རེབ་ཐོག་མདའ།
ཁྱོད་ཀྱི་གཤིས་ཀ་ལྟ་བུའི་ས་སྲོད་དེ་ལ
བདག་གི་བསམ་བློའི་གཤོང་ལ་ལྷུང་བའི་གཟུགས་རིས་དེ
བག་ལྷོད་ལྷོད་ཀྱི་ངང་ནས
ཟླ་བའི་སེམས་ངོགས་སུ་ཐེངས་གཅིག་འབྲི་ན་འདོད་ཡོད
ས་སྲོད འཛུམ་མདངས་ཤིག་གིས་བྲིས་པའི་དྲན་གདུང་མང་ས
ས་སྲོད བརྩེ་བ་ཞིག་བརླན་པའི་མིག་ཆུའི་ཕྲེང་ཐག་གཏོར་ས
སྐར་མ་རབ་རིབ་དེ་ལས སྤྲིན་པ་ཁེར་རྐྱང་དེ་ལས
མག་མོག་གི་ཀློང་ནས
གཟུགས་རིས་དེ་ཅིའི་ཀྱང་འབྲི་མ་ཐུབ་པས
ང་ད་དུང་
ཁྱོད་ཀྱི་གཤིས་ཀ་ལྟ་བུའི་ས་སྲོད་དེའི་ཁྲོད་དུ་བགྲེང་ནས་ཡོད
ཕྱི་ལོ ༢༠༡༣ ལོའི ༧ཚེས༥ ཉིན་དཔེ་མཛོད་ནས་བྲིས།