ཨ།
གླིང་ཚ་དང་ལྷན་དུ་ཞི་བའི་འཐབ་རྩོད་དང་གོམ་བགྲོད་བྱེད་མ་ཐུབ་ན། ཅི་ཕྱིར་གླིང་ཚ་གླེང་མི་ཉན་པ་རེད། གླིང་ཚའི་སྐོར་ནས་སྐད་ཆ་ཉུང་ངུ་རེ་འཆད་མཁན་གྱི་མི་ཞིག་ཡིན་ཚེ། དཔའ་གླིང་ནང་བཞིན་ལོག་དགོས་པ་ཁྲིམས་ཐོག་གང་ཞིག་ནས་གཏན་ཕེབས་བྱས་པ་ཡིན་ནམ།
ལྟ་རྒྱ་ཆུང་ཞིང་སེམས་རྩ་གཉོམ་པོ་ཅན་གྱི་བདག་གིས། དྲ་ཚིགས་རེ་འགའི་ནང་གི་ཡོད་ཚད་མ་གཏོགས་ཤེས་དང་མཐོང་མི་ཐུབ་ནའང་། ངའི་ཤེས་མཐོང་གི་ཡུལ་གྱི་དྲ་ཚིགས་དེ་ཚོའི་ནང་ན། ནམ་རྒྱུན་ཁ་ལག་ལ་འགོག་ཐབས་དཀའ་བའི་རང་རེའི་མྱུག་ཐོགས་པ་སྐོར་ཞིག་གིས། གླིང་ཚའི་སྐོར་བཤད་ཐུབ་ཀྱི་མེད་པའི་གནས་ཚུལ་སྐྱོ་བོ་དེ་རེད། དེ་འདྲའི་ཐབས་སྡུག་འདིའི་རྒྱུ་མཚན། ངའི་གཏམ་འདིའི་འགོ་ཡི་དོགས་སློང་དེ་གཉིས་ཀྱི་ནང་དོན་དེར་ཐུག་མེད་ན། བདག་གིས་ཆག་ཅིག་འཇོག་ས་རྩ་ནས་རག་མ་སོང་།
དུས་རྒྱུན་ངའི་ངོ་ཤེས་གྲོགས་པོ་འགའ་རེའི་སྐད་ཆའི་ནང་ན། འུ་ཚོར་ཡི་གེ་བ་དགའ་ཞིག་ཡོད་པ་མ་རེད། མེད་དེ་ཁོ་བ་ཚོས་གཅིག་མིང་གཅིག་གིས་འགྱོག་རེས་ཀྱི་ལམ་ནས། སྐད་འགོ་མཐོན་པོ་དང་སྣང་བ་སྐྱིད་པོ་བྱས་ནས་ཚོར་བ་རྐྱང་རྐྱང་གི་སྦུབས་ནང་ན་ཡོད་པའི་ཕྱིར། ཞེས་ཚིག་མདའ་རྩེ་ཅན་རེ་བསྟུད་མར་བདག་ལ་སྟེར་མྱོང་ནའང་། ངས་སྐད་ཆ་དེར་དང་ལེན་དང་བདེན་ཁ་རྩ་ནས་སྤྲད་མ་མྱོང་། དེའི་རྒྱུ་མཚན་ནི་ང་རང་ཉིད་ཀྱི་སེམས་སུ་ཁོང་ཚོའི་གཤེ་ཚིག་དེ་ཚོ་ཁུངས་ཐུབ་ཅིག་ཡིན་པ་སྐབས་དེར་མ་ངེས་པས་རེད། ད་ནི་བདག་གི་གྲོགས་པོ་དེ་ཚོ་དང་ཁོང་ཚོའི་སྐད་ཆ་དེ་དག་སེམས་ཁོང་ནས་དྲན་གྱིན་ཡོད།
འོ་རེད། ཁྱོས་དཔའ་གླིང་གི་སྐོར་གླེངས་ན། རྒྱུ་ཅན་སུ་ཞིག་གིས་བཀོད་སྒྲིག་ལྟར་ཁྱེད་ལ་རྩོམ་ཡོན་སྒོར་མོ་ཁྲི་ཕྲག་དང་ཁྲི་ཕྲག་གི་སྐྱེས་ཡོད་པ་མ་རེད། ཁྱོས་དཔའ་གླིང་གི་སྐོར་གླེངས་ན། མི་རྒན་སུ་ཞིག་གི་འདོད་པ་བཞིན་ཁྱོད་དང་ཁྱོད་ཀྱི་རྩོམ་ཡིག་ལ་རྒྱབ་གནོན་དཔའ་དར་འདོགས་མཁན་དེ་འདྲ་གང་ཡང་ཡོད་པ་མ་རེད། ཁྱོས་དཔའ་གླིང་གི་སྐོར་གླེངས་ན། ཤེས་བཞིན་ཞེན་ཁོག་དང་མ་ཤེས་འུར་ལངས་ཀྱི་སྒོ་ནས་ཁྱོའི་རྩོམ་དེ་ཞིམ་པོའི་ཟས་ཟ་ཟ་དང་བརྩེ་བའི་མཛའ་མོ་ཉར་ཉར་གྱི་རིན་ཐང་དེ་འདྲ་སྤྲོད་མཁན་ནམ་ཡང་ཡོད་པ་མ་རེད། དེའི་ཕྱིར་ཁྱོས་རང་ཉིད་ཀྱི་སེམས་སྲོག་ལུས་གསུམ་ལ་བརྩེ་དུང་སྤྲད་ནས་ཁེར་ལམ་འདེམ་དགོས་པ་དེ་ཡིན། དེའི་ཕྱིར་ཁྱོས་རང་ཉིད་ཀྱི་གནས་ལུགས་དང་ལ་རྒྱ་ལ་སྤོབས་པ་བརྩལ་ཏེ་ཆིག་ལབ་རྒྱག་དགོས་པ་དེ་ཡིན། དེའི་ཕྱིར་ཁྱོས་རང་ཉིད་ཀྱི་སྨྲ་བརྗོད་དང་ཚུགས་ཀ་ལ་སྲ་ཁེན་ནས་རང་སེམས་འགུལ་དགོས་པ་དེ་ཡིན།
རེད། བདག་གིས་འདི་ནས་སུ་ཞིག་ལ་སྐྲག་སྐུལ་གྱིན་པ་འདྲ་བའི་སྐད་ཆ་མང་པོར་འཆད་དགོས་དོན་མི་འདུག ཡིན་ནའང་། རིན་ཐང་ལ་མི་དགའ་མཁན་གྱི་མི་ཚོ། གནས་ལུགས་ལ་མི་སྨོན་མཁན་གྱི་མི་ཚོ། རྒྱུ་འབྲས་ལ་མི་བཀུར་མཁན་གྱི་མི་ཚོ། དུས་གཏན་དུ་བདག་དང་ཐག་རིང་ཡིན། དེ་བས་ན་ངས་ཁྱེད་ཚོར་བལྟ་མི་སྲིད་ལ་ཁྱེད་ཚོས་ངར་རྩ་ནས་གཟིགས་མི་དགོས། ད་དུང་ཁྱེད་ཚོས་ང་མི་རུ་མ་བརྩིས་ཀྱང་ཆོག་ལ་ངས་ཁྱེད་ཚོ་ནམ་ཡང་ལྷ་རུ་མི་བདམས།
ཀྱེ་ང་དང་ངའི་ཡི་གེ་ཡི་མིག་ནང་གི་དཔའ་བོ་གླིང་ཚ་ལགས། ཁྱེད་ལ་རང་རེའི་ལྷ་མི་བླ་ན་མེད་པའི་བསྡུས་གཟུགས་གངས་ཅན་མགོན་པོའི་བྱིན་རླབས་ཞུགས་པ་དེ་བདེན་ན་ཡང་། ངས་ཁྱེད་ཉིད་མཐོང་དུས་ནུབ་གླིང་གི་སྔོན་གྱི་སྐྱེས་ཆེན་ག་གེ་མོ་རེའི་གཟུགས་བརྙན་དྲན་གྱིན་ཡོད། ངོ་མ་དགོད་བྲོ་བ་ཞིག་ལ་བདག་གི་ཁ་སང་དེ་རིང་གི་མནལ་ལམ་དུ་འོང་གིན་པ་ནི། མ་འོངས་པའི་གངས་ལྗོངས་ནུབ་གླིང་གི་བློ་འབྱེད་དཔེ་སྟོན་དེབ་ཐེར་དཀར་པོའི་ནང་ན། སྐུ་ཉིད་ནི་བོད་པ་ནུབ་གླིང་བ་རྩ་ཆེན་ཞིག་ཏུ་ལོག་ནས་ཡོད་པ་དེ་རེད། འདི་དང་འདི་འདྲའི་འཆར་ཡན་ཏག་ཏག་གིས་ང་ཡི་རྨི་ལམ་ཧ་ཅང་ཞིམ་པོ་འདུག འདི་ཡང་ཁྱེད་ཀྱི་སྐུ་དྲིན་ཡིན།
གང་ལྟར་ངས་ཁྱེད་ཉིན་འཚོལ་སྒང་ཡིན་ཡང་། ད་དུང་ཅི་ཞིག་རག་ཅི་ཡང་རྙེད་མ་བྱུང་། འོན་ཀྱང་། ངའི་ཆེས་མཐའ་མཇུག་གི་ཐ་ཚིག་ནི། ཁྱེད་ཀྱི་མི་ཚེ་བོད་དོན་ལ་ངོ་མ་བཏང་ཕྱིར་ང་ཡི་མི་ཚེ་ཁྱེད་ཀྱི་ཆེད་དུ་བསྔོས་ཡོད་ཟེར་བ་དེ་ཡིན།།
དོན་ལ་གནས་པ་ཞིག་བྲིས་འདུག
རྒྱབ་སྐྱོར་ཡོད།
ང་ཚོས་གླེང་ཚའི་སྐོར་ལ་ངེས་པར་དུ་དོན་སྣང་སྤྲོད་རན།
བོད་པ་འདི་ཚོས་ཁ་ནས་མ་ནི་འདོན་པ་མ་གཏོགས་གཞན་གང་ཡང་མི་ཤེས་པ་ག་རེ་ཡིན་ནམ།
སྐབས་སུ་བབས་པའི་ལས་དོན་གཙོ་བོ་ག་རེ་ཡིན་པ་ཤེས་དགོས།
དཔའ་བོ་གླེང་ཚ་མཆོག་གི་སྐོར་གང་ཡང་གོ་རྒྱུ་མེད་པ་ཆགས་སོང་ལ་དེའི་གནས་ཚུལ་བཤད་མཁན་ཡང་དེ་རིང་ཟིན་བྲིས་པ་ཁོང་མ་གཏོགས་དྲ་ལམ་ཁག་ཏུ་མཐོང་ཡ་མི་འདུག དངོས་གནས་བོད་མི་འདིའི་རང་གཤིས་ངོ་མ་ནི་ཁྱོ་བོའི་ཕོ་རྟགས་ལང་པ་དང་འདྲ་མཚུངས་སུ་འདུག སྐབས་སྐབས་སུ་རྐྱེན་དང་འཕྲད་དུས་ངར་ལང་ལང་འདྲ་བྱས་ནས་གཞན་ཛ་དྲག་ཅིག་མེད་ན་གོ་མེད་ཚོར་མེད་ཀྱི་ངང་ཚུལ་ལ་གནས་པ་ཞིག་རེད།
གླིང་ཚའི་སྐོར་ཤེས་མཁན་ཡོད་ན་འདིར་འགོད་རོགས་ཞུ། ཁོང་གི་སྐུ་གཟུགས་བདེ་མིན་སྐོར་ལ་སེམས་ཚབས་ཡོད། །
གླིང་ཚ་རྒྱལ་འགྱུར་ཅིག །
གོང་གི་དྲ་གྲོགས་རྣམ་པར་ཐུགས་རྗེ་ཆེ།
དཔའ་གླིང་སྐོར་ང་ལྟ་བུས་འདི་བཞིན་ར་མ་ལུག་འདྲ་ཞིག་གླེངས་པ་དེས་ག་ལ་ཆོག གླིང་ཚ་གླེང་མཁན་གྱི་མི་སྡེ་ངེས་ཅན་དགོས་པ་རེད། མདོར་ན་གླིང་ཚེའི་མི་རབས་ཅིག་ད་ཐོན་དགོས་ཚོད་རེད།