁབ་རྩེ་ཙམ་མེད་པ་མ་ཟད། ཧ་ཅང་ཞི་བའི་སྒོ་ནས་ཁྲོམ་སྐོར་མྱ་ངན་གནང་མཁན་གྱི་བོད་མི་ཚོའི་སྟེང་དུ་མེ་མདའི་དྲག་ཤུགས་བཀོད་དེ། ཡོན་ཏན་སོགས་མི་མང་བོ་དམར་གསོད་བཏང་བ་མ་ཟད། བླ་མ་དགེ་བཤེས་མི་སྐྱ་སོགས་བོད་མི་བརྒྱ་ཕྲག་མང་བོ་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་འདྲ་མིན་གྱི་མནར་གཅོད་གང་མང་བཏང་དང་གཏོང་བཞིན་ཡོད།
༢ ཁམས་གསེར་རྟ་ས་ཁུལ་གྱི་བོད་མི་མང་བོས་ཀྱང་དེ་བཞིན་ལོ་སར་ལ་མ་རོལ་བར་ས་གནས་སྲིད་གཞུང་གི་སྒོ་ཁར་ཞི་བས་ཁྲོམ་སྐོར་བྱས་པར་པེ་ཅིན་སྲིད་གཞུང་གི་ཉེན་རྟོག་པས་མེ་མདའི་དྲག་ཤུགས་ལ་བརྟེན་ནས་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་དང་འཕྲིན་ལས་ཆོས་གྲགས་གཉིས་གཙོ་བྱས་ཏེ་བོད་མི་མང་བོ་དམར་གསོད་བཏང་བ་མ་ཟད། བོད་མི་ཧ་ཅང་མང་བོ་འཛིན་བཟུང་གཅར་རྡུང་ཚད་ལས་བརྒལ་བ་བྱས་ཏེ་མནར་གཅོད་བཏང༌།
༣ དེ་བཞིན་ཁམས་འཛམ་ཐང་ནས་བོད་མི་སྟོང་ཕྲག་མང་བོས་ལོ་སར་མ་རོལ་བ་མ་ཟད་ས་གནས་སྲིད་གཞུང་གི་སྒོ་ཁར་ཡོང་ནས་ཞི་བའི་ཁྲོམ་སྐོར་བྱས་པར་ཉེན་རྟོག་པ་དང་དམག་མིས་མེ་མདས་དྲག་ཤུགས་ལ་བརྟེན་ནས་སློབ་ཕྲུག་ཨོ་རྒྱན་སོགས་མི་འགའ་དམར་གསོད་བཏང་བ་མ་ཟད། མི་ཧ་ཅང་མང་བོ་འཛིན་བཟུང་གཅར་རྡུང་གི་བཙོན་འཇུག་གི་ཁྲིམས་ཆད་འདྲ་མིན་ཚད་ལས་བརྒལ་བ་བཏང་བར་གོ་ཐོས་བྱུང༌།
༤ མགོ་ལོག་པདྨ་རྫོང་ནས་ཀྱང་ལོ་སར་ལ་མ་རོལ་བ་མ་ཟད་ཁྲོམ་གཞུང་དུ་མི་མང་བོས་སྲིད་གཞུང་ལ་ཞི་རྒོལ་མཛད་པར་ས་གནས་སྲིད་གཞུང་གིས་བོད་མི་སུམ་བརྒྱ་ལྷག་འཛིན་བྱས་ཀྱང་ཁོང་རྣམ་པའི་གནས་སྟངས་གསལ་བོ་གོ་ཐོས་མ་བྱུང༌།
༥ ཀན་ལྷོའམ་མདོ་ལྷོའི་ཉེན་རྟོག་པ་ཁྱི་ཡི་རྔ་མ་ཅན་ཚོས་ས་གནས་སྲིད་གཞུང་དང་ཁྱི་སྤྱང་ངན་འབྲེལ་བྱས་ཏེ། མི་དམངས་ལ་ལོ་སར་བཏང་ན་དམངས་སྒོར་བདུན་བརྒྱ་རེ་སྟེར་ཞེས་ལྐོག་དངུལ་བརྫངས་ཀྱང་ནང་རུལ་བ་རེ་གཉིས་ཤིག་མ་གཏོགས་བོད་མི་ཕལ་ཆེར་གྱིས་ལྐོག་དངུལ་དེ་མ་བླངས་པར་ཀུན་གྱིས་གླེང་གི་འདུག
༦ གང་ལྟར་མདོར་ན་རེབ་གོང་སྐྱབས་མགོན་རིན་པོ་ཆེ་སོགས་བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་སོགས་བོད་མི་དམངས་ཕལ་ཆེར་གྱིས་ལོ་སར་ལ་མ་རོལ་བར་བོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱས་པ་མ་ཟད། པེ་ཅིན་སྲིད་གཞུང་གི་གཡོ་ཇུས་སྣ་ཚོགས་ལ་ཞི་རྒོལ་མཛད་པ་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ལས་ཁུངས་ཁག་གི་བོད་རིགས་ལས་བྱེད་ཚོ་གཙོ་བྱས་ཏེ་བོད་ཀྱི་རུལ་སུང་བ་སྐོར་ཅིག་ལ་ལྐོག་དངུལ་བརྫངས་ཏེ་བོད་རིགས་མི་དམངས་ཀྱིས་ལོ་སར་རོལ་གྱི་ཡོད་པའི་འཁྲབ་སྟོན་སྣ་ཚོགས་བྱས་ཏེ་གསར་ལམ་ཁག་ནས་ཐད་གཏོང་བསྐྱར་གཏོང་ལན་དགུ་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་མང་བོ་དང་འཛམ་གླིང་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པ་ནི་བསམ་མ་ཐག་ཏུ་དགོད་བྲོ་བ་དང༌། བསམ་ཞིང་བསམ་ན་ངུ་བྲོ་བ་ཞིག་ཡིན་ནོ། །
༄༅། ། དཔྱད་ཞིབ་དྲི་བ་དང་པེ་ཅིན་སྲིད་གཞུང༌།
ས་བྱིའི་ཞི་རྒོལ་ཆེན་མོ་དང་ལྕགས་ཡོས་དང་ཆུ་འབྲུག་ལོའི་ཞི་རྒོལ་མེ་ལྕེ་སོགས་ནི་དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན་བོད་མི་རིགས་ཀྱིས་དུས་རབས་ཕྱེད་ཀར་པེ་ཅིན་སྲིད་གཞུང་ལ་བཟུང་བའི་སེམས་ཀྱི་ན་ཟུག་ཕྱི་རུ་མངོན་པ་ཞིག་རེད། གནས་ལུགས་དང་དྲང་བདེན་ལ་བརྩི་བཀུར་ཞུ་མཁན་གྱི་སྐྱེ་བོ་ཞིག་ཡིན་ན་སྐད་ཆ་འདི་ད་གཟོད་ཁས་ལེན་བྱ་ངེས་ཡིན། རྒྱུ་མཚན་དེའི་ཕྱིར། བོད་ས་བྱིའི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་བདག་ལ་བོད་ཁམས་ཀྱི་ས་ཕྱོགས་སྣ་ཚོགས་ནས་ལན་རེར་ཁ་པར་ཡོང་སྟེ། བོད་མི་རིགས་ཀྱི་དཀའ་སྡུག་གི་སྐོར་ནས་དྲི་བ་རེ་བཏོན་ན་ངས་དྲིས་ལན་དྲང་མོར་བཏབ་པའི་ཁྲོད་ནས་དཔེ་དེབ་འདིའི་ནང་དོན་དང་འབྲེལ་བ་ཡོད་པ་སྐོར་ཅིག་དམིགས་བསལ་གྱིས་ཡིད་ལ་དྲན་ཚོད་ཅིག་ཀློག་མཁན་གྲོགས་པོ་ཚོར་སེམས་གཏམ་ཞིག་གི་ཚུལ་དུ་ཞུས་ན།
༡ ཕ་ཡུལ་ཟི་ཁྲོན་མཛོད་དགེ་ཡི་ཡིན་ཟེར་བའི་གྲྭ་བ་བློ་བཟང་གིས་ཁ་པར་གྱི་ལམ་ནས།
དྲི་བ། མགར་རྩེ་འཇིགས་མེད་ལགས། ང་ཁྱེད་ལ་འདྲི་རྒྱུའི་དྲི་བ་གཉིས་ཡོད་པའི་དང་བོ་ནི། ང་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་དུ་འབད་པ་ཅི་ཙམ་བྱས་ཀྱང་ཕན་ནུས་གང་ལེགས་ཤིག་མི་ཐོན་པའི་རྒྱུ་མཚན་ཅི།
ལན། ངས་བསམ་ན་དེ་ནི་ང་ཚོར་ཆབ་སྲིད་རང་སྐྱ་ཐུབ་པ་ཞིག་མེད་པའི་དབང་གིས་རེད། གལ་ཏེ་ང་ཚོ་ཆབ་སྲིད་རང་སྐྱ་ཐུབ་པ་ཞིག་ཡོད་ཚེ། ཆབ་སྲིད་རང་སྐྱ་ཐུབ་པ་ཞིག་གིས་སྐད་ཡིག་རང་སྐྱ་ཐུབ་པ་ཞིག་བཀོལ་སྤྱོད་བྱས་ཚེ་སྐད་ཡིག་དེ་ལ་འཕེལ་རྒྱས་མ་གཏོགས་ཉམས་རྒུད་ཅིག་གཏན་ནས་ཡོད་མི་སྲིད་པ་རེད། ཡིན་ནའང་ང་ཚོའི་ས་གནས་སྲིད་གཞུང་གིས་ང་ཚོའི་སྐད་ཡིག་རང་སྐྱ་ཐུབ་པ་ཞིག་བཀོལ་སྤྱོད་བྱེད་རྒྱུ་ཕར་ཟད། མཐའ་ན་སྐད་ཡིག་རྩ་མེད་དུ་གཏོང་བར་ངན་ཇུས་སྣ་མང་འཐེན་གྱི་ཡོད་པས་ང་ཚོས་མདུང་རྩེ་རྣོན་པོ་འདིའི་ཁ་གཏད་ནས་སྐད་ཡིག་སྲུང་སྐྱོབ་བྱེད་པར་ཧ་ཅང་དཀའ་ལས་བྱུང་བ་དེ་རེད་བསམ་ཡོང་ཞེས་ལན་བཏབ།
དྲི་བ་གཉིས་པ་རྩོམ་རིག་སྐོར་གྱི་དྲི་བ་ཞིག་ཡིན་པས་འདིར་མ་བྲིས།
༢ ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཀུན་བཟང་མཚོ་ཡིན་ཟེར་བའི་བུད་མེད་ཅིག་གིས་ཁ་པར་གྱི་ལམ་ནས།
དྲི་བ༌། ཨ་ཁུ་མགར་རྩེ་འཇིགས་མེད། ད་ལྟའི་བོད་མི་རིགས་ཀྱི་དཀའ་སྡུག་གི་ལོ་ཟླ་འདི་དག་གི་ཁྲོད་དུ་མི་ལ་ལས་ཁྱེད་ཚོ་བུད་མེད་ཚོར་ཆབ་སྲིད་ཀྱི་འོས་འགན་མེད་ཟེར་བས་ལྟ་ཚུལ་འདིར་ཁྱེད་ལ་བསམ་ཚུལ་ཅི་ཞིག་ཡོད།
ལན། ངས་བསམ་ན་བོད་མི་རིགས་ཀྱི་དཀའ་སྡུག་འདི་སེལ་ན་ང་ཚོ་བོད་མི་ས་ཡ་དྲུག་གིས་ལྡོག་རྩ་གཅིག་སྒྲིལ་བྱས་ཏེ་འབད་པ་བྱས་ན་བོད་མི་རིགས་ཀྱི་དཀའ་སྡུག་སེལ་ཞིང་འོད་སྟོང་ལྡན་པའི་མདུན་ལམ་ཞིག་བསྐྲུན་ཐུབ་པ་ལས། ཕོ་མོའི་ཕྱོགས་རིས་དང༌། སྐྱ་སེར་ཕྱོགས་རིས། ཆོལ་ཁའི་ཕྱོགས་རིས། གྲུབ་མཐའི་ཕྱོགས་རིས། ལྟ་ཚུལ་ཕྱོགས་རིས། ལས་རིགས་ཕྱོགས་རིས་སོགས་མདོར་ན་ང་ཚོས་ཕྱོགས་རིས་སྣ་ཚོགས་འཐེན་འཁྱེར་བྱས་ནས་བསྡད་ན་ད་གཟོད་ང་ཚོའི་མི་རིགས་ཀྱིས་འཆི་ལམ་ཁོ་ན་སྙེག་རྒྱུ་རེད་བསམ་ཡོང།
༣ ཤེས་རིག་ནོར་བུའི་སློབ་གླིང་གི་ཡིན་ཟེར་བའི་སློབ་མ་གྲྭ་བ་བསྟན་འཛིན་ཟེར་བ་ཞིག་གིས་ཁ་པར་གྱི་ལམ་ནས།
དྲི་བ། ཨ་ཁུ་འཇིགས་མེད་ལགས། ང་ཚོ་བོད་མི་རིགས་ཀྱིས་ཆིག་སྒྲིལ་ཡོངས་ཐབས་ལ་ཅི་ལྟར་འབད་བརྩོན་བྱས་ན་བཟང་ངམ།
ལན། གཅིག གོང་ས་མཆོག་གཙོ་བྱས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱའི་འོག་ཏུ་དེང་སྐབས་བོད་རིགས་ཚང་མ་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་མེད་པར་ཆིག་སྒྲིལ་ལམ་མཐུན་སྒྲིལ་གྱི་ཕྱོགས་སུ་བསྐྱོད་པ་ཧ་ཅང་བཟང་བས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཡིན་ནའང་ས་ཆ་ག་གེ་མོ་ན། གོ་རྟོགས་མ་སད་པའི་མི་རེ་འགའ་དང༌། ཡང་ན་པེ་ཅིན་སྲིད་གཞུང་གི་བསླུ་བྲིད་ཐེབས་པའི་མི་རེ་འགས་ད་དུང་ང་ཚོའི་ཆིག་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་ཡོད་ཀྱང་ནམ་ཞིག་ཁོ་ཚོས་ཀྱང་བསླུ་བྲིད་དེའི་ངོ་བོ་ཤེས་ཚེ་རང་གི་མི་རིགས་ཀྱི་ཆིག་སྒྲིལ་ལ་འབད་བརྩོན་བྱ་བར་ང་ཡིད་ཆེས་བརྟན་པོ་ཡོད།
གཉིས། ང་ཚོ་བོད་པ་ཚང་མས་ཕན་ཚུན་གྱི་སྐྱིད་སྡུག་དང་སེམས་ཁམས་ངོ་མ་དེར་རྒྱུས་ལོན་བྱེད་པ་དང༌། ཕན་ཚུན་གྱི་ཆོས་ལུགས་གྲུབ་མཐའ་དང་ཡུལ་སྲོལ་གོམས་གཤིས། མི་གཤིས་ལྟ་གྲུབ་ལ་བརྩི་བཀུར་མུ་མཐུད་དུ་བྱས་ན་ཆིག་སྒྲིག་ལ་ཕན་ནུས་རྒྱ་ཆེན་ཐོན་ངེས་རེད་སེམས། ད་དུང་གསལ་བཤད་བྱ་རྒྱུ་ཞིག་ནི། བོད་ཁམས་ཆིག་སྒྲིལ་ནི་བྱ་བཞག་རླབས་ཆེན་ཞིག་ཡིན་པས་གློ་བུར་དུ་བསྐྲུན་ཐུབ་པ་ཞིག་མིན་པས་ང་ཚོས་རིམ་གྱིས་གཙང་བོའི་རྒྱུན་བཞིན་འབད་བརྩོན་བྱ་དགོས་པ་ཞིག་རེད་སེམས་སོ
༤ ཕ་ཡུལ་དབུས་གཙང་ལྷོ་ཁའི་ཡིན་ཟེར་བའི་གྲྭ་བ་བསོད་ནམས་ཟེར་བ་ཞིག་གིས་ཁ་པར་གྱི་ལམ་ནས།
དྲི་བ། མགར་རྩེ་འཇིགས་མེད་ལགས། ང་ཚོས་བོད་མི་རིགས་ཀྱི་སྐྱིད་སྡུག་འདི་གཙོ་བོ་རྒྱལ་ཁབ་ཕྱི་ལ་བསྒྲགས་ན་བཟང་ངམ་ཡང་ན་ས་གནས་སྲིད་གཞུང་ལ་བཤད་ན་བྱ་བཟང་ངམ། སྐུ་ཉིད་སྟབས་བདེ་ན་ངའི་དྲི་བ་འདིར་ལན་ཞིག་གནང་བའི་རེ་བ་ཆེ།
ལན། ངས་བསམ་ན་ས་གནས་སྲིད་གཞུང་ལ་བཤད་ན་བཟང་བར་སེམས།
དྲི་བ། རྒྱུ་མཚན་ག་རེ།
ལན། ང་ཚོས་རང་གི་མི་རིགས་ཀྱི་དཀའ་སྡུག་ཚང་མ་ས་གནས་སྲིད་གཞུང་ལ་ཐབས་ཤེས་སྣ་ཚོགས་སྤྱད་ནས་བཤད་དེ་མཐོ་རིམ་སྲིད་གཞུང་གི་རྣ་ལམ་དུ་ཐོན་དུ་བཅུག་ན་བོད་རྒྱའི་དཀའ་རྙོག་སེལ་བར་ཕན་པ་ཆེ། རྒྱུ་མཚན། ངས་བསམ་ན་ང་ཚོ་བོད་མི་རིགས་ཀྱི་དཀའ་རྙོག་འདི་མི་ལོ་དྲུག་ཅུར་སེལ་མ་ཐུབ་པའི་རྒྱུ་མཚན་མང་བོ་ཞིག་ཡོད་ཀྱང༌། ས་བྱི་ལོའི་བར་དུ་ང་ཚོས་ས་གནས་སྲིད་གཞུང་ལ་སྐྱིད་སྡུག་ཤུགས་ཆེན་གྱིས་བཤད་མ་ཐུབ་པར་དཀའ་སྡུག་ཚང་མ་ཁོག་ཏུ་བཅུག་ནས་བསྡད་པ་དང༌། པེ་ཅིན་སྲིད་གཞུང་གིས་སྲིད་དབང་སྒེར་འཛིན་བྱས་ཏེ་ང་ཚོའི་དཀའ་སྡུག་ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་བསྡད་པ་གཉིས་ནི་གནད་འགག་ཅིག་རེད་བསམ་པས་གཙོ་བོ་ས་གནས་སྲིད་གཞུང་ལ་བཤད་ན་བཟང་བསམ། ཡང་ཅིག་བཤད་ན། ང་ཚོའི་བོད་ཀྱི་དཀའ་རྙོག་ནི་གཙོ་བོ་བོད་མི་རིགས་དང་པེ་ཅིན་སྲིད་གཞུང་བར་གྱི་དཀའ་རྙོག་ཡིན་པ་ལས་ཕྱི་རྒྱལ་དང་བོད་པའི་བར་གྱི་དཀའ་རྙོག་ཞིག་མིན་པས་ས་གནས་སྲིད་གཞུང་ལ་བཤད་ན་བཟང་བསམ་བྱུང༌། གསལ་བཤད་བྱ་རྒྱུ་ཞིག་ནི་ཡང་དང་བསྐྱར་དུ་བཤད་ན་བཟང་བར་སེམས།
༦ ཁམས་ནག་ཆུའི་ཡིན་ཟེར་བའི་གྲྭ་བ་ཞིག་གིས་ཁ་པར་གྱི་ལམ་ནས། ཁོས་མིང་ང་ལ་མ་བཤད།
དྲི་བ། འགར་རྩེ་འཇིགས་མེད་ལགས། སྐུ་ཉིད་ལ་ས་བྱིའི་ཞི་རྒོལ་ལ་ལྟ་ཚུལ་ག་རེ་ཡོད་དམ།
ལན། ངས་བསམ་ན་ས་བྱིའི་ཞི་རྒོལ་ནི་བོད་མི་ས་ཡ་དྲུག་གིས་མི་ལོ་དྲུག་ཅུར་མྱང་བའི་དཀའ་སྡུག་གི་ལོ་ཟླ་རིང་མོའི་ན་ཟུག་ལྕི་མོ་དེ་སེམས་ཀྱིས་མ་ཐེག་པར་ཕྱིར་བུད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
༧ བཀག་གཉེར་ཁང་དུ་རེབ་གོང་གི་ཉེན་རྟོག་པ་ཞིག་གིས་དངོས་སུ། མིང་ང་ལ་མ་བཤད།
དྲི་བ། ཁྱེད་ལ་ད་ལོའི་ལྷ་སའི་རྡུང་སྲེག་བཅོམ་གསུམ་ལ་ལྟ་ཚུལ་ཅི་ཞིག་ཡོད།
ལན། ངས་ད་ལོའི་ལྷ་སའི་ཞི་རྒོལ་ནི་རྡུང་སྲེག་བཅོམ་གསུམ་ཞིག་ཡིན་པའི་ངོས་འཛིན་གཏན་ནས་བྱེད་མི་ཐུབ། རྒྱུ་མཚན། ཞི་རྒོལ་འདིའི་ནང་དུ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཀའ་རྙོག་དང༌། དངོས་ཡོད་འཚོ་བའི་དཀའ་སྡུག་སོགས་འདྲེས་ཡོད་པ་མ་ཟད། ཉེ་ལམ་སྲིད་གཞུང་གི་གཡོ་ཇུས་འཁྲབ་སྟོན་ཡང་འདྲེས་ཡོད་པས་ངས་རེ་བ་ཡིན་ན་ཏང་སྲིད་གཉིས་ཀྱིས་གནས་ཚུལ་འདིའི་འབྱུང་རྐྱེན་ངོ་མ་ལ་རྟོག་ཞིབ་བཟང་བོ་ཞིག་བྱ་རྒྱུ་དེ་ཡིན།
༨ རྨ་ལྷོ་ཁུལ་གྱི་ཁྲིམས་ཁང་གི་མཐོ་རིམ་ཉེན་དཔོན་ཞིག་གིས་ཁྲིམས་ཁང་དུ། མིང་ང་ལ་མ་བཤད།
དྲི་བ་དང་བོ། ཁྱེད་ལ་ཏང་དང་སྲིད་གཞུང་ལ་བཤད་རྒྱུའི་རེ་བ་ཅི་ཞིག་ཡོད།
ལན། ངའི་རེ་བ་དང་བོ་ནི་ཏང་སྲིད་མཐོ་རིམ་མགོ་ཁྲིད་རྣམས་ཀྱིས་གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་ཡིན་ཞེས་བཤད།
དྲི་བ་གཉིས་པ། ཡང་ཉེན་དཔོན་གྱིས་དེ་ང་ལ་བཤད་མ་བཤད་མེད། དེ་ལས་གཞན་པའི་རེ་བ་མདོར་བསྡུས་ཤིག་བཤད་རྒྱུ་ཡོད་དམ་ཟེར།
ལན། བོད་ཀྱི་རང་སྐྱོང་ས་གནས་ཁག་ཏུ་རང་གི་སྐད་ཡིག་བཀོལ་སྤྱོད་གཙོ་བོར་བྱ་རྒྱུ་དང༌། རང་སའི་ལས་གནས་སྣ་ཚོགས་རང་གི་མི་རིགས་ཀྱི་ལས་བྱེད་པར་དབང་རྒྱུ། བོད་ཀྱི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ལམ་ནས་རྒྱུགས་བླངས་ཏེ་ལས་བསྒོས་བྱ་རྒྱུ། མདོར་ན་སྐད་ཡིག་འདྲ་མཉམ་དང༌། མི་རིགས་དྲ་མཉམ་ཡོང་རྒྱུ་ནི་གོང་གི་དེ་ལས་གཞན་པའི་ངའི་རེ་བ་གཙོ་བོ་ཡིན་ཞེས་བཤད།
༩ མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་རིན་ཆེན་ཟེར་བ་ཞིག་གིས་ཁ་པར་ལམ་ནས།
དྲི་བ། མགར་རྩེ་འཇིགས་མེད། ཁྱེད་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་རེ་བ་གང་ཞིག་ཡོད་དམ།
ལན། ང་ལ་རེ་བ་ཅི་ཡང་མེད། རྒྱུ་མཚན་སྲིད་དབང་ཡོད་ཚད་པེ་ཅིན་སྲིད་གཞུང་གིས་བཟུང་ཡོད་ཕྱིར། དེ་ནི་བཀས་བཀོད་རྒྱུད་འཛིན་གྱི་འཁྲབ་སྟོན་ཞིག་ཡིན་པས་རེ་བ་གང་ཡང་མེད།
༡༠ ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན་ཟེར་བ་ཞིག་གིས་ཁ་པར་གྱི་ལམ་ནས། མིང་ང་ལ་མ་བཤད།
དྲི་བ་དང་བོ། མགར་རྩེ་འཇིགས་མེད་ཁྱེད་ལ་ཞོགས་དུང་གི་གནམ་ས་གོ་འབྱེད་དང་ཐེའུ་རང་གི་ཁྲག་ཡིག་གཉིས་ལ་ལྟ་ཚུལ་ཅི་ཞིག་ཡོད།
ལན། ངས་དཔེ་དེབ་རིན་ཐང་ཅན་འདི་གཉིས་ལ་བལྟས་མྱོང་བ་མ་ཟད། ཁོང་རྣམ་པ་གཉིས་ཀྱི་སྙིང་སྟོབས་དང་ཤེས་ཚད་ལ་ཡི་རང་བྱེད་ཀྱི་ཡོད།
དྲི་བ་གཉིས་པ། བོད་མི་རིགས་ཀྱི་གནད་དོན་འདི་ལྷ་ཆོས་རིག་པས་འགྲུབ་བམ་མི་ཆོས་རིག་པས་འགྲུབ་བམ་ལན་མདོར་བསྡུས་ཤིག་གནང་རོགས།
ལན། ཁྱེད་ཀྱི་དྲི་བ་འདི་ནི་ཧ་ཅང་དཀའ་གནད་ཅིག་ཡིན་པས་ངས་ལན་འདེབས་དཀའ་ནའང་ཁྱེད་ཀྱི་རེ་བ་བཞིན་རང་གི་སེམས་ཚོར་ཅིག་བཤད་ན། ང་ཚོ་བོད་མི་རིགས་ལ་མཚོན་ན་མིག་སྔར་ཆེས་མཁོ་བ་ནི་ལྷ་ཆོས་རིག་པ་རེད། རྒྱུ་མཚན། གལ་ཏེ་མིག་སྔར་ལྷ་ཆོས་རིག་པས་མི་རིགས་འདིའི་ཚེ་སྲོག་བཟུང་ཡོད་ཕྱིར་གལ་ཏེ་ལྷ་ཆོས་རིག་པ་འདི་མེད་པར་བཏང་ན་མི་རིགས་འདི་འཆི་ངེས་རེད། ཡིན་ནའང་ནམ་ཞིག་བོད་མི་རིགས་ལ་རང་དབང་རང་སྐྱོང་གི་དུས་ཞིག་ཐོབ་སྲིད་ན་དེ་དུས་བོད་མི་རིགས་ཀྱི་ཆབ་སྲིད་གཙོ་བོ་མི་ཆོས་རིག་པས་བསྐྱངས་ན་ལེགས་པར་སེམས། ཡིན་ནའང་འགྲོ་བ་མི་ཞིག་དང༌། ཡང་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གང་ཡིན་ཡང་ལྷ་ཆོས་རིག་པ་དང་མི་ཆོས་རིག་པ་གཉིས་ཀ་མི་ཞིག་གི་མིག་གཉིས་ནང་བཞིན་གཏན་ནས་མེད་ཐབས་བྲལ་བ་ཞིག་རེད་ཅེས་ངས་རྒྱུན་ཏུ་སེམས་ཀྱི་ཡོད་པ་མ་ཟད། ལྟ་ཚུལ་འདི་ནི་ངའི་མི་ཚེའི་ཕུགས་བསམ་གྱི་གཞི་འཛིན་ས་ཞིག་ཀྱང་ཡིན།
༡༡ ཕ་ཡུལ་རྨ་ཆུའི་ཡིན་ཟེར་བའི་དགེ་རྒན་ཞིག་གིས་ཁ་པར་གྱི་ལམ་ནས། མིང་ང་ལ་མ་བཤད།
དྲི་བ། མགར་རྩེ་འཇིགས་མེད། བོད་ཀྱི་སྐད་ཡིག་རང་དབང་གི་སློབ་མའི་ཞི་རྒོལ་ཆེན་མོར་ཁྱེད་ཀྱིས་རེ་བ་ཅི་ཞིག་བཟུང་ཡོད།
ལན། ངས་སློབ་ཕྲུག་ཚོའི་སྐད་ཡིག་འདྲ་མཉམ་གྱི་ཞི་རྒོལ་ཆེན་མོར་རེ་བ་ཧ་ཅང་ཆེན་པོ་བཟུང་ཡོད། རྒྱུ་མཚན་ག་རེ་ཞེ་ན། འདི་འདྲའི་སློབ་ཕྲུག་ཁྲི་སྟོང་མང་བོར་སྣེ་ཁྲིད་དང་གཅིག་བསྡུས་བྱེད་མཁན་གཅིག་ཀྱང་མེད་པར་མ་བགྲོས་གཅིག་མཐུན་གྱིས་ཞི་རྒོལ་གནང་ཐུབ་པ་འདིས་བོད་ཀྱི་སློབ་ཕྲུག་འབུམ་ཕྲག་མང་བོའི་བསམ་བློའི་གོ་རྟོགས་ཀྱི་ཚད་གཞི་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་ཤེས་ཐུབ་པས་ངས་མ་འོངས་པར་བོད་ཀྱི་སློབ་ཕྲུག་འདི་དག་གིས་སྐད་ཡིག་འདྲ་མཉམ་གྱི་ཐོབ་ཐང་མ་ཟད། སྲིད་དབང་དང་རིག་གནས་འདྲ་མཉམ་གྱི་ཐོབ་ཐང་ཡང་ཁོ་ཚོའི་ཀླད་པའི་ནང་དུ་འཁོར་ཐུབ་པའི་རེ་བའང་ཧ་ཅང་ཆེན་པོ་བཟུང་ཡོད་པ་མ་ཟད། ད་དུང་ནམ་ཞིག་ཁོ་ཚོས་བོད་ཀྱི་བདེན་མཐའ་སེལ་ཐུབ་པའི་རེ་བའང་ཧ་ཅང་ཆེན་པོ་བཟུང་ཡོད།
༡༢ ཕ་ཡུལ་མཚོ་ལྷོ་ནས་ཡིན་ཟེར་བའི་གྲྭ་བ་བློ་བསྟན་གྱིས་ཁ་པར་གྱི་ལམ་ནས༌།
དྲི་བ། ཨ་ཁུ་མགར་རྩེ་འཇིགས་མེད་ལགས། ད་སྐབས་ང་ཚོ་བོད་ཀྱི་གླུ་བ་གླུ་མ་རྣམས་ལ་ལ་རྒྱའི་མེ་ལྕེ་དྲག་ཏུ་འཕྱུར་བཞིན་པ་དོན་དངོས་ཤིག་ཨེ་རེད། འདིས་བོད་མི་རིགས་ལ་ཕན་པ་ཅི་ཞིག་བསྒྲུབ་ཐུབ་ཟེར།
ལན། གྲོགས་པོ་ལགས། ད་སྐབས་བོད་མི་རིགས་ཀྱི་གཞོན་སྐྱེས་གླུ་བ་གླུ་མ་རྣམས་ལ་རྒྱའི་མེ་ལྕེ་དྲག་ཏུ་འཕྱུར་བཞིན་པ་འདི་ནི་ཧ་ཅང་ཕྱི་གསལ་ནང་གསལ་གྱི་དོན་དངོས་ཤིག་ཡིན་པ་མ་ཟད། འདི་ནི་ང་ཚོ་བོད་མི་རིགས་ལ་རེ་བ་ཡོད་པའི་དགའ་འོས་པའི་བྱ་བཞག་རླབས་ཆེན་ཞིག་རེད། རྒྱུ་མཚན་མདོར་བསྡུས་ཤིག་བཤད་ན། བོད་ཀྱི་གླུ་བ་གླུ་མ་ཚོས་རང་གི་མི་རིགས་ལ་བརྩེ་ཞེན་ཟབ་མོས་ལ་རྒྱའི་གླུ་གཞས་སྣ་ཚོགས་ལེན་བཞིན་པ་འདིས་ང་ཚོས་རླབས་ཆེན་གྱི་བྱ་བཞག་ཅིག་འགྲུབ་པར་རྨང་གཞི་གང་ལེགས་འཇོག་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ལ། བོད་རིགས་སྤུན་ཟླ་ཚང་མས་ཡིད་ཆེས་བརྟན་པོ་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན།
༡༣ རྫ་སེར་ཤུལ་གྱི་ཡིན་པའི་གྲྭ་བ་ཤེས་རབ་གྲགས་པས་ཟི་ལིང་གི་ཟ་ཁང་ཞིག་ཏུ།
དྲི་བ། ལ་རྒྱའི་རྩོམ་ཡིག་དང་གཏམ་བཤད་ཀྱིས་བོད་ཀྱི་གནད་དོན་སེལ་བར་ནུས་པ་ག་འདྲ་ཞིག་ཐོན་ཐུབ།
ལན། ལ་རྒྱའི་རྩོམ་ཡིག་གཅིག་དང༌། ཡང་ན་གཏམ་བཤད་གཅིག་གིས་དེ་མ་ཐག་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་གནད་དོན་སེལ་སོང་བ་ཞིག་ངས་ད་ལྟའི་བར་དུ་འཛམ་བུ་གླིང་གི་ལོ་རྒྱུས་ཁྲོད་དུ་མཐོང་མ་བྱུང༌། ཡིན་ནའང་ལ་རྒྱའི་རྩོམ་ཡིག་དང་ལ་རྒྱའི་གཏམ་བཤད་ཀྱི་ནུས་ཤུགས་ལ་བརྟེན་ནས་མི་རིགས་ཤིག་དང་རྒྱལ་ཁབ་ཀྱི་དོན་ཆེན་གང་མང་འགྲུབ་པའི་རྨང་གཞིར་གྱུར་བ་སྐུ་ཉིད་ཀྱིས་འཛམ་གླིང་ལོ་རྒྱུས་ལ་ཞིབ་གཟིགས་གནང་ན་ཤེས་ཐུབ་པས་ངས་རྒྱས་བཤད་བྱ་མི་དགོས། གང་ལྟར་ཁྱེད་ཀྱིས་དོན་ཆེན་གང་འདྲ་ཞིག་བསྒྲུབ་འདོད་ན་དཀའ་ལས་དེ་འདྲ་ཞིག་རྒྱག་དགོས་པ་རེད་བསམ་བྱུང༌། ཞེས་བཤད།
—-མུ་འགོད།
བཀའ་དྲིན་ཆེ་་་་་ཁོམ་དུས་ལྟ་ཀི་ཡོད།
མགར་འཇིགས་ལགས་ཀྱི་བཙན་པོའི་སྙིང་སྟོབས་ཚ་ཚང་ཞིག་ཀློག་ཚར་བ་ཡིན་ཧ་ཅང་ཡིད་སྨོན་སྐྱེས་དགོས་བའི་གནས་ཤིག་དུ་མཐོང་སོང་མི་རིགས་དང་རིག་གཞུང་་འཁོར་ཡུལ་གྱི་བདེ་སྡུག་སོགས་རང་གི་ཚེ་སྲོག་དུ་རློམ་ནས་མི་ཚེའི་སྙིང་བོ་རིག་གཞུང་གི་རིན་ཐང་དུ་འཚོལ་ནས་ལམ་ལ་བགྲོད་པ་དགའ་མགུ་ཡོད།