ཀླུ་སྨྱོན།
—བདེན་བཞིའི་ཆོས་འཁོར་ལ་རྗེས་དྲན་ཞུས་པ།
སྡུག་བསྔལ་འདོད་དམ།
མི་འདོད་ལགས།
དེས་ན་སྡུག་བསྔལ་གྱི་རྒྱུ་སྤོངས།
ལགས་སོ།།
སྡུག་བསྔལ་གྱི་རྒྱུ་ཤེས་སམ།
མི་ཤེས་ལགས།
དེ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་རེད།
ལགས་སོ།།
བདེ་བ་འདོད་དམ།
འདོད་ལགས།
བདེ་བའི་རྒྱུ་ཤེས་སམ།
མི་ཤེས་ལགས།
དེ་ནི་མ་ཆགས་མི་སྡང་གཏི་མུག་མེད་གསུམ་རེད།
ལགས་སོ།།
༸རྒྱལ་བས་བདག་ལ་དྲིས་པའི་མདོ།
སྡུག་བསྔལ་འདོད་དམ།
འགྱུར་བའི་སྡུག་བསྔལ་གཅིག་པུ་འདོད་ལགས།
སྡུག་བསྔལ་གྱི་རྒྱུ་ཤེས་སམ།
སྡུག་བསྔལ་གྱི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་པོའི་རྒྱུ་ཤེས་ཅུང་ཟད་ཤེས་ལགས།
བདེ་བ་འདོད་དམ།
ཟག་བཅས་ཀྱི་ཚོར་བ་བདེ་བ་ཙམ་འདོད་ལགས།
བདེ་བའི་རྒྱུ་ཤེས་སམ།
ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་རྒྱུ་ཅུང་ཟད་ཤེས་རྒྱུ་ཤེས་ལགས།
ཡིན་ནའི་ལེ་ལོ་དང་འཁོར་བའི་བདེ་བ་ཉི་ཚེ་བ་ལ་ཆགས་པའི་དབང་གིས་རང་གི་བདེ་བའི་རྒྱུ་དགྲ་ལྟར་འཇོམས་བཞིན་མཆིས་ལགས།
སྟོན་པས་ཀླུ་སྨྱོན་ལ་གདམས་པའི་མདོ་གཉིས་པ།
རང་ལ་དགའ་སའི་ཨ་མདོའི་བུ་མོ་མ་རག་པ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།
ཨ་མདོའི་བུ་མོས་འདོད་པའི་སྙན་ངག་བྲིས་པ་འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།
ཐབས་ཤེས་སྣ་ཚོགས་ཀྱིས་བུ་མོ་བསླུ་ཐབས་བྱས་པ་འདི་ནི་ལམ་འཕགས་པའི་བདེན་པའོ།
མཐའ་མར་རེ་ཐག་ཆོད་དེ་རང་སེམས་གནོན་པ་འདི་ནི་འགོག་པ་འཕགས་པའི་བདེན་པའོ།
ད་དེ་འདྲ་མ་གསུངས་ཡ། ཁོ་རང་མི་ཚེ་གསར་པ་ལ་ང་ཚོས་རྒྱབ་བསྐྱོར་འདྲ་བྱེད་ན་མི་ལེགས་བསམ། ཁོ་རང་བོད་པའི་སྤྱི་ཚོགས་ནང་ཞི་འཇམ་པོས་ཕེབས་བསུ་ཞུ་རོགས།
སྟོན་པས་དྲ་འབུ་ཚོར་གདམས་པ།
རིགས་ཀྱི་བུ་སྡུག་བསྔལ་གྱི་བདེན་པ་ཤེས་སམ།
ཤེས་ལགས། སྡུག་བསྔལ་བདེན་པའི་རྒྱུ་དང། ངོ་བོ་དང། དབྱེ་བ། མཚན་གཞི་བཅས་ཕྲ་ཞིང་ཕྲ་བ་ནས་ཤེས་ལགས།
རིགས་ཀྱི་བུ།
སྡུག་བསྔལ་བདེན་པའི་རྒྱུ་ཀུན་འབྱུང་བདེན་པ་ཤེས་སམ།
ཤེས་ལགས། ཀུན་འབྱུང་བདེན་པའི་རྒྱུ་དང་། ངོ་བོ་དང། དབྱེ་བ། མཚན་གཞི་ལས་སོགས་ཕྲ་ཞིང་ཕྲ་བ་ནས་ཤེས་ལགས་སོ།
རིགས་ཀྱི་བུ་སྡུག་བསྔལ་འདོད་དམ།
མི་འདོད་ལགས།
དེ་ལྟར་ན་སྡུག་བསྔལ་བདེན་པའི་རྒྱུ་ཀུན་འབྱུང་བདེན་པ་མ་སྤང་ན་འབྲས་བུ་སྡུག་བསྔལ་བདེན་པ་མི་འདོད་བཞིན་དུ་འབྱུང་བས་རྒྱུ་ཀུན་འབྱུང་བདེན་པ་སྤོང་བར་ནུས་སམ།
སྤོང་བར་མི་ནུས་ལགས།
ཧུ་ཧུ་ཧུ་ཧུ།
རིགས་ཀྱི་བུ།
སྡུག་བསྔལ་བྲལ་བའི་འགོག་བདེན་ཐོབ་པར་འདོད་དམ།
བརྒྱ་ཆ་བརྒྱ་ཐོབ་པར་འདོད་ལགས།
བྲལ་འབྲས་བདེ་བ་འགོག་བདེན་ཐོབ་པ་ལ་བྲལ་རྒྱུ་ལམ་བདེན་བསྒོམ་དགོས་པས་དེ་ལྟར་བསྒོམ་པར་ནུས་་སམ།
བརྒྱ་ཆ་བརྒྱ་བསྒོམ་པར་མི་ནུས་ལགས།
ཧུ་ཧུ་ཧུ།
རིགས་ཀྱི་བུ་འཁོར་འདས་ཀྱི་རྣམ་གྲངས་ཐ་སྙད་ཐམས་ཅད་བཤད་ཤེས་སམ།
ཐ་སྙད་ཚིག་གི་ལོ་འདབ་ཐམས་ཅད་ཤེས་ལགས།
རིགས་ཀྱི་བུ་དེ་དག་རང་རྒྱུད་ལ་སྦྱར་ཏེ་བསྒོམ་པར་ནུས་སམ།
རྩ་བ་ཉིད་ནས་མི་ནུས་ལགས།
ཧུ་ཧུ་ཧུ་ཧུཧུཧུ།
སྙིགས་མ་ལྔ་བདོའི་དྲ་འབུའི་འགྲོ་བ་འདི་དག་གདུལ་བར་བྱ་བ་ལ་དཀའ་མོ་གདའ།
ཐམས་ཅད་ཨ་བོ་ནེ་ཙོར་འགྱུར་འདུག སྔར་སྤྲེལ་སྲིན་མི་རུ་གྱུར། ད་ལྟ་མི་བུ་བྱ་རུ་གྱུར།
ད་བདེན་བཞིའི་ཆོས་འཁོར་བསྐོར་ས་རི་དྭགས་གཉིས་རང་ལེགས།
སྟོན་པའི་ཀླུ་སྨྱོན་ལ་གདམས་པའི་མདོ་གསུམ་པ།
དོན་ཀུན་གྲུབ་པས་ཐོག་མར། ཡུལ་ཝྰརཎྰསིར།
༡༽འདི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོག་པ་འཕགས་པའི་བདེན་པའོ། འདི་ནི་ལམ་འཕགས་པའི་བདེན་པའོ། ། ༢༽སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤངས་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་བར་བྱ། ༣༽སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད། ཀུན་འབྱུང་སྤངས་བར་བྱ་སྟེ། སྤངས་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ། མངོན་དུ་བྱར་སྟེ། ལམ་བསྒོམ་པར་བྱ་སྟེ། བསྒོམ་པར་བྱར་མེད།། །།