གངས་དཀར་རྒྱལ་སྲས།
ས་མཐའ་ཞིག་འགྲིམས་ན་ཡང་འདོད་ཀྱང་།།
འཇོན་ཐང་གི་ཆོག་མཆན་དེ་མེད་པས།།
ལས་དབང་ལ་སྒུག་པ་རང་་མ་གཏོགས།།
ལམ་ཐིག་ཅིག་རྙེད་པ་ནི་མ་བྱུང་།།
ཕྱི་རྒྱལ་ལ་འགྲོ་རྒྱུ་ཞིག་དྲན་མོད།།
ཕྱི་གླིང་ལ་སོང་བ་ཚོ་དྲན་དུས།།
རང་ཉིད་ཀྱང་འགྱུར་འགྲོ་བར་དོགས་ནས།།
འགྲོ་རྒྱུ་ཡང་དྲན་ངོས་ནས་བརྗེད་སོང་།།
རྒྱུ་ནོར་ཞིག་བཙལ་ན་ཡང་འདོད་མོད།།
ཕྱུག་པོ་ལ་གྱུར་བ་ཡི་རྗེས་སུ།།
བརྩེ་དང་གྲོགས་འདང་དེ་བོར་བའི།།
མི་བུ་དག་མཐོང་བ་ཡིས་སྐྲག་འོང་།།
སྒྱུ་ལུས་འདི་མ་འཇིག་གི་བར་དུ།།
རྒྱུ་ནོར་དེ་མེད་ནའང་མི་ཆོག །
རྒྱུ་ནོར་ལ་མགོ་བོ་དེ་འཁོར་ནས།།
ཆུང་འགྲོགས་དག་བརྗེད་ནའང་སྐྱོ་བ།།
གྲོགས་པོ་ཚོའི་འདང་བརྩེ་དེ་བསམ་ན།།
གཏིང་མཐའ་ཞིག་ཡོད་པ་ནི་མ་དྲན།།
ཁོར་ཡུག་དག་འགྱུར་ནས་རང་སོང་ན།།
གྲོགས་ཚོགས་ཀྱང་འགྱུར་ནས་རང་བུད་འགྲོ །
འགྱུར་ལྡོག་གི་ཆོས་ཉིད་རང་བསམ་ན།།
དེ་དག་ལ་ཧ་ལས་པ་རང་མེད་ཀྱང་།།
འདས་སོང་གི་ལོ་ཟླ་དག་དྲན་ན།།
ཡིད་ཆེས་ཤིག་སེམས་ངོགས་ནས་རྙེད་དཀའ།།
ཁ་ཡག་དང་སེམས་གསོ་ཡི་སྐད་ཆ།།
བྱིས་པ་ཚོར་འཕྲོད་འཕྲོད་དུ་ཡོད་ཀྱང་།།
མི་རྒན་ཚོར་མི་འཕྲོད་པའི་གནས་ལུགས།།
སྔ་མོ་ནས་ཤེས་ན་རང་དགའ་བ།།
བློས་ཐུབ་ཚོའི་སེམས་པ་དང་མི་གཞི།།
ཡིད་ཆེས་ཀྱི་སྲོག་ཤིང་ལ་བརྒྱུས་དེ།།
བརྩེ་འདང་གི་རུམ་ཁུག་ལ་ཉར་ཡོད།།
མ་ཤི་བར་བརྗེད་པ་རང་མི་སྲིད།།