ལྔ། ཁོང་དང་ལྷན་དུ་གླེང་མོལ་སྣ་ཚོགས།
རྡོ་རྗེ་དབང་ཕྱུག
ཕྱི་ལོ་ ༡༩༩༥ ལོར་ཁོང་ལ་ཐོག་མར་མཇལ། མ་མཇལ་གོང་། ཁོང་དང་མཇལ་མྱོང་བ་དང་མ་མྱོང་བ་ཚོས། ཁོང་གི་སྐོར་གླེང་ཐོས་དེ་ཙམ་ཞིག་གཞི་ལ་བཞག་ནས་སེམས་ནས་རྟོག་བཞེངས་སྣ་ཚོགས་ཤིག་བྱས་ཏེ་བསྡད། ངས་རྟོག་བཞེངས་དེ་ནི། ཕྱུ་པ་མནབས་པའི་རྒད་པོ་ཞིག་ཡིན། དངོས་སུ་མཇལ་སྐབས། རྒྱ་གར་གྱི་སྐྱེས་པའི་ཆོས་གོས་མནབས་པ་ཞིག་མཇལ། ཡར་མར་ཕེབས་སྐབས། མགྱོགས་ཕེབས་གནང་མཁན་ཞིག་འདུག ཕར་བལྟས་ཚོད་ལ། སྣང་བ་སྐྱིད་པོ། ལོ་རྒན་པས་མ་གཏོགས། ཕོ་གསར་ཞིག་གི་སེམས་ཁམས་རང་ཆས་སུ་ལྡན་པ་ལྟ་བུ་ཞིག་མཇལ། དེ་ནི་ངས་ཁོང་ཐོག་མར་མཇལ་བའི་མཐོང་སྣང་རེད། རིམ་པས་མཇལ་མོལ་དག་གི་སྐབས་སུའང་། ཐོག་མའི་མཐོང་སྣང་དེ་རང་ལྟ་བུ་ཞིག་ཏུ་མཇལ།
དེ་ནས་རིམ་པས་ང་ཚོར་རིག་གནས་འཆད་འཁྲིད་བསྐྱངས་པ་རེད། ”ང་སྤོ་ཏོ་ཞིག་འདིར་ཤོག་ལབ་པ་རེད། སྤོ་ཏོ་ང་ཡང་་ཁུངས་འཁྱོལ་བ་འདུག་མི་འདུག ཡིག་ཚད་ཅིག་གཏོང་གི་ཡོང་བ་ཡིན”ཞེས་ཞལ་རྩེད་དང་གནང་། གཞན་ད་དུང་། “གསལ་པོ་མ་ཆགས་པ་ཡིན་ན། ཐད་ཀར་དྲི་བ་གནང་ན་ཡག་པོ་འདུག ངས་ཅིག་བཤད་ཁུལ་བྱས། དེ་ཉན་མཁན་ཁྱེད་རང་ཚོར་གསལ་པོ་མ་ཆགས་པ་ཡིན་ན། ཆོ་མེད་པ་རེད། འཚེར་སྣང་དགོས་པ་མ་རེད། ཨ་མཆོག་ཆེན་པོ་ཞིག་ཡོད། དྲི་བ་བཏང་གནང་བ་གསལ་པོ་གོ་བའི་ཨ་མཆོག་ཆེན་པོ་ཞིག་ཡོད།” གསུངས། འཆད་ཁྲིད་ནི་ཉན་སྤྲོ་བ་ཞིག་ཡིན། ཁོང་གི་འཆད་སྟངས་འཁྲིད་སྟངས་དེས་ཉན་མཁན་ཚོའི་དོ་སྣང་གཅིག་ཏུ་བསྡུས་འགྲོ་བ་ཞིག་ཡོད།
སྡོད་ཡུལ་གྱི་དབང་གིས་ཡིག་ལམ་ཁོ་ནའི་མཇལ་མོལ་མང་དག་ཅིག་བྱུང་། ཡིག་འབྲེལ་ཕལ་ཆེ་བ་ནི། རིག་གནས་སྐོར་གྱི་གླེང་མོལ་ཆགས། ག་ཚད་ཀྱིས་ཉེ་སར་བཅར་བ་དེ་ཚོད་ཀྱིས། གླེང་མོལ་གྱི་རིམ་པ་དག་གསལ་ཞིབ་ཆེ་ཐོན་གནང་མཁན་ཞིག་ཡིན། ཡིག་ལམ་ནས་དོགས་འདྲིའི་ཞུ་ཡིག་ཕུལ་རིམ་ལ། བཀའ་ལན་གང་རྒྱས་གནང་གིན་ཡོད།
ད་ལམ་འདིར་དེ་སྐོར་ནས་སྦུད་ཙམ་ཞུ་བར་འདོད། སྐབས་ཤིག་༼མི་མང་ལངས་གླུ༽ཡི་སྐོར་ནས་དྲི་བ་ཞིག་ཕུལ་བར། འདི་སྐོར་ལ་ཁོང་གིས་ཕྱི་ལོ་ ༡༩༨༡ ལོར་བརྩམས་པའི་རྩོམ་ཡིག་ཅིག་༼མ་འཁྱོག་དྲང་ཐིག༽ཟླ་དེབ་ནང་བཀོད་ཐོན་དེའི་འདྲ་བཤུས་གནང་སོང་བ་དེའི་ནང་། ༼་་་་་་ ་་་་་བོད་པའི་གཞས་ལ་སྙན་ཆ་དང་གསལ་ཆ་མི་ཡོང་བའི་སྐྱོན་ཅིག་གང་ཡིན་ནམ་བསམས་ནས་བརྟག་དཔྱད་བྱེད་སྐབས། ང་ཚོའི་རྩོམ་གྱི་མཐའ་མ་དེ་མ་གཏོགས། གཞན་ཚང་མ་ཉིས་གཤིབ་ཤ་སྟག་སོང་ཙང་། དབྱངས་ཀྱི་རྒྱུན་ཕྱི་མ་འདྲེན་ཁག་པོ་ཡོང་བགྱི་འདུག དེ་འདྲའི་སྟབས་ཀྱིས། གླུ་གཞས་མང་པོའི་ནང་། ལ་སྒྲ་བཅུག་དགོས་ཡོང་འདུག དེའི་རྒྱུ་མཚན་དངོས་སུ་ཐོས་པ་ཞིག་ནི། དེ་སྔོན་ཞིག འགའ་ཤས་ནས་རྒྱལ་གླུ་གཏོང་སྐབས། སྲིད་ཞི་ལ་ཕན་བདེ། འདོད་དགུ་ལ་འབྱུང་བའི་གཞི། ཐུབ་བསྟན་ལ་བསམ་འཕེལ། ནོར་བུའི་ལ་འོད་སྣང་འབར་ཟེར་བ་དང་། ཉེ་ཆར་ཞིག འོད་རླབས་གློག་འཕྲིན་ནང་། བལ་ཡུལ་ས་ཁོངས་ཡིན་འདུག་པས། དེར་འགའ་ཤས་ཀྱིས། ༄། །རྣམ་འདྲེན་ལ་སྟོང་གི མཚན་དཔེ་ལ་དཔྱིད་ཅེས་བཏངས་པ་དངོས་སུ་མཐོང་ཐོས་བྱུང་། སྐྱོན་ཆ་གཞན་ཞིག་ནི། དབྱངས་ཀྱི་རྒྱུན་ལ་ཞུགས་རྒྱུའི་དུས་ཚིགས་བགོ་བཤའ་རྒྱབ་མ་ཤེས་པའི་སྐྱོན་དུ་འདུག སྔར་བོད་ལ་ཡོད་དུས། སྐུ་སྲུང་དམག་ནི་ཚོས། ཕ་རེན་སིའི་གླིང་བུ་པི་ཀ་ལོ་ཟེར་བ་དེ་བསླབ་དུས། དུས་ཚིགས་ལ་ཁ་གང་དང་། སྐར་མ་ཕྱེད་བརྒྱད་ཞོ་གང་གི་ཐ་སྙད་བྱེད་ཀྱི་འདུག་པས་དེ་དུས་གང་ཡིན་མ་ཤེས་ཀྱང་། དེང་སང་ཕྱི་རྒྱའི་དབྱངས་ཡིག་ཐེབས་ཆག་ཞིག་ཀློག་ཤེས་ནས་བལྟ་དུས། དེ་ཚོ་ནི། ཕྱི་རྒྱའི་ཐ་སྙད་ལ། རཱེ་ཐམ་དང་། འཇར་མེན་ལ། ཐཱག་ཏེ་ཟེར་བ་དེ་རེད་འདུག༽ ཅེས་དང་། ཡང་། ༼་་ ་་་ ཀ་དག་སྙིང་རྗེའི་ཀློང་གི་སྒྲོན་མེ། །ཁ་ལྗོངས་གདུལ་བྱ་སྐྱོང་བའི་མགོན་པོ། །་་་་ ་་་ སོགས་ཟེར་བའི་བསྟོད་གླུ་དེའི་གདངས་ནི། སེཀོཊ ལེནྜ ཡུལ་གྱི་བྷེག་པཱ ཡེབ་ ཡང་ན་ཌུ་ཌལ་ཟེར་བའི་རྐྱལ་བུའི་གླིང་བུ་དེའི་གདངས་ལ་གཞི་བཅོལ་ནས་རང་རེའི་དམག་མི་ཞིག་གིས་རྩོམ་པ་རེད་ཟེར༽ ་ཞེས་དང་། ༼་་་ ་་་ མི་མང་གྱེན་ལངས་ཀྱི་གཞས་དེ་ནི། ཀོ་མིན་ཏང་གི་དུས་ཀྱི་གློག་བརྙན་ཞིག་གི་ནང་དུ་རྒྱ་མོ་ཞིག་གིས་བཏང་བའི་གཞས་ལ་དཔེ་བལྟས་འདུག་པས། འགའ་ཤས་ཤིག་ལ་ཞུས་ཀྱང་། དེ་གདངས་དེ་སྔ་མོ་ལྷ་ས་ལ་བཏང་བགྱི་ཡོད་རེད་ཅེས་གསུངས་བྱུང་ཡང་། ལྷ་ས་ལ་གཏོང་ཚད་ཀྱི་གཞས་ཚང་མ་བོད་གཞས་ཡིན་པའི་ཁྱབ་པ་ཨེ་ཡོད། གོང་གི་རྒྱ་གཞས་དེའི་སྐད་འཁོར་དང་། གདངས་དེ་ངོས་རང་ནས་རྣ་བ་ལ་དངོས་སུ་ལན་མང་གོ་མྱོང་། དེ་བཞིན་ལྷ་སར་ཡོངས་གྲགས་ཀྱི་ནང་མའི་གཞས་ཟེར་བ་དེ་ཡང་། སྔར་ཀསྨིར་བརྒྱུད་ནས་བྱུང་བའི་ ནཱག་མ ཞེས་དེང་སང་རྒྱ་གར་ལ་རླུང་ལྟར་གྲགས་པ་དེ་རང་རེད། འདི་འདྲའི་རིགས་ལ་དཔྱད་ཞིབ་མ་བྱུང་བར་སྣང་ཆུང་ལ་ལུས་ན་སྐྱོན་ཆེན་རང་ནི་ཨེ་ཡོང་མི་ཤེས་ན་ཡང་། རོལ་དབྱངས་ཀྱི་རྒྱུན་ཤེས་པས་མིག་ཟུར་ནས་བལྟས་ན་བགད་མོ་ཤོར་བའི་གཞི་ལ་འགྲོ་བགྱི་འདུག༽ཅེས་བཀོད་འདུག་པ་སོགས་ཀྱི་སྙིང་དོན་བསྡུས་པའི་བཀའ་ལན་སྩལ་འབྱོར་བྱུང་བ་༼ནོར་ལྡེ༽སྐྱེས་ཕྲིན་གྱི་ཤེས་བྱའི་ཁོག་འབིགས་ནང་བཀོད་ཡོད་པ་དེ་ལགས། འདི་རྗེས་ཤིག་ལ་དངོས་མཇལ་སྐབས་ཀྱི་འཕྲོས་མོལ་ཞིག་གི་སྐབས། མི་མང་ལངས་གླུའི་སྐོར་དེ་བསྐྱར་དུ་བཀའ་འདྲི་ཞུས་པར། གདངས་ཙམ་མ་ཡིན་པར་ཚིག་དང་བཅས་པ་དབྱངས་སུ་གྱེར་གནང་རྒྱུ་འདུག རིག་གནས་ཀྱི་ཟ་ཟུར་མང་པོ་ཞིག་ལ་ཐུགས་སྣང་ཞིབ་པ་གནང་འདུག་ཨང་སྙམ་པ་ཞིག་ཀྱང་བྱུང་།
ཡང་ཁོང་ལ། བོད་ཀྱི་ཁ་བཏགས་སྐོར་ནས་བཀའ་འདྲི་ཞུས་པར་བཀའ་ལན་ཞིབ་རྒྱས་གནང་སོང་བ་དེའི་ནང་གི་ཚན་པ་ཞིག་ཆེད་འགོད་དང་བཅས་ཏེ། རྗེས་དྲན་རྩོམ་ཡིག་འདི་མཇུག་བསྡུ་བར་འདོད། བཀའ་ལན་དེ་ནི་འདི་འདྲ་སྟེ། ༼ རང་རེའི་སྤྱི་ཚོགས་ནང་ཧ་ཅང་དར་སོ་ཆེ་བའི་ཁ་བཏགས་ཀྱི་སྐོར་ལ་ཞུ་ན། ཁ་བཏགས་ཟེར་བ་སོག་སྐད་རེད་ཟེར་བ་ཞིག་གོ་མྱོང༌། རང་རེ་བོད་པའི་བླ་དཔོན་ཚོའི་སྐད་ཆའི་ནང་སོག་སྐད་དང་བོད་སྐད་འདྲེས་པ་མང་ཙམ་འདུག་པ། དཔེར་ན། ཆོལ་ཁ་གསུམ་གྱི་ཆོལ་ཁ་ནི་སྐུ་ཡོན་ཟེར་བ་ཡིན་འདུག འདི་ནི་སྒོ་མང་མཁན་ཟུར་དམ་པ་སོག་པོ་བྷོ་རད་ཐུ་ངག་དབང་ཉི་མའི་ཞལ་ནས་ཐོས་བྱུང༌། ཁོང་གིས་གཟེངས་བསྟོད་གསུང་གི་འདུག་ཀྱང་ཡིན་རྒྱུ་ནི། འགྲོ་མགོན་ཆོས་འཕགས་ཀྱིས་ཧོར་གོ་དན་རྒྱལ་པོ་ལ་ཀྱཻ་རྡོ་རྗེའི་དབང་ལན་གསུམ་གནང་བའི་སྐུ་ཡོན་ལ། བོད་སྟོད་སྨད་བར་གསུམ་ཕུལ་བའི་དོན་རང་ལ་འདུག ཕྱི་ལོ་ ༡༣༠༠ ཙམ་ནས་བོད་སོག་འབྲེལ་ཆེ་བས་བླ་མའི་ཞྭ་བཟང་ཞིག་ལ་ཏཱ་གོ་ཚེ། དབུ་ཞྭ་ཞིག་ལ་ཏཱ་ཞཱ་ཞེས་ཏཱ་བླ་མའི་ཞྭ་མོར་འབོད་པ་ཞིག ང་རང་ཆུང་དུས་སུའང་གོན་མྱོང༌། ཁྱེད་རང་ལ་ཁ་བཏགས་ཀྱི་འགྲེལ་བཤད་མ་བྱས་གོང༌། རང་རེའི་ས་སྐྱའི་རྒྱལ་རབས་སྐོར་ལ། རེས་འགས་འགྲོ་མགོན་ཆོས་འཕགས་ལ་ཧོར་གོ་དན་རྒྱལ་པོས། མི་ཡུར་ཆེན་མོ་ཕུལ་ཟེར་བ་ས་སྐྱའི་རྒྱལ་རབས་ལ་ཞིབ་འཇུག་བྱས་པ་ཞིག་གི་ནང་དུ་འདུག་པས། འདིར་ནོར་ཚབས་ཆེ་ཙམ་ཡིན། མི་ཡུར་ཆེན་མོ་ཟེར་བ་ནི། དེ་དུས་ཧོར་གྱིས་ལོ་རེར་ཧན་མི་རིགས་ཁྲི་མང་པོ་ཆུ་ཆེན་ནང་དུ་གཡུགས་བཞིན་པ་དེ། འགྲོ་མགོན་ཆོས་འཕགས་ཀྱིས་ཧོར་རྒྱལ་པོ་ལ་བསླབ་བྱ་གནང་སྟེ་མི་ཡུར་ཆེན་མོ་མཚམས་བཅད་རྒྱུའི་དམ་བཅའ་ཕུལ་བ་ཡིན། ནོར་གླིང་དུ་ཡོད་ཤག་ལ་བོད་དུ་སྤར་བཏབ་པའི་འགྲོ་མགོན་ཆོས་འཕགས་ཀྱི་མཛད་རྣམ་ཐང་ཀ་ཞིག་འདུག་ལ། དེའི་ནང་མི་མོ་ཆུ་ལ་གཡུགས་པ་སོགས་བྲིས་འདུག རྟ་ནག་མཁན་ཆེན་ཆོས་རྣམ་རྒྱལ་གྱི་རྒྱའི་ཆོས་འབྱུང་ནང་དུའང་དེ་ལྟར་བྲིས་འདུག་སྐད། འགྲོ་མགོན་ཆོས་འཕགས་ཀྱི་གསུང༌། རྐང་ལེབ་རོ་ཡིས་ཕྱི་ཡི་རྒྱ་མཚོ་གངས།།འདི་འདྲ་བཅད་པའི་དགེ་བ་གང་ཡིན་དེས།།ཞེས་པ་ནས། མི་དབང་སྐུ་ཚེ་བརྟན་ཕྱིར་རབ་ཏུ་བསྔོ།། ཞེས་བཅད་པའི་སྒྲ་འབྱུང་བ་འདི་ནས་ཤེས་དགོས་ལགས།
༡ ད་ཁ་བཏགས་སྐོར་ཞུས་ན། སྔར་དར་ཙམ་ལས་མི་སྒྲོན་པ་ཨེ་ཡིན། ཞེ་ས་ལ་མཇལ་དར་མ་གཏོགས་མཇལ་བཏགས་མེད་པས། གཞི་དེ་དར་ཡིན་ཚོད། སྐུ་བརྙན་ལ་འབུལ་རྒྱུའི་དར་ལ་སྙན་དར་ཟེར་བས། སྙན་དུ་སྨོན་ལམ་འདེབས་པའི་དོན་དུ་འབུལ་རྒྱུའི་དར་ཡིན་འདུག སྔ་མོའི་བླ་མ་ཁ་ཤས་ཀྱི་ཕྱག་བྲིས་ནང༌། ཞུ་རྟེན་དར་གཟབ་བཅས་ཕུལ། དེ་བཞིན། དཔའ་བོ་བྱས་རྗེས་སྦྱིན་རྒྱུའི་དར་ལ། དཔའ་དར་སོགས་ཟེར།
༢ སོག་པོས་སྔོན་པོ་དང༌། བོད་པས་དཀར་པོ་བྱེད་པ་ལ། སོག་པོས་སྔོན་པོ་བྱེད་པའི་རྒྱུ་མཚན་མི་ཤེས་ཤིང༌། བོད་ལ་སྔར་དར་དཀར་པོ་དེ་ནི། ལྷ་དང་བླ་མ་སྤྱན་འདྲེན་པའི་སྐབས་སུ་དགོན་པའི་རྫས་ཅིག་ཡིན་འདུག་པས། ཚེ་རིང་མཆེད་ལྔའི་གསོལ་མཆོད་སོགས་སུ། དར་དཀར་གཡོབ་ཅིང་སྤྱན་འདྲེན་ནོ། །ཞེས་འདུག བླ་མའི་ཕེབས་སྐྱེལ་ལ་དགོན་པའི་རྩེ་ནས་དར་གཡོབ་ཅིང་སླར་བྱོན་པའི་རྟེན་འབྲེལ་བྱེད་ཟེར་བ་དེ་འདྲ་འདུག སྔགས་རྒན་མཐུ་བརྒྱབ་དུས་དར་ནག་གཡོབ་པ། དཀར་པོ་ལོགས་པའི་རྟགས་དང༌། ནག་པོ་ངན་པའི་མཚན་མ་ལ་བརྩི་བགྱི་ཡོད་པ་འདུག ལོ་ཤས་སྔོན་ལ་ཁ་བཏགས་སེར་པོ་ཡང་ཐོན་སོང་བས། དེ་ལ་རྒྱུ་མཚན་ནི་མ་མཐོང༌། ཁ་བཏགས་ཀྱི་རིམ་པ་ནི། ནང་མཛོད། ཨ་ཤེ་སོག་སྐད་འདྲ། ཟུབ་ཤེ་རིམ་པ་གསུམ། ནང་མཛོད་ནི། སྔ་མོ་མཛད་སྒོ་གལ་ཆེན་ལ་ཡར་འབུལ་བ་དང༌། བཀའ་བློན་གསར་པ། བླ་ཆེན་ཁྲི་སྟོན་སོགས་ལ་བྱེད་སྤྱོད་བྱེད་པ། ཨ་ཤེ་དེ་མང་ཆེ་བས་བེད་སྤྱོད་བྱེད། ཟུབ་ཤེ་གཡོགས་ས་དེ་དམའ་རིམ་ལ་ཡིན། དེང་སང༌། ཁྱི་ལའང་ནང་མཛོད་མ་གཡོགས་ཙམ་བྱེད་བགྱི་འདུག ཁ་བཏགས་འཕུལ་སྟངས་ལ། ཡར་ལངས་ཡོད་ན། ཕ་མ་དང་བླ་མའི་ཕྱག་ལ་འབུལ། དེ་མིན་གསོལ་ལྕོག་གི་སྟེང་དུ་ཕུལ། སྤུན་ཆུང་བས་ཆེ་བའི་ལག་ཏུ་ཕུལ། ཕ་མས་བུ་ལ་དེ་བཞིན་བྱེད། གྲོགས་པོ་ཕན་ཚུན་ལག་སྟེང་དུ་སྤྲོད་པ་མ་གཏོགས་རྐེ་ལ་མི་གཡོག་པ་གུས་ཞབས་ཡིན། དེང་སང༌། ཁ་བཏགས་གཡོགས་དུས་སྐེ་ལ་གཡོག་ནས། མནའ་མ་མག་པ་ཁ་བཏགས་ཀྱི་འོག་ཏུ་དབུགས་བསུབ་མ་ཐེབས་ཙམ་བྱེད་པ་དེ་དགོད་རེ་བྲོ། དཔེར་ན་ཆང་ས་ལ་ཕ་མ་དང་ཨ་ཁུ། ཨ་ཞང༌། སྲུ་མོ། ཨ་ནེ། སྤུན་རྒན་པས། མནའ་མའི་སྐེ་ལ་ཁ་བཏགས་གཡོག དེ་བྱིངས་མདུན་གྱི་ལྕོག་རྩེའི་སྟེང་བཞག་པ་མ་གཏོགས་སྐེ་ལ་གཡོགས་སྲོལ་མེད། གྲྭ་ཚོགས་ཆེན་པོ་ལ་མཇལ་དར་ཕུལ་ན། འབུལ་སྟབས་ཟེར་སྟབས་བརྩེགས་གྲུ་བཞི་བརྒྱབ་སྟེ། དེའི་ནང་སྐུ་ཡོན་བླུག་སྟེ་ཕུལ་བ་ཡིན། བླ་མ་ལ་སྐྱབས་འཇུག་ཞུ་བར་མི་གཞན་བཏང་ན། ཁོའི་ལག་ཏུ་འབུལ་སྟབས་བརྒྱབ་པའི་ཁ་བཏགས་ཀྱི་ནང་དུ་སྐྱབས་ཞུ་དང་སྐུ་ཡོན་ཕུལ་བ་ཡིན། དེང་སང་སུད་སི་ལ་ཤི་རོ་ལ་ཡང༌། ཁ་བཏགས་གཡོག་བགྱི་འདུག་པ་དགོད་བྲོ། སྔར་ཡིན་ན་ཕ་མ་ལ་ནང་མིའི་ཚབ་ལྟ་བུ་གཅིག་གིས་ཕུལ་བ་མ་གཏོགས། མཇལ་ཁ་ཞུ་བ་ལྟ་བུ་བྱེད་སྲོལ་མེད། ངོས་རང་ནས། ཁ་བཏགས་སྐོར་རྒྱས་ཙམ་ཞིག་སུད་སིའི་མི་མང་གསར་ཤོག་ཞིག་ལ་བྲིས་ཡོད་ཀྱང༌། དེ་ད་ལྟ་མ་རྙེད། རྙེད་ན་རྗེས་སུ་བསྐུར་ཡོང༌། སྟོན་པའི་སྐྱེས་རབས་སོགས་ལ་ནི། འབུལ་ཚན་མེ་ཏོག་དང༌། སྤོས་ཀྱིས་སྤྱན་འདྲེན་པ་ལ་དར་འབུལ་བ། དར་ཡང༌། དང་པོ་རྒྱ་གར་རས་དཀར་པོས་དེ་འདྲ་འབུལ་གྱི་ཡོད་པ་རྗེས་སུ་རྒྱ་དང་སོག་པོ་འབྲེལ་པ་བྱུང་སྟེ། སྲིན་བལ་གྱི་རས་འབུལ་རྒྱུའི་ཚབ་ལ་རྒྱ་ནག་དར་འབུའི་ཁོག་ནས་བཏོན་པའི་སི་ཤན་ལ་བྱས་པའི་དྲུའུ་རྩི་དཀར་པོ་ལ་ཁ་བཏགས་ཞེས་མིང་བཏགས་པ་མིན་ནམ།༽ཞེས་ཆེད་སྩལ་གནང་པས་མཚོན། ཁོང་དང་དངོས་མཇལ་སྐབས་དག་དང་། ཡིག་འབྲེལ་གྱི་སྐབས་དག་ཏུ། རིག་གནས་ཀྱི་གླེང་མོལ་ཐེངས་མང་བྱུང་བ་ནི་བདག་རང་ལ་མཚོན་ན། ད་ལྟའི་ཆར་ཁོང་གི་ཕྱག་བྲིས་ཤོག་ལྷེ་རེ་རེའང་རིན་ཐང་གཞལ་མེད་ཀྱི་དངོས་པོ་རེ་རེར་སྣང་ངོ་།། ཁ་ཟིན་སྣ་ཟིན་གྱི་དྲན་ཐོ་འདི་ནས་རྫོགས་པར་བྱས་སོ། །
ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ ཉིན།
་་་་་ ཁ་བཏགས་ཟེར་བ་སོག་སྐད་རེད་ཟེར་བ་ཞིག་གོ་མྱོང༌། རང་རེ་བོད་པའི་བླ་དཔོན་ཚོའི་སྐད་ཆའི་ནང་སོག་སྐད་དང་བོད་སྐད་འདྲེས་པ་མང་ཙམ་འདུག་པ། དཔེར་ན། ཆོལ་ཁ་གསུམ་གྱི་ཆོལ་ཁ་ནི་སྐུ་ཡོན་ཟེར་བ་ཡིན་འདུག འདི་ནི་སྒོ་མང་མཁན་ཟུར་དམ་པ་སོག་པོ་བྷོ་རད་ཐུ་ངག་དབང་ཉི་མའི་ཞལ་ནས་ཐོས་བྱུང༌། ཁོང་གིས་གཟེངས་བསྟོད་གསུང་གི་འདུག་ཀྱང་ཡིན་རྒྱུ་ནི། འགྲོ་མགོན་ཆོས་འཕགས་ཀྱིས་ཧོར་གོ་དན་རྒྱལ་པོ་ལ་ཀྱཻ་རྡོ་རྗེའི་དབང་ལན་གསུམ་གནང་བའི་སྐུ་ཡོན་ལ། བོད་སྟོད་སྨད་བར་གསུམ་ཕུལ་བའི་དོན་རང་ལ་འདུག ་་་་་ཟེར།
བོད་སྐད་རང་དུ་ཁ་བཏགས་པ་ནི། བྱ་ཚིག་ཡིན་པས། གལ་སྲིད་མཇལ་དར་ལ་ཁ་བཏགས་དེ་སོག་སྐད་ཡིན་ན། ཁ་བཏགས་ཀྱི་ཚབ་ལ་ཁ་ཏགཅེས་འབྲི་དགོས་འདུག
སོགས་སྐད། བོད་སྐད་དུ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཏྰ་ལ་ = རྒྱ་མཚོ།
ཨེམ་ཆི་ = སྨན་པ།
ཨར་ཅོ། = ངོ་རས་ཨར་ཅོར།
ཆོལ་ཁ་ = སྐུ་ཡོན་ནམ། གཟེངས་བསྟོད།
ཁ་བཏགས་སམ་ཁ་ཏག = མཇལ་དར་རམ། ཁ་ཏག
དྲ་གྲོགས་ལགས། འོག་ཚིག་འགའ་གོ་བ་ལོན་ཐུབ་མ་སོང་བས་གསལ་བཤད་ཞིག་བཀྲིན་ཆེ་བ།
“ང་ཚོའི་རྩོམ་གྱི་མཐའ་མ་དེ་མ་གཏོགས། གཞན་ཚང་མ་ཉིས་གཤིབ་ཤ་སྟག་སོང་ཙང་། དབྱངས་ཀྱི་རྒྱུན་ཕྱི་མ་འདྲེན་ཁག་པོ་ཡོང་བགྱི་འདུག”
དེས་ན་རཀ་རས་ཁ་བཏགས་ཀྱི་སྐོར་དེ་ལ་འགྲེལ་བཤད་དོན་སྙིང་ཅན་གང་ཡང་མི་འདུག་ལགས།
༤༽ བློ་བཟང་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ གི་ཆུ་ཚོད་ ༩ སྐར་མ་ ༢༤
དྲ་གྲོགས་ལགས། འོག་ཚིག་འགའ་གོ་བ་ལོན་ཐུབ་མ་སོང་བས་གསལ་བཤད་ཞིག་བཀྲིན་ཆེ་བ།
“ང་ཚོའི་རྩོམ་གྱི་མཐའ་མ་དེ་མ་གཏོགས། གཞན་ཚང་མ་ཉིས་གཤིབ་ཤ་སྟག་སོང་ཙང་། དབྱངས་ཀྱི་རྒྱུན་ཕྱི་མ་འདྲེན་ཁག་པོ་ཡོང་བགྱི་འདུག”
གསལ་བཤད།:
དཔེར་ན། སྲིད་ཞིའི་ ཕན་བདེ་ འདོད་དགུ་ འབྱུང་བའི་ གཏེར།། ཐུབ་བསྟན་ བསམ་འཕེལ་ ནོར་བུའི་ འོད་སྣང་ འབར།། ལྟ་བུ་ལ་མཚོན་ན། ཚེག་ཁྱིམ་གཉིས་རེ་ཤིབ་ནས་ཀློག་དགོས་པ་ཚིགས་བཅད་ལུགས་ཀྱི་ཀློག་སྟངས་དེ་གསུངས་པར་ངེས།
ང་ལ་བློ་སྐྱིད་མང་པོ་རག་སོང་། དགེན་ཐུགས་རྗེས་ཆེ། ད་རུང་ཡོད་ན་བསམ་པའི་རེ་བ་འདུག
དབྱངས་ཅན་འབངས་ལགས། དོ་ཁུར་སྣང་བ་ཐུགས་རྗེ་ཆེ། དངོས་འབྲེལ་བློ་སྐྱེད་རགས་སོང་། འདི་ནང་བོད་ཡིག་ཤེས་ཀྱི་མི་འདུག་ཟེར་མཁན་མང་པོ་འདུག ཁྱེད་ནས་ཁ་ཞེ་གཉིས་མེད་གནང་བར་བཅོས་མིན་དགའ་སོང་།
རཀ་ར་རིན་པོ་ཆེས། དེང་སང་རྒྱ་གར་གྱི་ཤིང་ཏོག་ཀེ་ལ། Banana ལ་བོད་སྐད་དམ་ལྷ་སར་ངང་ལག་ཞེས་འབོད་སྲོལ་ཡོད་གསུངས། ཀེ་ལ་ཆགས་པ་དེ་ཚོ་ངང་པའི་ལག་པ་ལྟར་འདྲ་བས་དེ་ལྟར་འབོད། དེ་དུང་ཀེ་ལའི་སྡོང་པོར་བོད་སྐད་དུ་ཆུ་ཤིང་འབྲས་བུ་མེད་པ་ཅེས་དཔེ་བཞག་པ་དེ་ནོར་བ་རེད། ཆུ་ཤིང་སྙིང་པོ་མེད་པ་རེད། གང་ལགས་ཤེ་ན། ཆུ་ཤིང་སྡོང་པོར་འབྲས་བུ་ཀེ་ལ་ཡོད་ཡོད་ནའང། སྡོང་པོ་དེ་ལྤགས་པ་བཤུས་ན་ནང་ལོགས་ལའང་དེ་དང་འདྲ་བའི་ལྤགས་པ་རིམ་པ་ཁ་ཤས་ཡོད་པ་མ་གཏོགས་སྡོང་པོ་སྤྱི་མཚུངས་ལྟར་མེད་པས་དེ་ལྟར་བཤད་ཅེས་གསུངས་སོང་བསམ་པ་ཞིག་བྱུང་། ད་དུང་གསལ་པོ་ཡག་པོ་ཞིག་དྲན་གྱི་མི་འདུག
ཤིང་ཏོག་ཀེ་ལ། Banana བ་ན་ན་ལ། ཤིང་ཏ་ལ་དང་ཏ་ལའི་འབྲས་བུ་ཞེས་བཀའ་བསྟན་ནང་ལ་ཡང་གསལ་ཡོད་སྙམ་པ་ཅིག་དྲན་ཡང་་་་་ ཆུ་དང་ཤིང་གི་བསྟན་བཅོས་ལ། ཆུ་ཤིང་བསྟན་བཅོས་ཞེས་ཟེར་མི་རུང་བ་ཡང་། ཆུ་ཤིང་ལ་འབྲས་བུ་མེད་པའམ་སྙིང་པོ་མེད་པའི་དཔེ་རུ་སྦྱར་དོན་ཡང་དེ་རེད།
དགེ་ཆོས་ལགས་དང་། རཀ་ར་རིན་པོ་ཆེ་མཆོག མ་འོངས་པར་རྡོ་རྗེ་དབང་ཕྱུག་ལགས་སོགས་ཁྱེད་ཡབ་སྲས་རྣམས་ཀྱི་རིག་གནས་བྱ་གཞག་ལ་ལམ་ལྷོང་ཡོང་བའི་སྨོན་ལམ་དང་། བྱས་ཟིན་པའི་བྱས་རྗེས་ལ་རྗེ་སུ་ཡི་རང་ཞུའོ།།
ལྷ་ས་བས་ངང་པའི་ལག་པ་དང་ཀེ་ལ་གཉིས་ཀྱི་དབྱིབས་འདྲ་བོར་མཐོང་ནས་ངང་ལག་ལབ་ཡོད་ན་དགོད་སྤྱད་རེད། དེ་རིང་དགོད་ཀི་ཡིན། ཧ་ཧ།
(བྱའི་ལག་པ། བྱ་ལག། ངང་ལག) (བྱའི་རྐང་པ། བྱ་རྐང་། ངང་རྐང་།) ད་ཡིན་ན་མཁས་པ་འདི་ཚོའི་རྗེས་ཟིན་ས་མ་རེད། དེ་རིང་ཉིན་གང་ལ་རྒད་ནས་འདུག་གི་ཡིན། ཧ་ཧ།
ངང་སྡེར། བྱའི་སྡེར་མོ། བྱ་སྡེར། ངང་བའི་སྡེར་མོ་ལ་རིག་འདུག་ཟེར་ན་ཨོ་ཙམ་མིན་འགྲོ། ཧཧ།
བོད་ཀྱི་དར་འབུལ་སྲོལ་དེ་ལ་དཔྱད་པ་མཛད་མཁན་མང་པོ་འདུག སོག་པོས་དར་བེད་སྤྱད་སྲོལ་ཆེན་པོ་འདུག སོག་པོའི་གདོད་མའི་ཆོས་ལུགས་སམ་སྲོལ་རྒྱུན་ཆོས་ལུགས་ཀྱི་ཆོ་གའི་སྐབས་སུ་མེད་དུ་མི་རུང་བ་ཞིག་རེད་འདུག དེ་ཡང་ཁ་ཏོག་སྔོན་པོ་དགོས་ཀྱི་འདུག རང་རེའི་བོན་པོ་ཚོས་དེང་སང་བོན་པོ་ཚོས་སྟོད་འགག་མཐིལ་སྔོན་པོ་གྱོན་སྲོལ་སོགས་དར་ཡོད། དེ་ནི་གནའ་བོའི་མིའི་ཡིད་ཆེས་ཤིག་ཡིན་ཞིང་དེ་ལྟར་ཡིན་དོན་ནི་ནམ་མཁའི་མདོག་སྔོན་པོ་ཡིན་པ་དང་གནའ་མིས་ལྷའི་གནས་ཡུལ་ནམ་མཁའ་ཡིན་པར་འདོད་པའི་རྒྱུ་མཚན་གྱིས་ཡིན། གཅིག་བྱས་ན་གནའ་སྔ་མོའི་དུས་ནས་བོད་དང་སོག་པོ་སོགས་ཨེ་ཤེ་ཡའི་མཐོ་སྒང་གི་མི་རིགས་ཚོའི་ཆོས་ལུགས་ཆོ་གའི་བྱེད་སྒོ་དང་འབྲེལ་བ་ཞིག་ཡིན་པ་འདྲ།
སོག་པོ་ཚོས་དར་གྱི་མིང་ལ་ཧ་ཏག་ཟེར། ཨ་མདོ་བ་ཚོས་ཁ་བཏགས་ཟེར། སྤྱིར་བོད་སྐད་ལ་ཁ་བཏགས་ཟེར་བ་ནི་སྡེབས་གསོད་བྱས་པའི་དོན་ཡིན་པས་ཁམས་དང་དབུས་གཙང་གི་མིས་རྣམ་རྟོག་ངན་པར་བརྩི། ཁམས་དང་དབུས་གཙང་སོགས་ཀྱི་མིས་དར་དང་། མཇལ་དར། དར་ཁ་སོགས་ལས་ཁ་བཏགས་ཟེར་སྲོལ་མེད། ཨ་མདོ་བས་ཁ་བཏགས་ཟེར་བའི་འབྱུང་ཁུངས་སོག་སྐད་ཀྱི་ཧ་ཏག་ཟེར་བ་ལས་སྒྲ་ཟུར་ཆག་པ་འདྲ། རྒྱ་སྐད་ལ་ཡང་ཧ་ཏ་ཟེར་བས་སོག་སྐད་ཀྱི་མིང་དེ་དང་ཐག་ཉེ།
དར་ཁ།
ཁ་བཏགས་ཟེར་བ་དབུས་སྐད་རེད། མདོ་ཁམས་སུ་དར་ཁ་ཟེར་སྲོལ་ཡོད། དར་ཁ་གང་ཞེས་པའི་དོན་རེད། དར་ཞེས་པ་ནི་སྟོན་དཔྱིད་ཀྱི་སྐབས་སུ་རྒྱུགས་ཆུ་འགྲམ་དུ་ཆགས་པའི་འཁྱགས་དར་དང་། ཡང་ན་སྣོད་ནང་ཆགས་པའི་འཁྱགས་པ་སྲབ་མོ་དེའི་མིང་རེད། འཁྱགས་པ་དེ་ནི་ཕྱི་ནང་གསལ་སྒྲིབ་མེད་པའི་ཤེལ་ལེབ་འདྲ་བ་ཞིག་ཡོང་གི་ཡོད་པ་རེད། དར་དེ་ཡང་ཕྱི་ནང་གསལ་སྒྲིབ་དེ་ཙམ་མེད་པ་ཆུ་ཁའི་དར་དང་འདྲ་བས་དར་ཞེས་འདྲ་བ་རྒྱུ་མཚན་གྱིས་བཏགས་སམ་སྙམ། དར་རྩེ་མདོ་སོགས་ཀྱི་དར་དེ་ཡང་འདི་རང་རེད། དར་ཕྲུག་རས་གསུམ་ཨང་གི་རྩེ་མོ་དེ་འདྲ་ཉོ་ཚོང་བྱེད་སའི་གནས་ཡིན་པས་དེ་ལྟར་མིང་རྒྱུན་འཇགས་སུ་གྱུར། དར་ཁའི་ཐོག་མའི་འབྱུང་ཁུངས་བཙལ་ན་རྒྱ་ཡུལ་ནས་ཐོན་པ་ཡིན་སྲིད། གནའ་དུས་སུ་དར་རས་གྱི་འབྱུང་ཁུངས་གཙོ་བོ་རྒྱ་ནག་གི་ཡུལ་རེད། འོ་ན་བོད་པས་དར་འདི་ལ་གལ་ཅེན་དུ་བརྩི་སྲོལ་ཡོང་བའི་རྒྱུ་མཚན་ནི། མནའ་དུས་བོད་ཡུལ་དུ་དར་རས་ཧ་ཅང་དཀོན་པས་ཕན་ཚུན་ལེགས་སྐྱེས་འབུལ་རྒྱུ་ཡག་ཤོས་དེ་དར་རས་ཀྱི་རིགས་ཡིན་པ་རེད། དཀར་པོ་ནི་བོད་ཀྱི་སེམས་ཁམས་མཚོན་པ་སོགས་ཡིན་སྲིད་ཀྱང་། གཙོ་བོ་ནི་ཚོན་གང་དུ་བསྒྱུར་ཀྱང་རུང་བའི་རྒྱུ་མཚན་གྱིས་དཀར་པོ་སོགས་ལ་གཙིགས་སུ་བཟུང་བ་དང་། དེ་ནས་རིམ་གྱིས་རྟེན་འགྲེལ་གྱི་རྫས་སུ་གྱུར་སོང་བ་རེད།
ཁོང་གི་མཛད་རྗེས་ངོོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
ཀར་རྡོ་ལགས། ཏ་ལ་དང་ཏ་ལའི་སྡོང་པོ་ཞེས་པ་བཀའ་བསྟན་ནང་ཡོད་པ་ངའི་མཇལ་མྱོང་། ། ཡིན་ནའང་བོད་ལ་ཏ་ལ་འམ་Banana ཡོད་ས་མ་རེད། བྱས་ཙང་ལྷ་སར་ལོ་གསར་སྐབས་གཞུང་གི་་སྡེར་ཁ་འགྲིག་པའི་སྐབས། རྒྱ་གར་ནས་ཀེ་ལ་འཁྱེར་ཡོང་བ་དེར། དེ་ཁུལ་མི་ཚོས་ངང་ལག་ཞེས་འབོད་པ་འདྲ། ཆུ་ཤིང་ལ་སྙིང་པོ་མེད་པ་མ་གཏོགས་འབྲས་བུ་མེད་པའི་དཔེར་སྦྱར་མི་རུང་། འབྲས་བུ་ཀེ་ལ་ཡོད་པས་སོ།
ང་ཚོས་གྲུབ་དོན་གཅིག་ནི། རྒྱ་ནག་སྐད་དུ་ཧ་ཏ་དང་། དེ་སོག་སྐད་དུ་ཧ་ཏག དེ་བོད་སྐད་དུ་ཁ་ཏག ལབ་པ་དེ་ཁ་བཏགས་ཞེས་བྲིས་པ་འདྲ་ཞེས་ཟེར། ཡང་། ཀེ་ལ་སྡོང་པོ་ལ་ཆུ་ཤིང་ཞེས་འབྲས་བུ་མེད་པའི་མེད་པའི་དཔེ་རུ་འཇོག་བགྱིད་ཡོད་མེད་མི་ཤེས་ཀྱང་། གལ་ཏེ་འཇོག་བགྱིད་ཡོད་ན། ཏ་ལའི་ཤིང་འབྲས་ཚར་གཅིག་ལས་ལན་ཐེངས་གཉིས་པ་མེད་པས། དཔེ་རུ་སྦྱར་མི་སྲིད་པ་མིན། དེའི་ཁུངས་རཀ་ར་རིན་པོ་ཆེའི་ཁུངས་ལ་དག་མ་དག་དཔྱད་རྒྱུ་དེ་ལས་གལ་ཆེ་བ་འདུག་སྙམ་ལགས།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
ཆུ་ཤིང་། འབྲས་བུ་ཐེངས་གཅིག་སྐྱེས་རྗེས་སྐམ་པའི་ཤིང་ཞིག མིང་གི་རྣམ་གྲངས་་ལ་་་་་་་
ཁམས་བཟང་། གོང་དུ་ཀརྡོ་ལགས་ནས་ ཀེ་ལ་དང་ཏ་ལ་ གཅིག་པར་གསུངས་འདུག་པར་ཞུ་རྒྱུར།
ཀེ་ལ་ཞེས་པ་ནི་ཡོངས་གྲགས་ལྟར་ལ། འོན་ཀྱང་ཏ་ལ་ནི་དེ་དང་གཅིག་པ་མ་ཡིན་ཏེ། དགེ་ཆོས་ཀྱིས་གསེར་ཐང་ནང་། ཏ་ལ་ནི་ལོ་མ་ཕྲ་ལ་རིང་བ་ཞིག་ཡོད་པར་གསུངས་ཤིང་། དེའི་མཚོན་བྱེད་དུ། མི་ལའི་རྣམ་ཐར་ནང་སྲས་དར་མས་རྗེ་བཙུན་ལ། ཡབ་མར་པས་རྒྱ་གར་ནས་ཤིང་གི་ལོ་མའི་དཔེ་ཆ་ཕྲ་ལ་རིང་བ་མང་པོ་བསྣམས་ཕེབས་པར་གསུངས་པ་དྲངས་ཡོད། གོ་ཐོས་ལ། ཝཎའི་མཆོད་རྟེན་སྐོར་ལམ་ནང་བཻ་ཏའི་སྡོང་པོ་ (ན་རི་ཡལ།) འདྲ་བའི་ཤིང་སྡོང་དག་ཟེར།
གང་ལྟར་ཡང་ཏ་ལ་ཞེས་པ་ཀེ་ལ་མ་ཡིན་ཐག་ཆོད་རེད། གང་ཡིན་ཟེར་ན། སྐྱེས་རབས་ལས་གཞོན་ནུ་དོན་གྲུབ་སྒྱུ་རྩལ་ལ་བསྔགས་པ་བརྗོད་པར།
“ཏ་ལ་བདུན་དང་ས་ཡི་གཞི།།
མདའ་གཅིག་གིས་ནི་ངེས་པར་ཕུག།” ཞེས་དང་།
བརྒྱད་སྟོང་པར་ཡང་།
“འོབས་རིམ་པ་བདུན་དང་ཏ་ལའི་འཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ།”
ཞེས་སོགས་གསུངས་པ་ལ་བརྟགས་ན། ཏ་ལའི་སྡོང་པོ་དེ་འབིགས་སླ་བ་དང་འགྱེལ་སླ་བ་ཞིག་མིན་པར་འཁྲེགས་ཤིང་བརྟན་པ་ཞིག་ཡོད་པ་ཐག་ཆོད་པས་སོ།།
ཀེ་ལ་དང་ཏ་ལ་གཉིས་གཅིག་པར་འཛིན་པའི་འཁྲུལ་གཞི་ནི། སྔོན་མའི་ཤེས་རིག་གི་འཛིན་གྲྭ་དང་པོའི་སློབ་ནང་། གསལ་བྱེད་ ཏ་ ཡི་ཚིག་སྒྲུབ་ཏུ།
“ཏ་ལའི་ལོ་མ་ཆེན་པོ་རེད།”
ཅེས་བཀོད་པ་དེ་ཡིན་ནམ་སྙམ་མོ།།
ནོར་བཅོས།: འཛིན་གྲྭ་དང་པོའི་སློབ་དེབ་ནང་།
༢༠༽ དབྱངས་ཅན་འབངས་ལགས།
སྐྱེས་རབས་ལས་གཞོན་ནུ་དོན་གྲུབ་སྒྱུ་རྩལ་ལ་བསྔགས་པ་བརྗོད་པར།
“ཏ་ལ་བདུན་དང་ས་ཡི་གཞི།།
མདའ་གཅིག་གིས་ནི་ངེས་པར་ཕུག།” ཞེས་དང་། ་་་་ཟེར་བ་འདི་ངའི་ཏ་ལ་སྡོང་པོ་དེ་ཀེ་ལའི་སྡོང་པོའི་ཁུངས་དང་ཉེ་ཆེ་བ་མིན་དུག་གམ། ལགས།
རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱིས། བཻ་ཏའི་སྡོང་པོ་ (ན་རི་ཡལ།)ཤིང་སྡོང་འཁྲེགས་པོ་བདུན་མདའ་གཅིག་གིས་ཕུག་ཐུབ་ན་ནི། རྒྱལ་སྲས་འདིའི་སྤྱོད་ཚུལ་མཧྰབྲཏ་གཏམ་རྒྱུད་སྲིད་སྒྲུབ་ཨརྗུན་ལས་ལྷག་པ་འདི་ཡོད་ཆེས་དཀའ་བར་མི་འདུག་གམ། ལགས།
ཀརྡོ་ལགས། ཕལ་ཆེར་ཁྱེད་ཀྱིས་གོ་ནོར་ཤོར་བ་འདྲ། ངས་ཏ་ལ་ན་རི་ཡལ་དང་འདྲ་བ་ཞིག་ལས་ཡིན་ཞེས་ལབ་མེད། དེ་ནི་ཝཎའི་མཆོད་རྟེན་ཉེ་འཁོར་ན་སྐྱེས་པ་ན་རི་ཡལ་དང་འདྲ་བ་དག་ཡིན་པར་ཐོས། ཀེ་ལ་ནི་ལོ་མ་ཕྲ་ལ་རིང་བ་ཞིག་མིན་པར་ཞེང་ཁ་ཆེ་བ་དེའི་སྟེང་ཁ་ལག་ཀྱང་ཟ་ཆོག་པ་ཞིག་ཡིན། བྱས་ཙང་ངོས་འཛིན་འདི་སྔོན་གྱི་ཏ་ལའི་ངོ་སྤྲོད་དང་མཐུན་གྱི་མིན་འདུག
རྒྱལ་སྲས་གཞོན་ནུ་དོན་གྲུབ་ཅེས་པ་ནི། ཧིན་སྐད་ནང་ ‘སིདྡྷཱརྠ’ སྟེ་དོན་གྲུབ་ཅེས་སངས་རྒྱས་བཅོམ་ལྡན་འདས་རབ་ཏུ་མ་བྱུང་གོང་གི་མཚན་རེད། འདི་ལྟ་ཁྱེད་རང་གིས་མཁྱེན་དང་མཁྱེན།
མཁས་མཆོག་མར་པ་ལོ་ཙྰ་པའི་རིགས་སྲས་དར་མ་མདོ་སྡེས། ་་་་རྗེ་བཙུན་ལ། ཡབ་མར་པས་རྒྱ་གར་ནས་ཤིང་གི་ལོ་མའི་དཔེ་ཆ་ཕྲ་ལ་རིང་བ་མང་པོ་བསྣམས་ཕེབས་པར་གསུངས་པ་དང་གཅིག ་་་་། དགེ་ཆོས་ཀྱིས་གསེར་ཐང་ནང་། ཏ་ལ་ནི་ལོ་མ་ཕྲ་ལ་རིང་བ་ཞིག་ཡོད་པར་གསུངས་ཤིང་། ཞེས་པའི་འདི་གཉིས་ལ་ཁུངས་དང་རིགས་པ་གཉིས་ཀ་ཡོད་སྲིད་ཀྱང་། ཀེ་ལའི་སྡོང་པོ་ཤིང་ཏ་ལ་མིན་དུ་ཆུག འོནད་ཀྱང་། ཁྱོད་ཀྱི་ལོ་མ་ཕྲ་ལ་རིང་བ་དེ་ནི། ནང་པས་ཨུ་དུམ་ཝ་རའི་མེ་ཏོག་གི་ལོ་མའམ། ཡང་ན་ཕྱིན་ནང་གཉིས་ཀས་འདོད་པའི་ལྷ་ཡུལ་གྱི་དཔག་བསམ་ཤིང་གི་ལྗོན་པའི་ལོ་མ་ལྟར་དུས་ད་ལྟའི་དུས་སུ་ཡང་རྒྱ་གར་ན། མིག་གིས་རིག་རྒྱུ་མེད་པ་ཅི་ལས་བྱུང་། འདིར་ཡང་མའོ་གུང་བྲན་དམར་པོས་རྩ་མེད་བཟོས་པ་ཚར་པ་རེད་དམ། ཡང་ན། དེའི་ཡར་སྔོན་ན་བཙན་པོ་ངན་པ་འུ་དུམ་གླང་དར་མས་མེར་བསྲེགས་བཏང་ཟིནད་པ་རེད་དམ། ལགས། དབྱངས་ཅན་ལྷ་མོས་བྱིན་གྱིས་བརླབས་པའི་༢༣༽དབྱངས་ཅན་འབངས་ལགས། ཧ་ཧ། ཀུ་རེ་དང་བཅས།། །།
རྒྱལ་སྲས་གཞོན་ནུ་དོན་གྲུབ་ཅེས་པ་ནི། ཧིན་སྐད་ནང་ ‘སིདྡྷཱརྠ’ སྟེ་དོན་གྲུབ་ཅེས་སངས་རྒྱས་བཅོམ་ལྡན་འདས་རབ་ཏུ་མ་བྱུང་གོང་གི་མཚན་ཡིན་པ་རྩོད་པ་མེད། འོནད་ཀྱང་ཁྱེད་ཀྱིས། གཞོན་ནུ་དོན་གྲུབ་ཀྱིས། མདའ་འགྲན་སྐབས་ལ་ཤིང་ཏ་ལའི་སྡོང་པོ་བདུན་གྱིས་མ་ཚིམས་པར། བཻ་ཏའི་སྡོང་པོའམ་ན་རི་ཡལ་ལྟ་བུའི་ཤིང་སྡོང་འཁྲེགས་པོ་བདུན་མདའ་གཅིག་གིས་ཕུག་ཐུབ་པར་འདོད་སྟངས་འདི་ང་ལ་དད་མོས་དང་། དགའ་པོ་རང་མེད། གང་ཡིན་ཟེར་ན། ལྷས་བྱིན་གྱིས། ཏ་ལའི་སྡོང་པོ་ལྔ་ཙམ་ལས་ཕུག་མ་ཐུབ་པ་གཅིག རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས། བདུན་ག་མདའ་གཅིག་གིས་དུས་གཅིག་ལ་ཕུག་ནས་མདའ་རྩེད་འགྲན་རྩོད་ལས་ཀྱང་རྒྱལ་བར་བརྩི་མི་ཐུབ་པར་གང་གིས་ལན་པ་རེད་དམ། ལགས།
དེང་སང་ཚན་རིག་ཚད་མཐོར་དར་བའི་བརྒྱ་ཕྲག་ཉེར་གཅིག་པའི་དུས་སུ། སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ། དགའ་ལྡན་ནས་འཕོ་བའི་མཛད་པ། ཡུམ་གྱི་ལྷུམས་སུ་བཞུགས་པའི་མཛད་པ་། ད་དུང་ནང་པ་ཐེག་དམན་པས་ཀྱང་འདོད་ཐུབ་པའི་མའམ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་གློ་གཡས་པ་ནས་འཁྲུངས་ཚུལ། འཁྲུངས་མ་ཐག་གོམ་བདུན་སྤོ་ཚུལ། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས་ཚུལ་སོགས་དང་། ཕྱིས་སུ་སྟོན་པ་རང་ཉིད་དང་། རྫུ་འཕྲུལ་ཐོབ་པའི་དགྲ་བཅོམ་པ་དག་འཕུར་བགྱིད་ཡོད་པ་སོགས་ལ་ཡང་ཡིད་ཆེས་མེད་པའི་དུས་སུ། ལྷ་སྒྲུང་སྲིད་སྒྲུབ་བམ། ཨརྗུན་ལས་མདའ་རྩེད་ལྷག་པ་ཅིག་རྒྱལ་སྲས་དོན་གྲུབ་ཀྱི་རྣམ་ཐར་གསར་བཟོ་བྱས་ན་ཕན་ལས་གནོད་ཆེ་བ་འོངས་མི་སྲིད་པ་མིན་པས་གཟབ་དགོས་པ་མང་ངོ་།། །།དབྱངས་ཅན་འབངས་ལགས།། །།