པུས་བུས་བོལ་དྷུས་ཡ་ཐ་ཡིས་བརྩམས། ཟླ་ཟེར་ཀྱིས་བསྒྱུར།
རང་དབང་ཞེས་པའི་ཐ་སྙད་འདི་བསྒྲགས་པ་དང་། ས་གཞི་འདིའི་སྟེང་ལ་འཚོ་བའི་མི་ཚང་མས་སེམས་པའི་གཏིང་ནས་རང་དབང་ནི་ངེས་པར་དུ་དགོས་པ་འདོད་ལ། ང་ཚོ་ཕལ་ཆེར་བས་རང་དབང་ཞེས་པ་ནི། གང་ཞིག་ལས་རང་དབང་ཐོབ་པའམ་ཅི་ཞིག་བསྒྲུབ་ཆོག་པ་དེ་ཡིན་པ་དྲན། དཔེར་ན། བྱིས་པ་ཚོས་དུས་རྟག་ཏུ་ཕ་མས་བཞག་པའི་སྒྲིག་ཁྲིམས་ལས་ཐར་བའི་གོ་སྐབས་འཚོལ་བ་དང་། ན་གཞོན་ཚོ་དགའ་རོགས་བསྒྲིག་རྒྱུའི་རང་དབང་ལ་ལྷག་པར་མོས་ཤིང་། རྒན་པ་ཚོས་ནི་ན་ཚ་དང་བག་མེད། ཁེར་རྐྱང་ལས་ཐར་བའི་རང་དབང་ལ་རེ་བ་བྱེད།
འོན་ཀྱང་། དོན་དམ་གྱི་རང་དབང་ནི་འདི་འདྲ་ཞིག་གཏན་ནས་མ་རེད། དོན་དམ་གྱི་རང་དབང་ཞེས་པ་ནི་རང་ཉིད་གང་འདྲ་ཡིན་པ་དེ་བྱེད་ཐུབ་པའི་ནུས་སྟོབས་ལ་གོ ང་ཚོ་ཚང་མ་རང་ཉིད་ཀྱི་མི་གཞི་དང་འདོད་པ། མོས་པ། དགའ་ཕྱོགས། མི་དགའ་ཕྱོགས་བཅས་ཀྱིས་སོ་སོ་གཞན་དང་མི་འདྲ་བ་རེ་ཡིན་པ་དང་། འདི་ཚོ་ལ་ལྟོས་ཏེ་ང་ཚོ་གང་འདྲ་ཡིན་པ་དེ་ཆགས། ཡིན་ནའང་། ཤིན་ཏུ་སྟབས་ལེགས་པ་ལ་ང་ཚོ་ཁ་ཤས་ཤིག་གིས་ཕྱི་ནང་གི་ཁོར་ཡུག་ལ་དབང་བསྒྱུར་བྱས་ཐུབ་ནས་དངོས་གནས་རང་ཉིད་གང་འདྲ་ཡིན་པ་དེ་བསྟན་ཐུབ་ཀྱི་ཡོད།
དེར་བརྟེན་ང་ཚོ་གང་འདྲ་མ་ཡིན་པ་དེ་མཇུག་བསྡོམ་བརྒྱག་ཐུབ་ཡོད། ཁྱིམ་ཚང་དང་སྤྱི་ཚོགས། གྲོགས་པོ། ལས་རོགས་རྣམས་ཀྱིས་ང་ཚོ་ལ་ཁོར་ཡུག་ཞིག་བསྐྲུན་གིན་ཡོད། མ་གཞི་དེ་ལ་ཀུན་སློང་ཡག་པོ་ཡོད་སྲིད་ཀྱང་། དེས་ཆ་རྐྱེན་ཞིིག་བསྐྲུན་ནས་བཙན་དབང་གིས་གང་ཞིག་བསྒྲུབ་བཅུག་པ་དང་ང་ཚོ་གང་འདྲ་མ་ཡིན་པ་དེ་ཆགས་བཅུག་ཞིང་། རུས་རིགས་ཀྱི་དབྱེ་བ་དང་ཁྱད་པར་མེད་པར། ང་ཚོ་མང་པོ་ཞིག་ལ་ང་ཚོ་རང་ཉིད་གང་འདྲ་ཡིན་པ་ཆགས་པ་ལས་གཞན་གྱིས་ང་ཚོ་གང་འདྲ་ཆགས་འདོད་པ་དེར་འཚམས་པོ་ཡོད། བྱིས་པ་ཀུན་སྤྱོད་ཡག་པོ་བསླབ་ཚར་བ་དང་གོམས་གཤིས་ལེགས་པོ་སྦྱར་ཚར་མཁན་ལ་ཡིད་སྨོན་དང་བྱ་དགའ་རག་ཞིང་། གང་ཞིག་དགག་ལན་བརྒྱག་མཁན་ཡིན་ན་བཀའ་བཀྱོན་དང་ཉེས་བརྡུང་རེག དེ་བས་གཞན་ལས་མོས་མཐུན་དང་བྱ་དགའ་ཐོབ་པའི་ཆེད་དུ་བྱིས་པ་ཚོས་རང་བཞིན་གྱིས་དོན་དུ་རང་ཉིད་གང་འདྲ་ཡིན་པ་དེ་མ་ཡིན་པའི་འཁྲབ་སྟོན་པ་ཞིག་བྱེད་འགོ་བརྩམས་ཡོང་། འདི་ལྟར་བྱིས་པའི་དུས་ནས་བཟུང་ང་ཚོས་རང་ཉིད་གང་འདྲ་ཡིན་པ་ཆགས་པའི་རང་དབང་བརླགས་ནས་གཞན་གྱིས་ང་ཚོ་གང་ཆགས་པ་འདོད་པ་དེ་ཆགས་འགྲོ
གནད་དོན་འདིས་ང་ཚོའི་སེམས་ཁོང་དུ་རྙོག་འཛིང་དང་ཟིང་འཁྲུག་ཆེན་པོ་སློང་། ང་ཚོས་དངོས་གནས་གང་བྱེད་འདོད་པ་དང་ཅི་བཤད་འདོད་པ། གཞན་གྱིས་ང་ཚོ་ལ་བཙན་དབང་གིས་བྱེད་བཅུག་པའི་དབར་ལ་མི་མཐུན་པ་བྱུང་དུས། དེའི་མཇུག་འབྲས་ནི་དཀའ་ངལ་ཡིན། དཀའ་ངལ་ནི་ཚན་རིག་པས་ར་སྤྲོད་བྱས་པ་ལྟར་ན་ལུས་སེམས་གཉིས་ལ་འབྱུང་ཞིང་ལུས་སེམས་གཉིས་ཀ་ལ་ན་ཚ་མང་པོ་བཟོ། གཞོན་པ་ཡིན་དུས། ང་ཚོ་ལ་བཅོས་ཐབས་མེད་པའི་ནད། མགོ་ནད་དང་སྒལ་ཚིགས་ཀྱི་ནད། ཕོ་ནད། ཁྲག་ཤེད་མཐོན་པོ། ཐང་ཆད་པ་དང་ཀ་རའི་ནད་སོགས་ཀྱིས་མནར་ཚེ། རྒྱུན་དུ་ང་ཚོས་ནད་དེའི་རྒྱུ་རྐྱེན་རང་ཉིད་གང་འདྲ་ཡིན་པ་བྱེད་པ་དང་། རང་ཉིད་གང་འདྲ་ཞིག་ཡིན་པ་འཛེར་མེད་ཀྱི་སྒོ་ནས་སྟོན་པའི་རང་དབང་དེ་དབེན་པས་ཡིན་པ་མ་ཤེས་པར་གསོ་རིག་གི་བཅོས་ཐབས་ལ་བརྟེན། གསོ་རིག་གིས་ན་ཚའི་དངོས་ལུགས་ལ་མ་དཔྱོད་པར་རྟགས་མཚན་དང་མཐའ་མའི་མཇུག་འབྲས་ལ་བཅོས་ཀྱི་ཡོད། དེའི་ཕྱིར་གསོ་རིག་གི་བཅོས་ཐབས་ཀྱིས་རྒྱུན་ཏུ་ན་ཚ་འདི་དག་གི་ནད་རྟགས་ཀྱི་ཚད་གཞི་སྒོ་ནས་བཅོས་པ་དང་བསྒྱུར་བ་བྱེད་ཐུབ་ཀྱང་། བཅོས་ཐབས་དེ་དག་མི་ཚེ་གང་ལ་བྱེད་དགོས་པ་ཆགས་འགྲོ
དེར་བརྟེན་ང་ཚོས་རང་ཉིད་ལ་བསམ་བློ་ཡི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་། དངོས་གནས་རང་ཉིད་ཀྱིས་གང་བྱེད་འདོད་པ་དེ་བྱེད་ཆོག་པའི་འཐུས་ཚང་གི་རང་དབང་ཞིག་སྤྲོད་དགོས། འདི་ལྟར་ཟེར་དུས་རང་འདོད་ཚ་པོ་དང་མི་གཞན་ལ་གནོད་སྐྱོན་གཏོང་ཆོག་ཟེར་གིན་མེད། དེ་ལས་ལྡོག་སྟེ། རང་ཉིད་ཀྱི་རང་དབང་ལ་མཐོང་ཆེན་བརྩི་མཁན་གྱི་མི་ཞིག་གིས་དེ་མ་ཐག་མི་གཞན་གྱི་རང་དབང་གི་རིན་ཐང་ཡང་རྟོགས། འཐུས་ཚང་གི་རང་དབང་ཞེས་པ་ནི་མི་ཚང་མའི་རང་དབང་ལ་གོ འདི་ནི་ང་ཚོ་རང་ཉིད་དང་ཕ་རོལ་པ་གཉིས་ཀ་འཆིང་བསྡོམ་ལས་བཀྲོལ་བ་དེ་ལ་ཟེར། ང་ཚོས་རང་ཉིད་ལ་ཚད་གཞི་ལྡན་པའི་རང་དབང་ཞིག་སྤྲོད་མ་ཐག ང་ཚོས་དངོས་གནས་གང་ཞིག་བྱེད་འདོད་པ་དང་ཇི་ལྟར་བྱེད་པ། ཚད་གཞི་གང་འདྲ་ཞིག་གི་སྒོ་ནས་བྱེད་པ་བཅས་ལ་བསམ་བློ་གཏོང་དགོས། རང་དབང་གི་སེམས་པ་ཞིག་གིས་གནད་དོན་ཡོངས་ལ་བསམ་བློ་གཏོང་ན་ད་གཟོད་ང་ཚོས་ཡང་དག་པའི་བྱ་བ་གདམས་ཁ་བྱེད་ཆོག ང་ཚོས་རང་དབང་དང་བྲལ་བའི་སེམས་པ་ཞིག་གིས་བསམ་བློ་གཏོང་བ་དང་། ང་ཚོས་མི་གཞན་གྱིས་ང་ཚོ་ལ་ཇི་ལྟར་བསམ་པ་དང་གང་ཞིག་ལབ་པ་ལ་སེམས་ཁྲལ་བྱེད་པ། ང་ཚོས་དུས་རྟག་དུ་གཞན་དབང་སྟབས་བསྟུན་ཁོ་ན་བྱེད་ན། མི་གཞན་ལ་བདེ་སྐྱིད་ཅུང་ཙམ་ཞིག་སྤྲོད་སྲིད་ཀྱང་། ང་ཚོས་རང་ཉིད་ནི་བཙན་ཤེད་ཀྱི་འོག་ཏུ་ཡོད་པ་ཚོར་བས། དུས་ནམ་ཡང་ཞི་བདེ་དང་བདེ་སྐྱིད་རྟོགས་མི་ཐུབ།
དངོས་ཡོད་གནས་ཚུལ་གཏན་ལ་ཕབ་འདུག་པ་བསམ་བློའི་ཡང་རྩེར་སོན་པ་མཚོན་འདུག ཧ་ཅང་ལེགས།
རེད་ལགས། རྩོམ་ཡིག་འདི་ལ་གཞིས་ནས། ང་ཚོས་ཕྱོགས་མང་པོ་ཞིག་ལ་བསམ་གཞིག་ནན་མོ་བྱེད་དགོས་པ་ཆགས་འདུག རང་ཉིད་གནས་སའི་སྤྱི་ཚོགས་གཙོས། དེས་བསྐྲུན་པའི་མི་རིགས། དེ་ལས་མི་གཤིས། དམིགས་བསལ་དུ་ཁོར་ཡུག་དེའི་ནང་དུ་གསར་དུ་འཚར་བཞིན་པའི་བྱིས་པ་དང་བྱིས་པའི་སློབ་གསོ་བཅས་ལ་བསམ་གཞིག་ནན་མོ་བྱེད་དགོས་པ་ཆགས་འདུག