བསམ་གླིང་ཚེ་རིང་ལྷ་མོ།
དབྱར་དུས་ཆུ་ཡིས་བསིལ་སྦྱིན་པས་ཉི་མས་གདུང་རྣམས་མགྲོན་བསུ་བྱེད།།
ཆུ་ལ་ཞུགས་པའི་སྐྱེ་བོའི་ཚོགས་རྣམས་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད།།
རང་རང་ཆུ་རྩལ་འགྲན་ངོམ་བྱེད་པའི་ཆུ་རྫིང་གྲུ་བཞི་འདུ་འཛིས་ཁེངས།།
རྩལ་གྱིས་རྙོག་པའི་ཆུ་ཕྲན་ཟེགས་མས་ཕན་ཚུན་སྐྱེ་བོའི་བཞིན་རས་སྒྲིབ།།
ཆུ་རྫིང་ནང་དུ་ཀུ་ཅོའི་སྒྲ་ནི་རིན་ཆེན་སྲོག་དང་བྲལ་བ་བཞིན།།
རབ་ཏུ་སྐྱོམ་པའི་རྫིང་བུ་གྲུ་བཞི་སྤྲོ་བས་རབ་ཏུ་མྱོས་པ་འདྲ།།
རྩེད་འཇོའི་ཚུལ་གྱིས་སྐྱེ་བོའི་ཚོགས་ལ་གྲང་ཟུག་ལྷག་པར་སྦྱིན་པར་བྱས།།
ཨམ་གཙིགས་བསྡམས་པའི་ཆུ་རྐྱལ་བ་རྣམས་འདར་བའི་རང་མདངས་དགོད་རེ་བྲོ།།
ཚ་བས་དུབ་རྣམས་ཆུ་རྫིང་ནང་དུ་ཁྲུས་ལ་རབ་ཏུ་ཞུགས་པ་ནི།།
དབྱར་གྱི་རྔ་བསང་ཁྲོལ་བས་བསུས་པའི་དུས་ཀྱི་སྟོན་མོ་བཤམས་དང་མཚུངས།།
ཆུ་ལ་ཞུགས་པའི་སྤྲོ་སྣང་མཐོང་དུས་ལ་ལའི་སྨོན་པ་རབ་འཆོར་ཀྱང་།།
རྩལ་གྱིས་ཕོངས་པའི་སྐྱེ་བོ་དག་ནི་མིག་གི་ལོངས་སྤྱོད་ཁོ་ན་ཙམ།།
མཐའ་བཞིའི་ལྗོན་པ་འགྱིང་ངེར་ལངས་པའི་ཡལ་གའི་གཡབ་མོས་བསུས་ནའང་།།
ཆུ་ལ་ཞུགས་པའི་རྩེད་འཇོའི་སྤྲོ་བས་བསིལ་གྲིབ་དག་ལས་རྣམ་པར་རྒྱལ།།
འཛུམ་པ་རྒྱས་པའི་སྐྱེ་བོའི་ཚོགས་རྣམས་ཅ་ཅོའི་འུར་གྱིས་ཁེངས་པ་ནི།།
འཁོར་བའི་གདུང་བ་ཡུད་ཀྱིས་བརྗེད་དེ་སུམ་རྩེན་གནས་སུ་འཁོད་དང་འདྲ།།
དབྱར་ཟླ་རྭ་བའི་མིས་བཟོས་ཆུ་རྫིང་བདེ་བའི་དཔལ་གྱི་ཞིང་ས་ཡིན།།
ངང་མོ་རྒྱུ་བའི་རྫིང་བུ་མིན་ཀྱང་ཆུ་རླབས་གཤོག་པ་ཅི་ཡང་འཕྱོ།།
དྭངས་བསིལ་ཆུ་མོས་ངལ་བ་མེད་པར་དགའ་སྤྲོའི་ལྦུ་བ་དགོད་པ་ནི།།
དགེ་བ་སྒྲུབ་པའི་དུས་བཟང་འདི་ལ་གཞན་ཕན་བྱ་བར་གཞོལ་དང་འདྲ།།