སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཚེ་ཚང་རིན་པོ་ཆེ་མཆོག་ལ་བསྔགས་པ་བརྗོད་པ་དད་དམ་གསོང་པོའི་རང་སྒྲ །
——མགོན་པོ་གང་གི་སྐུའི་འཁྲུངས་སྐར་ལ་ཕུལ་བ།
སྣ་ཚོགས་རང་གྲོལ།
འཕགས་ཡུལ་སློབ་དཔོན་ཀླུ་ཡི་དབང་པོ་སླར་ཡང་མི་ཡི་ཟློས་པའི་གར།།
སྣང་སྟོང་ཟུང་འཇུག་དངོས་པོའི་དེ་ཉིད་ཀུན་མཁྱེན་འགྲོ་བའི་མགོན་པོ་སྟེ།།
བཀའ་བརྒྱུད་འབྲི་གུང་རིང་ལུགས་ཟབ་མོའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཉིད།།
ཕྱག་རྒྱ་ཆེན་པོའི་རྒྱལ་ས་རབ་ཟིན་མཉམ་མེད་རིན་ཆེན་དཔལ་དེར་འདུད།།
གངས་རིའི་མུ་ཁྱུད་ལེགས་པར་བཀྲ་བའི་བསིལ་ལྗོངས་བོད་ཀྱི་རྒྱལ་ས་སྟེ།།
དབུས་གྱུར་ལྷ་ལྡན་ཆོས་ཀྱི་ཞིང་ཞེས་སྙན་པའི་གྲགས་པ་གཡོ་ས་རུ།།
ངོ་མཚར་རྟགས་དང་རྟེན་འབྲེལ་བཟང་པོས་རིགས་རུས་དྭངས་མའི་ཚ་རོང་དེར།།
༧སྐྱབས་མགོན་༧གོང་མའི་ཡང་སྲིད་འཁྲུལ་མེད་འབྲི་བསྟན་ཉི་མ་སླར་ཡང་ཤར།།
གནའ་དེང་རིག་པའི་གཞུང་ལུགས་མ་ལུས་ལན་ཅིག་གཟིགས་པས་ཐུགས་སུ་ཆུད།།
དངོས་པོའི་དེ་ཉིད་རྗེན་གཅེར་གཟིགས་པས་མི་འཇིགས་སྤོབས་པའི་གདེངས་ཆེན་རྙེད།།
འོག་མིན་བྱང་གླིང་གདན་ས་ཆེན་མོའི་མི་འཇིགས་གདོང་ལྔའི་ཁྲི་སྟེང་ནས།།
ཞུམ་མེད་ཐུགས་བསྐྱེད་གོ་ཆ་ཆེན་པོས་འབྲི་བསྟན་སྐྱོང་བའི་ཐུགས་དམ་བཞེས།།
གཞན་དབང་མུན་པའི་ཁོར་ཡུག་དེ་ནས་རང་ཚུགས་གཤིས་ཀ་མ་དོར་ཞིང་།།
དགོས་པའི་དབང་གིས་རྒྱལ་ཡོངས་རྩེད་རིགས་རྐང་རྩེད་སྤོ་ལོའི་སྒྱུ་རྩལ་ངོམས།།
ཀུན་གྱིས་བསྔགས་བརྫོད་མེ་ཏོག་དཀར་པོ་ཁྱོད་ཀྱི་ཕྱོགས་སུ་གཏོར་དང་ལྷན།།
བཙན་བྱོལ་བོད་མའི་རང་དབང་ཡུལ་དུ་ཞབས་ཀྱི་ཁ་ལོ་ཐོག་མར་བསྒྱུར།།
འབྲི་བསྟན་མིང་གི་ལྷག་མར་ལུས་པའི་བཙན་བྱོལ་རང་དབང་སྤྱི་ཚོགས་སུ།།
འབྲི་བསྟན་རིན་ཆེན་མེ་རོ་གསོ་བའི་ཐུགས་བསྐྱེད་གོ་ཆ་བརྟན་པོ་ཡིས།།
འབྲི་གདན་གཉིས་པ་འོག་མིན་བྱང་གླིང་ཆོས་སྡེ་ཆེན་པོ་གསར་སྐྲུན་མཛད།།
འབྲི་བསྟན་ཉི་མའི་འོད་ཟེར་དཀར་པོ་གླིང་བཞིའི་ཁྱོན་དུ་ད་གཟོད་འཆར།།
བསྟན་པའི་གཞི་མ་འཕགས་པའི་དགེ་འདུན་གྲངས་མེད་མང་པོ་གསོ་སྐྱོང་སྟེ།།
བསྟན་པའི་སྙིང་པོ་མདོ་སྔགས་མ་ལུས་བཤད་དང་སྒྲུབ་པའི་རྒྱལ་མཚན་སྒྲེང་།།
བསྟན་ལ་མོས་པའི་ཕྱི་ནང་ཡུལ་གྱི་དད་ལྡན་མང་པོར་ཐར་ལམ་བསྐྲུན།།
བསྟན་པ་རིན་ཆེན་སྲིད་མཐར་སྤེལ་བའི་ངེས་དོན་སེམས་པ་ཁྱེད་མིན་སུ །།
ཆོས་སྲིད་རིག་གཞུང་སྣང་མེད་བོར་བའི་ཉག་ཕྲའི་དུས་ཀྱི་འགྱུར་ཁུག་འདིར།།
རིན་བྲལ་ཡབ་མེས་རྩ་ཆེའི་རིག་གཞུང་ཉམས་ལ་ཐུགས་ཀྱིས་མ་བཟོད་པར།།
བོད་དང་རི་བོ་ཧི་མ་ལ་ཡའི་རིག་གཞུང་གང་བའི་བང་མཛོད་དེ།།
སྔར་མེད་མཚན་གྱིས་སྙན་པར་གྲགས་པའི་སྲོང་བཙན་དཔེ་མཛོད་ཁང་འདི་བསྐྲུན།།
ཁུངས་ལུང་མེད་པའི་གཡོ་སྒྱུའི་གཏམ་གྱིས་དྲང་བདེན་འཁྱོག་པོར་འགྲེལ་དུས་སུ།།
ཡབ་མེས་གོང་མའི་ལོ་རྒྱུས་རྒྱལ་རབས་ཁ་གསལ་ལན་ཞིག་མེད་དུས་སུ།།
ཏུན་ཧོང་ཁུངས་བཙན་ལོ་རྒྱུས་དག་མའི་ཚིག་དོན་གོ་བ་མ་འཕྲོད་དུས།།
བོད་ཀྱི་བཙན་པོའི་རྒྱལ་རབས་གསལ་བའི་སྔོན་མེད་སེངྒེའི་སྒྲ་ཆེན་བསྒྲོགས།།
དྲི་མེད་རྒྱལ་བའི་བསྟན་པ་སྤྱི་དང་བཀའ་བརྒྱུད་འབྲི་གུང་ལུགས་བཟང་གང་།།
སྲིད་ན་དཀོན་པའི་གངས་ཅན་བོད་ཀྱི་ཆོས་སྲིད་རིག་གཞུང་གཙང་མའི་དཔལ།།
ཉམས་པ་མེད་པར་གླིང་བཞི་གོ་ལའི་ལྷ་ལམ་ཡངས་པོའི་མཁའ་དབྱིངས་སུ།།
འདེགས་མཁས་སེམས་དཔའ་ཁྱེད་ཉིད་ཙམ་ལས་གཞན་ཞིག་བཙལ་ཡང་རྙེད་དུ་མེད།།
གང་གི་ཕྱི་ནང་གསང་གསུམ་ཡོན་ཏན་བདག་བློ་རྨོངས་པས་མི་དཔོག་ཀྱང་།།
གང་གི་ཡོན་ཏན་རྒྱ་མཚོའི་ཀློང་ནས་ཆུ་ཐིགས་ཙམ་ཞིག་གཏོར་བ་སྟེ།།
གང་གི་བཀའ་དྲིན་རྗེས་སུ་དྲན་པའི་བསྔགས་བརྗོད་གསོང་པོའི་རང་སྒྲ་འདི།།
གང་ཉིད་འཁྲུངས་པའི་གཟའ་སྐར་དགེ་བར་མཆོད་པའི་སྤྲིན་གྱི་ཚུལ་དུ་ཕུལ།།
ཞེས་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོའི་ཀློང་ནས་ཆུ་ཐིག་ཙམ་ཞིག་སྨོས་པ་འདི་ནི། མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་གྱི་གྲིབ་བསིལ་དུ་འཚོ་ཞིང་། གང་ལ་མི་ཕྱེད་པའི་དད་པའི་ནོར་ཐོབ་པ་ས་མཐའི་ཡུལ་ན་ངེས་མེད་དུ་རྒྱུ་བའི་གྲྭ་རྐྱང་དཀོན་མཆོག་དོན་ཀུན་གྲུབ་པའམ་འབྲི་གུང་མི་འཇིགས་པ་རུ་འབོད་པས་མགོན་པོ་གང་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་དམིགས་ཏེ་མཆོད་པའི་ཚུལ་དུ་དགའ་ཞིང་སྤྲོ་བའི་ངང་ནས་ཕུལ་བ་དགེའོ།