ཚངས་སྲས་རྒྱལ་མོའི་སྲས་པོ།
༡༽པདྨ་ལས་འཁྲུངས་རྡོ་རྗེ་དྭངས་མའི་སྐུ།།
ལྷུན་གྲུབ་མཚན་དཔེ་རབ་རྫོགས་ཐུགས་རྗེ་གཏེར།།
བསིལ་ལྡན་འགྲོ་བའི་མགོན་གཅིག་གུ་རུ་པདྨ་འབྱུང་།།
དགེ་ལེགས་ཤིས་པའི་མེ་ཏོག་དེང་འདིར་སྩོལ།།
༢༽རབ་འབྱམས་རྒྱལ་བའི་སྙིང་རྗེ་མཚཽ་མོ་ལས།།
ཉེར་འཁྲུངས་གངས་ཅན་ལྷ་སྐལ་སྤྱན་རས་གཟིགས།།
ཞིང་འདིར་གསུམ་ལྡན་རྡོ་རྗེ་འཛིན་པའི་གར།།
༧བསྟན་འཛིན་རྒྱ་མཚོ་སྒོ་གསུམ་ཕྱག་གི་ཡུལ།།
༣༽དད་གསུམ་རླུང་གིས་བསྐུལ་བའི་སོར་བཅུ་འདབ།།
ཆོས་ཀྱི་འཁོར་ལོ་མདུན་སར་རབ་ཟུམ་ཞིང་།།
བསྟོད་ཚིག་མེ་ཏོག་གསར་པའི་ཆུན་པོ་འདི།།
གངས་ཅན་མགོན་པོ་དགྱེས་པའི་སྐྱེས་སུ་འབུལ།།
༤༽མགོན་ཁྱོད་ཡེ་ནས་ཆོས་སྐུའི་ཞིང་ཁམས་སུ།།
ཁྱད་ཆོས་དྲུག་གི་མངོན་སངས་རྒྱས་ཟིན་ཀྱང་།།
མཚུངས་མེད་འགྲོ་ལ་ཆགས་པའི་རྟེན་འབྲེལ་གྱིས།།
བསིལ་ལྡན་ལྗོངས་སུ་སྤྲུལ་པའི་ཟློས་གར་བསྒྱར།།
༥༽དེ་ཚེ་ངོ་མཚར་རྟགས་མཚན་དུ་མ་ཡིས།།
རྒྱལ་བའི་ཡང་སྲིད་འཁྲུལ་མེད་ངོས་འཛིན་བས།།
དཀར་ཕྱོགས་ལྷ་རྣམས་རབ་ཏུ་དགའ་གྱུར་ཏེ།།
ཆར་པའི་ཟོལ་གྱིས་བསྟོད་པའི་མེ་ཏོག་འཐོར།།
༦༽དགྲང་བྱ་དཀྱིལ་འཁོར་མ་རྫོགས་ན་ཕྲ་ཡང་།།
སྐྱེས་སྦྱངས་ཤེས་རབ་མཛེས་པའི་ལང་ཚོ་ཡིས།།
མདོ་སྔགས་གཞུང་བརྒྱའི་ན་ཆུང་སྨིན་ལས་མ།།
ཁྱེད་ཐུགས་དགྱེས་པའི་གྲོགས་སུ་འགུགས་མིན་ནམ།།
༧༽བརྒྱད་གཉིས་ལང་ཚོ་དཔལ་གྱིས་ཕྱུག་པ་ན།།
ལུགས་གཉིས་རྩིབས་སྟོང་འཁོར་ལོ་ཕྱག་ཏུ་བསྣམས།།
མཁྱེན་གཉིས་ཡེ་ཤེས་ཉི་ཟླའི་འོད་སྣང་གིས།།
སྒྲིབ་གཉིས་མུན་པའི་དཔུང་ཚོགས་མཐའ་རུ་བསྐྲད།།
༨༽མེས་དབོན་རྣམ་གསུམ་ཐུགས་བསྐྱེད་འོད་བསྲུངས་ཀྱིས།།
ལེགས་དྲངས་གངས་ཅན་ཆོས་སྲིད་པདྨའི་གཉེན།།
དམར་ཕྱོགས་ཆུ་འཛིན་ཕུང་པོས་བསྒྲིབས་ཉེར་ཚེ།།
གང་ཐུགས་ཆུ་ཤེལ་དབང་པོ་ཤར་ནས་འཛུམ།།
༩༽རྣམ་དག་ཚུལ་ཁྲིམས་གཙང་མའི་སྡོང་པོ་ལ།།
རྣམ་དཀར་བྱང་ཆུབ་སེམས་ཀྱི་འདབ་བརྒྱ་བཞད།།
རྣམ་གྲོལ་བསྐྱེད་རྫོགས་ལྟ་བའི་ཟེའི་འབྲུ་སྨིན།།
རྣམ་འདྲེན་ཁྱེད་ནི་སྔོན་མེད་མཚོ་སྐྱེས་ཞིག།
༡༠༽སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དགོངས་པའི་གནད།།
འགལ་མེད་རོ་གཅིག་མཁྱེན་པའི་ང་རོ་ཡིས།།
ཕྱོགས་རེ་ཞེན་ལྟ་ཅན་གྱི་ཝ་སྐྱེས་ཚོགས།།
མ་སྨྲ་བརྟུལ་ཞཱུགས་འཛིན་ཅིང་ནགས་ཀླུང་ཉུལ།།
༡༡༽དམིགས་མེད་སྙིང་རྗེ་སྟོབས་ནི་ཤུགས་དྲག་སྟེ།།
མཐའ་མེད་ཉམ་ཐག་འགྲོ་བའི་སེམས་ཅན་ལ།།
ཕངས་མེད་ལུས་དང་ལོངས་སྤྱོད་ཡོངས་བཏང་བས།།
མཚུངས་མེད་རྒྱལ་པོ་ཟླ་འོད་སླར་ཡང་དྲན།།
༡༢༽ཞི་དུལ་སྤྱོད་པ་ཕྱག་མཚན་ཐལ་མོ་དང་།།
ཞི་བའི་གསུངས་མཆོག་ཆོས་ཀྱི་སྒྲ་དབྱངས་ཀྱིས།།
ཞི་བདེ་ས་གསུམ་སྤེལ་བའི་གཉེན་གཅིག་པུ།།
ཞི་བདེ་དེད་དཔོན་ཆེན་པོ་ཁྱེད་ལ་བསྟོད།།
༡༣༽སྙིགས་ལྔའི་མུན་པ་ཕྱོགས་རྣམས་ཀུན་ནས་བདོ།།
བསྟན་འཛིན་ཕལ་ཆེར་ཞི་བའི་དབྱིངས་སུ་གཟིམས།།
མགོན་མེད་སེམས་ཅན་ནམ་ཡང་མི་འདོར་བའི།།
ཐུགས་བསྐྱེད་དམ་བཅའ་བརྟན་པ་ཁྱེད་ཉིད་ཙམ།།
༡༤༽ཁྱེད་ཀྱི་རྣམ་ཐར་གསང་གསུམ་ཆུ་གཏེར་ཆེ།།
བདག་བློ་མཛུབ་རྩེའི་གཏིང་དཔོགས་མི་ནུས་མོད།།
གང་གི་འཁྲུངས་སྐར་བཀྲ་ཤིས་དགེ་བའི་ཉིན།།
དམན་པས་བསོད་ནམས་བསགས་པའི་སྐལ་དུ་བླངས།།
༡༥༽ཚེ་ལ་དབང་བའི་ལྷ་མཆོག་རྣམ་གསུམ་དང་།།
འཆི་མེད་གུ་རུ་ཚེ་དབང་ལྷ་ཚོགས་ཀྱིས།།
མགོན་པོ་གང་གི་སྐུ་ཚེ་བསྐལ་བརྒྱ་བར།།
རབ་བརྟན་ཐུགས་བཞེད་གེགས་མེད་ལྷུན་འགྲུབ་ཤོག།
ཅེས་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་ཉེར་འགྲམ་མ་ལ་ཡའི་དྲི་བསུང་འཐུལ་བའི་གནས་མཆོག་ནས་མགོན་པོ་གང་ལ་ཁ་ཅཾམ་མིན་པ་སྙིང་ཁོང་རུས་པའི་གཏིང་ནས་དད་ཅིང་གསུང་གི་བདུད་རྩི་མྱངས་བའི་སློབ་འབངས་ཐ་ཤལ་བ་ཚངས་སྲས་རྒྱལ་མོའི་སྲས་པོ་ནས་གང་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་བཅས་གུས་པས་ཕུལ་བའོ།།