རྩོམ་པ་པོ། མགར་རྩེ་འཇིགས་མེད།
༄༅།། ངའི་མི་ཚེ་དང་པེ་ཅིན་སྲིད་གཞུང༌།
ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ཀྱི་ཐོབ་ཐང་རྩོལ་ལེན་ལ་རྡོག་བརྫུས་གཏན་ནས་མི་གཏོང༌། ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐུར་འདེབས་གཏན་ནས་མི་བྱེད། ང་རང་སྨྱུག་ཐོགས་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་དང་གནས་ལུགས་ཤུགས་ཀྱིས་སྒྲོག་ངེས། འདི་ནི་ངས་རང་རིགས་སྤུན་ཟླ་ཚོར་རང་སྲོག་གཏའ་མར་བཞག་ནས་དམ་བཅས་པ་ཡིན།
གཅིག ད་ལོར་དབུས་གཙང་ལྷ་ས་ནས་ཨ་མདོའི་རྔ་བའི་བར་དུ་བོད་མི་རིགས་ཀྱི་ས་གནས་གྲངས་མེད་པ་ཞིག་ཏུ་ཆབ་སྲིད་ལ་རྒོལ་གཏམ་གཏོང་བའི་གནས་ཚུལ་རབ་དང་རིམ་པ་ཞིག་བྱུང་སོང་ལ། གནས་ཚུལ་དེའི་ཁྲོད་ནས་མི་གང་མང་ཞིག་གི་རིན་ཐང་བྲལ་བའི་ཚེ་སྲོག་གམ་གཅེས་སུ་འོས་པའི་ཚེ་སྲོག་ཀྱང་གང་མང་ཤོར་སོང་བ་མ་ཟད། ཚེ་བཙོན་དང༌། ལོ་གང་མང་གི་ཁྲིམས་ཆད་ཀྱང་བཅད་སོང༌། ད་དུང་གཅར་རྡུང་དང་མནར་གཅོད་ཀྱང་ཚད་ལས་བརྒལ་བ་བྱས་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ། གནས་ལུགས་དང་དྲང་བདེན་ལ་མཐོང་ཆེན་བྱེད་པའི་བོད་རིགས་སྤུན་ཟླ་དང་གཟུར་གནས་སྐྱེ་བོ་ཀུན་གྱིས་ཤེས་གསལ་ལྟར་རེད།
ཀྲུང་དབྱང་བརྙན་འཕྲིན་ཚན་ཁག་གང་མང་དུ་འགོ་ཁྲིད་ཚོས་དེ་ནི་ཏཱ་ལས་ཚོགས་ཁག་གིས་ངན་ཇུས་ཀྱི་འཆར་གཞི་ལྡན་པའི་གོ་སྒྲིག་འོག་ཏུ་མི་ཉུང་ཤོས་ཤིག་གིས་བསྒྲུབས་པ་རེད་ཅེས་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱེད་བཞིན་འདུག་མོད། འཛམ་གླིང་གི་སྐྱེ་བོ་དཔག་དཀའ་བ་ཞིག་གིས། མདོར་བསྡུས་ཏེ་བཤད་ན། དེ་ནི་ལྐོག་ཟ་རུལ་སུང་གི་སྲིད་གཞུང་ཞིག་གིས་བོད་མི་རིགས་ལ་རང་དབང་གི་འཚོ་བ་མ་སྤྲད་པར་མནར་གཅོད་གཏོང་རྒྱུ་མང་དྲགས་པའི་དབང་གིས་བོད་རིགས་གང་མང་གི་སེམས་ཀྱི་ན་ཟུག་ཕྱི་རུ་མངོན་པའི་ངུ་འབོད་ཐེངས་ཤིག་རེད། ཅེས་སྨྲ་བཞིན་འདུག གང་ལྟར་ང་རང་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་ང་ལ་རང་གི་མི་རིགས་ཀྱི་འཚོ་བ་དང་སེམས་ཁམས་ལ་ཞིབ་འཇུག་བྱ་རྒྱུའི་འོས་འགན་ཡོད་པས་འདིའི་ཐད་ནས་སྐད་ཆ་འགའ་གནས་ཚུལ་གང་ལ་ཐུག་ཀྱང་དྲང་མོར་བཤད་རྒྱུ་ཡིན།
གཉིས། ཐོག་མར་ངའི་ཕ་མ་གཉིས་ཀྱི་མི་ཚེའི་བརྒྱུད་ལམ་དང་འབྲེལ་ནས་ངའི་མི་ཚེའི་བརྒྱུད་ལམ་ཆེས་མདོར་བསྡུས་ཤིག་གླེང་རྒྱུ་ཡིན། ང་ནི་འབྲོག་ཕྲུག་ཅིག་ཡིན་ལ་ངའི་བྱིས་དུས་ཀྱི་འཚོ་བའང་ནོར་ལུག་གི་རྗེས་ནས་ནར་སོན་པ་ཞིག་ཡིན། ང་ཆུང་དུས་ཨ་མས་ཁོ་མོའི་མི་ཚེའི་དཀའ་སྡུག་ཞིག་ཐེངས་གང་མང་ལ་བཤད་མྱོང་བ་མ་ཟད། ཨ་ཕས་ཀྱང་ཁོའི་དཀའ་སྡུག་ཉུང་ཙམ་ཞིག་ལན་རེར་གླེང་མྱོང༌། ངའི་ཨ་མ་ལ་མིང་སྲིང་དགུ་ཡོད་ལ། ཁོ་མོ་དེའི་ཁྲོད་ཀྱི་དྲུག་པ་ཡིན་ཟེར། ཨ་མ་ཆུང་དུས་ནས་ཁྱིམ་ཚང་གཞན་ཞིག་ལ་བུ་སྐལ་ལ་བྱིན་པས་ཁོ་མོས་རང་གི་ཕ་མ་ངོ་མ་དེ་གཉིས་ནར་སོན་པའི་བར་དུ་ངོ་མི་ཤེས་ཟེར། ཁོ་མོ་བུ་སྐལ་དུ་བྱིན་པའི་ཕ་མ་དེ་གཉིས་ལ་མོ་གཅིག་པུ་ལས་བྱིས་པ་མེད་ལ་མོ་ཧ་ཅང་གཅེས་པའི་དབང་གིས་མོ་ཡང་རང་གི་ཕ་མ་ངོ་མ་གཉིས་ལས་ཀྱང་ཕ་གཡར་མ་གཡར་དེ་གཉིས་ལ་བརྩེ་མདངས་ཧ་ཅང་ཆེན་པོ་ཡོད་ཟེར། ཁོ་མོའི་ཕ་མ་ངོ་མ་གཉིས་དང་ཕ་གཡར་མ་གཡར་ཚང་མ་རྩྭ་ཐང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན་པས་ཁོ་མོའི་བྱིས་དུས་ཀྱི་འཚོ་བའང་རྩྭ་ཐང་གི་འབྲོག་ཕྲུག་དཀྱུས་མ་ཞིག་གི་ཁྱིམ་གཞི་ནས་ནར་སོན་པ་རེད། ཁོ་མོ་ལོ་བཅུ་གཅིག་བཅུ་གཉིས་ཡིན་དུས་རྒྱ་ཀོན་ཙོ་རྒྱ་ཀོན་ཙོ་ནི་ཡུལ་ཕྱོགས་འདིའི་འབྲོག་པ་རྣམས་ཀྱིས་སྐབས་དེའི་སྲིད་གཞུང་གི་ལས་བྱེད་པའི་མིང་གི་འབོད་སྲོལ་ཞིག་རེདཟེར་བ་ཞིག་སྡེ་བའི་འདབས་སུ་ཐོན་ཡོང་ཟེར། ཁོ་ཚོས་རས་གུར་ཕུག་ནས་འདུག་ལ། ཁོ་ཚོའི་ལག་ཏུ་ཀ་ར་བཙོང་རྒྱུ་ཡོད་ལ།ཁོ་མོས་རྒྱུན་དུ་བལ་དང་མར་ཆུར་ཁྱེར་ནས་སོང་སྟེ་ཀ་ར་ཉོས་པ་ཡིན་ཟེར། ཁོ་ཚོ་ནི་ངག་སྒོ་འཇམ་ལ་འཛུམ་ཞལ་ལྡན་པ་ཞིག་ཡིན་པས་སྡེ་མི་ཚོས་རྒྱ་ཀོན་ཙོ་རྣམས་ནི་མི་བཟང་དཔེ་མེད་པ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་བཞིན་འདུག་ཟེར།
ངའི་ཨ་མ་ལོ་བཅོ་ལྔ་ཡིན་པའི་ཉིན་ཞིག་རྒྱ་ཀོན་ཙོ་འགས་ངའི་ཨ་མའི་མ་གཡར་བཟུང་ནས་བུད་སོང་ཟེར། ངའི་ཨ་མས། ཨ་མ་མ་འཁྲིད། ཨ་ཁུ་རྒྱ་ཀོན་ཙོ་ལོ་ལོ་ཞེས་ངུ་འབོད་ཀྱིས་ཞུ་བ་བྱས་ཚེ་རྒྱ་ཞིག་གིས་ཁོ་མོའི་མགོ་ལ་བོའུ་ཡི་ཕྱི་སྟེགས་ཀྱིས་ཐེངས་གཅིག་གཞུས་མ་ཐག་མོའི་དྲན་པ་འཐོར་སོང་བས་ཅི་ཡང་མི་དྲན་པར་གྱུར། ཅུང་ཙམ་འགོར་དུས་སྡེ་བའི་ཁྱིམ་མཚེས་ཀྱི་བྱིས་པ་འགས་མོ་སྐྱོར་ནས་ངུ་འབོད་བྱེད་བཞིན་འདུག་ལ། ཨ་མ་གར་སོང་ཅི་ཡང་མི་ཤེས་ཟེར། ཉིན་དེར་ཁྱིམ་མཚེས་དག་གི་བྱིས་པ་གང་མང་ཞིག་གི་ཕ་མ་གང་མང་ཞིག་ཀྱང་ལྷན་དུ་བཟུང་ནས་བུད་སོང་བས་ཁོ་ཚོའི་ལུང་བ་དེ་བྱིས་པའི་ངུ་སྐད་ཀྱིས་ཁེངས་འདུག་སོང་ཟེར། ཕྱི་དྲོར་ཨ་ཕ་ལུག་རྫི་ནས་ཐོན་དུས་ཁོ་མོ་ཨ་ཕ་ལ་འཐམ་ནས་ཨ་མ་རྒྱ་ཀོན་ཙོས་བཟུང་ནས་བུད་ཐལ་ཞེས་བཤད་དེ་ངུས། སྐབས་དེར་ཨ་ཕ་ཡང་མིག་ཆུ་བཞུར་བཞིན་ཡོད་ནའང༌། ཨ་ཕས་མོ་ལ་སེམས་གསོའི་ཚུལ་དུ། ད་མ་ངུ༌། ཉིན་འགའི་རྗེས་ནས་ཨ་མ་ཕྱིར་ཡོང་ངེས་རེད་ཟེར། ཨ་ཕའི་སྐད་ཆ་དེ་བཤད་རྗེས་མོས་ངུ་མཚམས་བཞག་པ་ཡིན་ཟེར། ཡིན་ནའང་ཉིན་དེ་ནས་བཟུང་ཨ་མ་ཕྱིར་ཡོང་ཞིག་གཏན་ནས་མེད་སོང་བ་མ་ཟད། ཉིན་འགའི་རྗེས་ནས་ཟ་མ་དང་རྒྱུ་ནོར་ཡོད་ཚད་ཀྱང་རྒྱ་ཀོན་ཙོས་གཞུང་བཞེས་བྱས་པས་ཨ་ཕ་ངེད་གཉིས་ལ་ཟ་མ་ཅི་ཡང་ལྷག་མེད།
ཡིན་ནའང་ཨ་ཕས་ཟ་མ་ཉུང་ཙམ་རེ་བརྐུས་ནས་ཡོང་བ་ཡོད་ཚད་མོར་བྱིན་པའི་དབང་གིས་ཟླ་འགའི་རྗེས་ནས་ཨ་ཕ་མུ་གེའི་དབང་གིས་ཤི་སོང༌། ཁོ་མོས་རང་གི་ཨ་ཕའི་བེམ་པོ་དེ་བྲག་མགོ་ཞིག་ལ་འཇོག་ཐུབ་བྱས་རྗེས། མོ་ཡང་ངུས་ནས་དྲན་པ་འཐོར་སོང༌། ངའི་ཨ་མའི་ངའི་ཕུ་ནུ་ཚོར་གཏམ་རྒྱུད་འདི་བཤད་སྐབས་མོ་ལ་མིག་ཆུ་མི་བཞུར་བའི་ཉིན་གཅིག་ཀྱང་ཕལ་ཆེར་མེད། སྐབས་འདིའི་ཡ་ང་བའི་གཤིན་རྗེའི་ཁྲིམས་ར་ལྟ་བུའི་སྤྱི་ཚོགས་ཀྱི་མནར་གཅོད་ནི་ངའི་ཕ་མ་གཉིས་ཀྱི་ཁྱིམ་གཞི་ཁོ་ནའི་སྟེང་ཡོང་བ་ཞིག་མ་ཡིན་པར་བོད་ཁམས་ཡོངས་སུ་སླེབས་པ་ཞིག་ཡིན་པ་ཁོ་མོས་གཏན་ནས་ཤེས་མེད་པས། ཉིན་འགའི་རྗེས་སུ་མོ་རང་གི་ཕ་མ་ངོ་མ་གཉིས་ཡོད་སར་སོང་མོད། ཁྱིམ་གཞི་དེའི་མོའི་ཕ་མ་ངོ་མ་གཉིས་དང་ཕུ་བོ་བཞི་ཡོད་པ་ཚང་མ་སྔ་མོ་ནས་བཟུང་ནས་བུད་སོང་བས་མི་འདུག་ཟེར། ཤུལ་དུ་ལྷག་ཡོད་པ་ནི་མོའི་ཕུ་བོ་ཞིག་གི་ཆུང་མ་དང་ལོ་བཅུ་གཅིག་དང་དགུ་ཅན་གྱི་ནུ་བོ་གཉིས་རེད། ད་དུང་ཨ་ཅེ་ཞིག་དང་ཕུ་བོ་ཞིག་ས་ཆ་གཞན་ཞིག་ཏུ་ཡོད་པས་གནས་ཚུལ་མི་ཤེས་ཟེར། ཉིན་འགའི་རྗེས་སུ་སྡེ་བའི་རྩ་འཛུགས་མི་སྣས་ཁོ་མོ་སྒར་མཐར་ཞིང་ས་བརྐོ་རུ་མངགས་སོང་ཟེར། ལོ་རབས་དྲུག་ཅུ་བའི་མགོར་ཕུ་བོ་གཅིག་བཙོན་གྲོལ་བྱས་ཏེ་ཕྱིར་ཐོན་ཡོང་མོད། མ་གཡར་དང་ཕ་མ་གཉིས་ཕུ་བོ་གསུམ་བཅས་ལྷག་མའི་མི་དྲུག་ལ་ཕྱིར་ཡོང་གཏན་ནས་མེད་སོང༌།
ཕུ་བོས་བཤད་པ་ལྟར་ན། བཙོན་ཁང་ནང་དུ་གཅར་རྡུང་དང་མུ་གེའི་ཁྲོད་ནས་ཁོ་ཚོ་ཚང་མ་ཤི་སོང་བ་རེདཟེར། རྗེས་ནས་ཁོ་མོ་ལོ་བཅོ་བརྒྱད་ཡིན་དུས་འདིར་གནས་ལ་ཡོང་བ་ཡིན་ཟེར། ངའི་ཨ་ཕ་ཡང་ཨ་མ་བཞིན་དུ་འབྲོག་ཁྱིམ་ཕལ་བ་ཞིག་གི་བུ་ཆེ་བ་ཡིན་ལ། མིང་སྲིང་ལྔ་ཡོད། ཁོ་ཡང་ལོ་བཅོ་ལྔ་ཡིན་དུས་ཀྱི་ཉིན་ཞིག་སྡེ་མི་ཞིག་གིས་ཁོའི་ཨ་ཕ་ཀོན་ཙོ་ཡོད་སར་ཚོགས་འདུ་ལ་ཤོག་ཅེས་བཤད་པས་ཁོའི་ཨ་ཕ་བུད་སོང་ལ་ཕྱི་དྲོར་ཨ་ཕ་འཛིན་བཟུང་བྱས་ཟིན་པའི་སྐད་ཆ་ཞིག་གོ་བྱུང་ཟེར། ཕྱི་ཉིན་ལུག་སྟོང་ལུག་དང་ནོར་ཉིས་བརྒྱ། ད་དུང་རྟ་མང་བོ་ཡོད་པ། མཐའ་ན་མགོ་ཡི་སྦྲ་དང་བཅས་པ་རྒྱ་ཀོན་ཙོས་གཞུང་བཞེས་བྱས་སོང་ཟེར། ཡིན་ནའང་ཨ་ཕའི་ཨ་མ་འཛིན་བཟུང་མ་བྱས་པར་ཞིང་ལས་བའི་གྲས་སུ་བཞག་ཟེར། ཨ་ཅེ་དང་ཁོ་གཉིས་ས་རྒོད་བརྐོ་སར་ཁྲིད་སོང་ལ། ནུ་བོ་ནུ་མོ་ཚོ་བྱིས་གཉོར་ཁང་ལ་ཁྲིད་སོང༌། སྐབས་དེར་བྱིས་གཉོར་ཁང་དུ་མུ་གེ་ཤི་བའི་ལོ་ལོན་དང་བྱིས་པའི་བེམ་པོ་ནི་དེང་སྐབས་ཀྱི་ནོར་གྱི་ལྷས་འདབས་ཀྱི་ལྕི་བ་ལས་ཀྱང་མང་བའི་སྣང་བ་སྟེར་ཟེར། ངའི་ཕ་མ་གཉིས་ཀྱིས་ལྔ་བཅུ་ང་བརྒྱད་སྐབས་ཀྱི་དཀའ་སྡུག་ཕལ་ཆེར་འདྲ་མོད། རིག་གནས་གསར་བརྗེ་ཡི་སྐབས་སུ་ཨ་ཕར་ངེད་ཚང་ལ་ཐང་ག་ཞིག་དང་དཔེ་ཆ་ཞིག་ཡོད་པ་དེའི་ཆེད་དུ་བཙོན་འཇུག་དང་གཅར་རྡུང་དང༌། ཞྭ་གོན་འཐབ་རྩོད་སོགས་མནར་གཅོད་གང་མང་ཞིག་བཏང་མྱོང༌། ཡིན་ནའང་ཨ་མ་སྐབས་དེར་དངོས་སུ་དེ་ལྟར་མ་བྱས་ཀྱང་རང་གི་ཁྱོ་ག་བཙོན་འཇུག་བྱས་པས་སེམས་ཁུར་གྱི་སྡུག་བསྔལ་གང་མང་ཞིག་མྱོང་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་སྤེལ་བས་གོང་གི་གནས་ཚུལ་འདི་འདྲའི་ཚབས་ཆེན་མ་བྱུང་ཟེར། ང་ནི་ལོ་རབས་བདུན་ཅུ་བའི་ལོ་མཇུག་གི་བྱིས་པ་ཞིག་ཡིན་པས་གོང་གི་གནས་ཚུལ་དེ་དག་དངོས་མྱོང་བྱས་མེད་ཀྱང༌། ལོ་རབས་བརྒྱད་ཅུ་བའི་མཇུག་གི་ལོ་སར་ཐོན་ལ་ཉེ་བའི་སྐབས་ཤིག་ངའི་ཕ་མ་གཉིས་དགོང་ཟས་ཟ་སྐབས་ཤིག་ལ་གློ་བུར་དུ་ངུས་བྱུང༌། ངས་ཨ་ཕ་ལ་ཅི་ཞིག་བྱུང་སོང་ཞེས་དྲིས་ཚེ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སོང་ཟེར། ལོ་དེར་ངེད་ཚང་གིས་ལོ་སར་མ་བྱས་ལ། དེ་བཞིན་དུ་སྡེ་མི་ཡོངས་ཀྱིས་ཀྱང་ལོ་སར་མ་བྱས། ད་སྐབས་རྒྱུས་ལོན་བྱས་པ་ལྟར་ན་ལོ་དེར་བོད་མི་ཕལ་ཆེར་གྱིས་ལོ་སར་མ་བྱས་པར་གླེང༌།
ཡང་ཉིན་ཞིག་ཨ་ཕས་གློ་བུར་དུ་སྒྲ་སྡུད་འཕྲུལ་ཆས་མེ་ནང་དུ་འཕངས་བྱུང༌། ཨ་མས་མྱུར་མོར་ཕྱིར་བླངས་པས་སྒྲ་སྡུད་འཕྲུལ་ཆས་ལ་གནོད་སྐྱོན་ཆེན་པོ་མི་འདུག ངས་ཨ་ཕ་ཁོང་ཁྲོ་ལངས་འདུག་པས་རྒྱུ་མཚན་འདྲི་མ་ཕོད་པར་ཨ་མར་དྲིས་ཚེ། ཨ་མས་སྐྱོ་ཉམས་ཀྱིས་སྒྲ་སྡུད་འཕྲུལ་ཆས་ནང་དུ་རྒྱལ་བ་རིན་པོ་ཆེ་ཚང་ལ་མཚན་དམོད་བྱེད་བཞུན་འདུག་ཟེར། སྐབས་དེར་ངས་སྐད་ཆ་དེའི་དོན་མ་གོ་མོད་ཉིན་དེའི་ཕ་མ་གཉིས་ཀྱི་རྣམ་འགྱུར་ནམ་ཡང་སེམས་ནས་བརྗེད་ཐབས་བྲལ་བ་ཞིག་རེད། འདི་འདྲའི་གནས་ཚུལ་དག་ནི་ངའི་ཕ་མ་གཉིས་ཁོ་ནའི་བྱ་སྤྱོད་ཅིག་མ་ཡིན་པར་བོད་ཁམས་ཡོངས་སུ་གྲངས་མེད་པ་ཞིག་ཡོད། ངའི་ཕ་མ་གཉིས་ནི་ཆོས་ལུགས་དད་ལྡན་པ་གཉིས་ཡིན་ལ། བོད་མི་སྤྱི་དང་འདྲ་བར་རྒྱལ་བ་པཎ་ཆེན་གཉིས་ལ་དད་པ་བརྟན་པོ་ཡོད་པའི་མི་གཉིས་ཀྱང་ཡིན། མ་ཎི་ཚིག་གཅིག་འདོན་ནའང་བསྔོ་སྨོན་བྱེད་སྐབས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་པར་སྨོན་ཞེས་གསོལ་བ་འདེབས་ངེས་ཡིན།
དུས་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་ཕྱག་ཞིག་བྱུང་རྒྱུར་ནམ་ཡང་རེ་སྒུག་བྱས་ནས་བསྡད་ཡོད་པ་རེད། དེ་བཞིན་ང་ཡང་ཁོ་གཉིས་དང་འདྲ་བར་ཆུང་དུས་ནས་རྒྱལ་བ་པཎ་ཆེན་གཉིས་ལ་དད་པ་བརྟན་པོ་ཡོད་པའི་མི་ཞིག་ཡིན།
མཚམས་འདི་ནས་བཟུང་ངས་ང་རང་གི་མི་ཚེའི་བརྒྱུད་ལམ་ཅུང་ཙམ་གླེང་རྒྱུ་ཡིན། ཕ་མ་གཉིས་ཀྱིས་ང་ལ་ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེའི་སྐབས་ཀྱི་ཁོ་གཉིས་ཀྱི་ལོ་རྒྱུས་བཤད་པ་དེའི་དབང་གིས་ངས་ཐེངས་གང་མང་ལ་ཕ་མ་གཉིས་ལ་ང་ནར་སོན་དུས་རྒྱ་ཀོན་ཙོ་གསོད་རྒྱུ་ཡིན་ཞེས་ཐེངས་གང་མང་ཞིག་ལ་བཤད་མྱོང་བ་མ་ཟད། ཁྱིམ་མཚེས་རྒན་པོ་ཞིག་ཡོད་པ་དེས་ང་ལ་ཤིང་གི་གྲི་ཞིག་ལས་པ་དེ་ས་འབུར་དང་ལྕི་རྡེའུ་ཡི་སྟེང་དུ་བཙུགས་ནས་རྒྱ་ཀོན་ཙོ་ཁྱོད་འཆོར་ས་མེད་ཅེས་ས་གཏོར་གནམ་གཏོར་བྱས་རྗེས་རང་ཉིད་ཀྱིས་རྒྱ་ཀོན་ཙོ་བསད་ཟིན་པས་སྣང་བ་ཡང་སྐྱེས་མྱོང༌། ང་སློབ་གྲྭ་སོང་དུས་ངས་རྒྱའི་སྐད་ཡིག་ལ་སློབ་སྦྱོང་གཏན་ནས་བྱས་མ་མྱོང༌། ང་སློབ་མཐར་ཕྱིན་དུས་རྒྱ་ཡིག་བཅུ་ཕྲག་ཙམ་ཀྱང་མི་ཤེས། ངས་དེ་ལྟར་བྱེད་དོན་ནི་ངས་བསླབ་གཞི་ཡོད་ཚད་ལ་སློབ་སྦྱོང་མ་བྱས་པ་གཏན་ནས་མ་ཡིན་ཏེ་ངས་རྩིས་རིག་དང་བོད་ཡིག་གི་རྒྱུགས་འབྲས་ནི་འཛིན་གྲྭ་མ་ཟད། སློབ་གྲྭ་ཡོངས་ཀྱི་ཨང་དང་བོ་ཡང་ཐེངས་འགར་བླངས་མྱོང༌། འོ་ན་རྒྱའི་སྐད་ཡིག་མི་སྦྱངས་དོན་ཅི་ཡིན་ཞེ་ན། དཔེ་དེབ་འདིའི་རྒྱབ་ཤོག་ངོས་སུ་རྒྱ་ཞེས་པའི་ཡིག་འབྲུ་འདི་ཡོད་པས་ཡིན།
ང་ལོ་བཅུ་དྲུག་ཡིན་དུས་འགར་རྩེ་དགོན་པ་ཡོང་ནས་རབ་ཏུ་བྱུང་རྗེས་ངའི་ལྟ་ཚུལ་ལའང་ཅུང་ཙམ་འགྱུར་ལྡོག་བྱུང་སོང༌། རྒྱུ་མཚན་ནི། ངའི་ཕ་མ་གཉིས་དང་མཚོན་པའི་བོད་མི་ཡོངས་ཀྱི་སྤྱི་ཚོགས་ཁྲོད་གོང་དུ་བཤད་པ་ནང་བཞིན་མནར་གཅོད་གཏོང་མཁན་ནི་རྒྱ་མི་རིགས་མ་ཡིན་པར་ལྐོག་ཟ་རུལ་སུང་གི་དཔོན་ངན་དང་མུན་ནག་གི་ཆབ་སྲིད་ཞིག་ཡིན་པ་གཞི་ནས་ཚོར་ཡོང་བ་མ་ཟད། རྒྱལ་བ་རིན་པོ་ཆེའི་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ཞི་བདེའི་བསླབ་བྱ་དང༌། ནང་བསྟན་ཆོས་ལུགས་ཀྱི་སྤྱོད་པ་གཞན་ཕན་དང་ལྟ་བ་སྟོང་ཉིད་ཀྱི་རིག་གཞུང་གིས་ནམ་ཡང་ཞེ་འཁོན་དང་འཐབ་འཛིང་བྱས་ན་རང་གཞན་ཀུན་ལ་བདེ་སྐྱིད་མེད་པའི་གནས་ལུགས་དེ་ཡང་ཚོར་ཡོང་བས་ཡིན། དེ་ནས་བཟུང་ངའི་སེམས་ཀྱི་ན་ཟུག་དེ་ཡང་ཇེ་ཆུང་ཇེ་ཆུང་དུ་གྱུར། ཡིན་ནའང་མཚམས་ལན་རེར་གསར་འགྱུར་ཁག་ནས་ཏཱ་ལའི་་་་་་་་་ཞེས་གོང་ས་མཆོག་ལ་མཚན་དམོད་སྣ་ཚོགས་ཐོས་ཚེ་ནད་རྙིང་དེ་ཡང་བསྐྱར་འཕར་ལྡིང་རེ་བྱེད་སྲིད་པ་མ་ཟད། ང་ཚོ་བོད་རིགས་མི་དམངས་ལ་སྐད་ཡིག་རང་དབང་དང༌། ཚོང་ལས་རང་དབང༌།ཆོས་དད་རང་དབང༌། འགྲོ་བ་མིའི་ཐོབ་ཐང་སོགས་མི་རིགས་གཞན་དང་འདྲ་མཉམ་མིན་པའི་གནས་ཚུལ་དག་བསམ་བློའི་ནང་དུ་འཁོར་ཐེངས་རེར། ནད་རྙིང་དེ་འཕར་ལྡིང་རེ་བྱེད་སྲིད།
གསུམ། ངས་གནས་ཚུལ་འདི་དག་ལ་བསམ་གཞིག་རེ་བྱས་ཚེ་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་དུ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་མང་ཞིག་ནས་ཆབ་སྲིད་ལ་རྒོལ་ལན་སྤྲད་པ་དེ་ནི་རྒྱལ་བ་རིན་པོ་ཆེས་རྩ་འཛུགས་བྱས་པ་ཞིག་མིན་པར་བོད་མི་རྒན་དར་གཞོན་གསུམ་གྱིས་ཡུན་རིང་བོར་སེམས་སུ་བཟུང་བའི་ན་ཟུག་ཕྱི་རུ་མངོན་པའི་མཇུག་འབྲས་ཤིག་རེད་སྙམ་བྱུང༌། རྒྱུ་མཚན་ཅིའི་ཕྱིར་ཞེ་ན།
༡ ད་སྐབས་འཛམ་གླིང་སྤྱི་དང་ཁྱད་པར་དུ་སྔོན་ཐོན་རྒྱལ་ཁབ་དག་གི་ཤེས་ཡོན་པའི་བསམ་བློའི་འཁོར་ཕྱོགས་ཤིག་ནི་རྒྱལ་ཁབ་དང་རྒྱབ་ཁབ་བར་དུ། མི་རིགས་དང་མི་རིགས་བར་དུ། མི་དང་མིའི་བར་དུ། ཐོབ་ཐང་འདྲ་མཉམ་ཡིན་དགོས་པ། སྐད་ཡིག་འདྲ་མཉམ་ཡིན་དགོས་པ། ཚོང་ལས་འདྲ་མཉམ་ཡིན་དགོས་པ། ཆབ་སྲིད་འདྲ་མཉམ་ཡིན་དགོས་པའི་ལྟ་ཚུལ་ཁྱབ་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་བཞིན་དུ་ང་ཚོའི་བོད་མི་རིགས་ཀྱི་ན་གཞོན་ཤེས་ཡོན་པ་དག་གི་ཀླད་པའི་ནང་དུའང་འདྲ་མཉམ་རང་ལུགས་འདི་རྩོལ་ལེན་བྱེད་རྒྱུ་འཁོར་བཞིན་ཡོད་པ་དང་ཡོད་ངེས་ཡིན་པ་ད་ལོའི་ཁྲོམ་སྐོར་ཁྲོད་དུ་ཞུགས་མཁན་མང་ཆེ་བ་ན་གཞོན་ཡིན་པ་འདིར་དཔག་ནའང་ཤེས་ཐུབ།
༢ ལོ་རབས་བདུན་ཅུ་བའི་མཇུག་ནས་བཟུང་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ལམ་ལུགས་སྤེལ་བ་ནས་བཟུང་ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་ཆོས་འདོན་ཆོག་པ་དང༌། ལྷ་སྐུ་བཞེངས་ཆོག་པ་མིག་མཐོང་ལག་ཟིན་ཡིན་མོད། རྒྱལ་བ་རིན་པོ་ཆེས་ཐུགས་ཐག་བཅད་པའི་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དེ་ནི་བཙོན་འཇུག་བྱས་རྗེས་ཤུལ་དུ་ཁོང་གི་སྤྲུལ་སྐུ་ཡིན་ཞེས་བཞག་ཡོད་པ་དེ་ལ་བོད་མི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་གྱིས་སྤྲུལ་སྐུ་རྫུན་མ་ཞེས་དད་པ་གཏན་ནས་མི་བྱེད་པར་བཙོན་འཇུག་བྱས་ཟིན་པའི་པཎ་ཆེན་རིན་པོའི་ཆེའི་སྤྲུལ་སྐུ་དེ་ལ་དད་འདུན་གཙང་མས་རེ་སྒུག་བྱེད་བཞིན་འདུག་པ་འདི་ནི་ཁོ་ཚོའི་སེམས་ཀྱི་ན་ཟུག་བཟོད་ཐབས་བྲལ་བ་ཞིག་ཡིན་པ་དོན་དངོས་ཀྱི་གནས་ལུགས་རེད།
༣ ད་ལོར་མདོ་དབུས་ཁམས་གསུམ་ནས་མི་གྲངས་ཁྲི་ཕྲག་མང་བོས་ཁྲོམ་སྐོར་བྱེད་སྐབས་སུ་མི་རེ་འགས་ཤེས་ཡོན་ཞན་པའི་དབང་གིས་ལུགས་མཐུན་མིན་པའི་ཁྲོམ་སྐོར་བྱས་པ་དོན་དངོས་ཡིན་མོད། བརྒྱ་ཆའི་གོ་བརྒྱད་ཡན་གྱིས་ལུགས་མཐུན་གྱིས་ཁྲོམ་སྐོར་བྱས་ཡོད་ཀྱང༌། སྲིད་གཞུང་གིས་ཁོ་ཚོ་ཚང་མར་ཁྱད་མེད་དུ་བཙོན་འཇུག་དང་གཅར་རྡུང་གི་གནར་གཅོད་བྱས་པ་ནི། ལུགས་མཐུན་གྱི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་གཏན་ནས་མ་ཡིན་པར་མུན་ནག་གི་སྲིད་གཞུང་ཅིག་གི་བྱ་སྤྱོད་རེད། །
༤ དཔེར་ན། རེབ་གོང་ས་ཁུལ་ནས་ཐེངས་གཉིས་པར་ལུགས་མཐུན་གྱིས་ཁྲོམ་སྐོར་བྱེད་སྐབས་སུ་དམག་མི་དང་ཉེན་རྟོག་པས་ཁྱད་མེད་དུ་གཅར་རྡུང་བྱས་པས་དགུང་ལོ་བརྒྱད་ཅུ་ཡིན་པའི་ཨ་ལགས་ཁ་སོ་ཚང་གིས་བར་འདེམས་གནང་གི་ཡོད་པ་ལའང་རྨས་སྐྱོན་ཆེན་པོ་བཟོས་པ་ལྟ་བུ་རེད། རྗེས་ཕྱོགས་ཁོང་ཨ་ལགས་ཡིན་པས་སྲིད་གཞུང་གིས་དགོངས་དག་ཞུས་ཟིན་མོད། མང་ཚོགས་གང་མང་ཞིག་གིས་དོན་མེད་ཀྱི་གཅར་རྡུང་གིས་རྨས་སྐྱོན་ཚད་ལས་བརྒལ་བ་མྱོང་ཡོད་པ་མིག་མཐོང་ལག་ཟིན་ཡིན་མོད་དགོངས་དག་ཕར་ཟད་དེའི་སྟེང་དུ་དཔལ་འབྱོར་གྱི་ཁྲིམས་ཆད་ཀྱང་བཅད་པ་རེད། དེ་བཞིན་དུ་བོད་ཁམས་ཡོངས་སུའང་མི་མང་ཁྲི་སྟོང་མང་བོས་གནས་ལུགས་དང་མི་མཐུན་པའི་གཅར་རྡུང་ཚད་ལས་བརྒལ་བ་མྱོང་ཡོད་པ་མ་ཟད། མཐའ་ན་ཚེ་སྲོག་ཀྱང་ཤོར་ཟིན་པ་གྲངས་མེད་པ་ཞིག་ཡོད་ངེས་ཡིན་ལ་དེ་དག་ལ་སྐྱིན་ཚབ་དང་དགོངས་དག་ཅི་ཡང་ཡོད་པ་མ་རེད།
༥ རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་ནང་བསྟན་ཆོས་ལུགས་པ་ཞིག་ཡིན་ཚེ་སེམས་ཁོང་ན་ཉི་ཟླ་བཞིན་བཞུགས་ཡོད་པ་རེད། ཆོས་ལུགས་པ་རྣལ་མ་ཞིག་ཡིན་ཚེ་སྲོག་ལ་བབས་ཀྱང་སེམས་ཁོང་ནས་ཁོང་ལ་དད་འདུན་གཏན་ནས་དོར་མི་སྲིད་པ་ཞིག་ཡིན་མོད། ང་ཚོའི་རྣ་ལམ་དུ། མིག་ལམ་ནས་རྒྱུན་དུ་གསར་འགྱུར་ལས་རིགས་ཁག་ནས་སྲིད་གཞུང་གི་མགོ་ཁྲིད་ཚོས་ཏཱ་ལའི་ཇག་ཚོགས། ཆོས་གོས་གོན་པའི་སྤྱང་ཀི་སོགས་མཚན་དམོད་སྣ་ཚོགས་བྱས་ན། དེ་ནི་གཏན་ནས་བཟོད་ཐབས་བྲལ་བའི་སེམས་ཀྱི་ན་ཟུག་ཅིག་ཡིན་པ་ནི་གནས་ལུགས་ལ་རྡོག་བརྫུས་མི་གཏོང་བའི་སྲིད་གཞུང་ཞིག་ཡིན་ན་ཤེས་དགོས་པའི་གནད་དོན་ཞིག་རེད། དཔེར་ན། གུང་ཁྲན་ཏང་གི་ཏང་མི་རྣལ་མ་ཞིག་གི་མིག་ལམ་ནས་རྣ་ལམ་དུ་མའོ་ཙེ་ཏུང་ལ་འདི་ལྟར་ལྭ་བ་ག་གེ་མོ་གོན་པའི་སྤྱང་ཀི་ཞེས་དམོད་མོ་བྱས་ན་བཟོད་དམ། མར་ལེ་རང་ལུགས་པ་རྣལ་མ་ཞིག་གི་རྣ་ལམ་དུ། མིག་ལམ་ནས་འདི་ལྟར་མར་ཁེ་སི་དང་ལེ་ཉིན་ལ་དམོད་མོ་བྱས་ན་བཟོད་དམ། ཡེ་ཤེས་ཆོས་ལུགས་པ་རྣལ་མ་ཞིག་གི་རྣ་ལམ་ནས། མིག་ལམ་དུ་འདི་ལྟར་ཡེ་ཤེས་བླ་ཆེན་ལ་དམོད་མོ་བྱས་ན་བཟོད་དམ། ཁ་ཆེའི་ཆོས་ལུགས་པ་རྣལ་མ་ཞིག་གི་མིག་ལམ་ནས། རྣ་ལམ་དུ་འདི་ལྟར་ཁོ་ཚོའི་ཆོས་དཔོན་ལ་དམོད་མོ་བྱས་ན་བཟོད་དམ། ང་ཚོ་བོད་རིགས་ཀྱི་ཆོས་ལུགས་པ་ཚོ་ཡང་ཁོ་ཚོ་དང་གཅིག་འདྲ་རེད། འདི་ལྟར་བསམ་བློ་ཞིག་བཏང་ན་ད་བཟོད་ཤེས་ཐུབ་ངེས་ཡིན། ད་དུང་ཉམ་ཆུང་གི་བོད་རིགས་ཚོས་ལོ་ངོ་གང་མང་ལ་རང་གི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་ལ་དམོད་མོ་བྱས་ཀྱང་ཁ་རོག་ལ་མིག་ཆུ་ཁོག་ལ་བཅུག་ནས་བསྡད་མོད། ད་ལྟའི་ན་གཞོན་དག་གི་མིག་གིས་འཛམ་གླིང་ལ་ལྟ་བཞིན་ཡོད་པས་ཁ་རོག་ལ་མིག་ཆུ་དང་སྡུག་བསྔལ་ཁོག་ལ་བཅུག་ནས་འདུག་སྲིད་པ་མ་རེད། འཛམ་གླིང་ན་འདི་འདྲའི་གནས་ལུགས་མེད་པ་ཤེས་ངེས་རེད་མཐོང་ངེས་རེད།
༦ ཐོབ་ཐང་དང་ཚོང་ལས་འདྲ་མཉམ་མིན་པ་ནི། དཔེར་ན། ང་ཚོ་མཚོ་སྔོན་ས་ཁུལ་ལ་མཚོན་ན་མི་གྲངས་ས་ཡ་ལྔ་དང་འབུམ་གཅིག་ལྷག་ཡོད་ལ། དེའི་ཁྲོད་དུ་བོད་རིགས་ས་ཡ་གཅིག་དང་འབུམ་གཅིག་ལྷག་ཡོད་པས། ཟི་ལིང་གྲོང་ཁྱེར་ནི་མི་གྲངས་ས་ཡ་ལྔ་དང་འབུམ་གཅིག་ལྷག་གི་གྲོང་ཁྱེར་ཡིན་པ་དང༌། གནས་ལུགས་ལྟར་ན་མ་མཐའ་ཡང་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་དང༌། མགོ་ཁྲིད། ལས་བྱེད་པ་སོགས་ཀྱི་བཅུ་ཆའི་གཉིས་བོད་རིགས་མགོ་ཁྲིད་དང༌། ལས་བྱེད་པ། ཚོང་ལས་པ་སོགས་ལ་ཡང་ཐོབ་དགོས་མོད། དེ་ལས་ལྡོག་སྟེ་མཐའ་ན་བརྒྱ་ཆའི་གཅིག་ཀྱང་ཟིན་མེད་པ་དོན་དངོས་ཀྱི་གནས་ལུགས་རེད། བོད་རིགས་སྤུན་ཟླ་ཚོར་དབང་བའི་ཚོང་ལས་ཁྲོམ་ར་ནི་ཟི་ལིང་གི་རྐུན་མ། འཁྱམས་པོ། སྨད་འཚོང་མ་སོགས་འཆལ་སྤྱོད་པའི་ཚོགས་ཁག་འདུག་སའི་གནས་དེ་རེད། ཚུལ་འདིས་མཚོ་སྔོན་གྱི་བོད་རིགས་སྤུན་ཟླ་ཚོར་གོང་རིམ་སྲིད་གཞུང་གིས་ཁ་ནས་རྗེས་ལུས་མི་རིགས་དང་མི་རིགས་གྲངས་ཉུང་ལ་དམིགས་བསལ་རྒྱབ་སྐྱོར་ཡོད་ཚུལ་བརྒྱ་བཤད་སྟོང་བཤད་བྱེད་ཀྱང་དོན་དམ་པར་ཁ་ཐོག་ངོ་ཐོག་ནས་ཚོང་ལས་དང་ཆབ་སྲིད་ཀྱི་འདྲ་མཉམ་ལྟ་ཚུལ་རྒྱང་དུ་དོར་ནས་ལྐོག་ཟ་རུལ་སུང་གི་ལམ་ལུགས་ཤིག་དང་དུ་ལེན་བཞིན་པར་ར་སྤྲོད་གསལ་བོར་བྱས་འདུག་སྙམ།
༧ རྒྱལ་བ་རིན་པོ་ཆེ་ཚང་གིས་ནོར་པེའི་ཞི་བདེའི་རྟགས་མ་བཞེས་སྐབས་ང་ནི་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་མི་ཞིག་ཡིན་ཞེས་གསུངས་བཞིན་ཡོད་མོད་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་ཁ་བྲལ་ཞེས་མཚན་དམོད་བྱེད་བཞིན་འདུག་པར་དཔག་ན་གཟུར་གནས་མཁས་པ་ཚོས་སུ་ཞིག་ལ་སྐྱོན་ཆ་ཡོད་མེད་གསལ་བོར་ཤེས་ཐུབ། སུ་ཞིག་གིས་མི་དམངས་ཀྱི་སེམས་ལ་རྨ་ཁ་ཚད་མེད་བཟོས་ཡོད་པ་གསལ་བོར་ཤེས་ཐུབ།
༨ ད་ལོར་མདོ་དབུས་ཁམས་གསུམ་ནས་བོད་རིགས་དཔའ་བོ་དཔའ་མོ་ཚོས་རང་སྲོག་འབེན་དུ་བཞག་ནས་ཁྲོམ་སྐོར་བྱེད་སྐབས་སུ་རྒྱལ་བ་རིན་པོ་ཆེ་ཚང་གིས་ཐེངས་གང་མང་ཞིག་ལ་ཁྱོད་ཚོར་རང་གི་ཐོབ་ཐང་རྩོལ་ལེན་བྱེད་རྒྱུའི་དབང་ཆ་ཡོད་མོད་སྤུན་ཟླ་མི་རིགས་ཚོར་འཚེ་བའམ་གནོད་པའི་ལས་གཏན་ནས་བསྒྲུབ་མི་རུང་ཞེས་ལན་མང་བོར་གསུང་བཤད་དང་ཕྱག་འཕྲིན་གནང་གི་ཡོད་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་བདེན་དཔང་ཅི་ཡང་སྟོན་རྒྱུ་མེད་པར་ཏཱ་ལའི་ཇག་ཚོགས་ཀྱི་ངན་ཇུས་ཀྱིས་གནས་ཚུལ་འདི་བྱུང་བ་རེད་ཅེས་ཤུགས་ཀྱིས་སྒྲོག་བཞིན་པར་གཟུར་གནས་མཁས་པ་དང་སྐྱེ་བོ་ཚོས་ཞིབ་འཇུག་གསལ་བོ་བྱས་ན་སུ་ཞིག་ལ་སྐྱོན་ཆ་ཡོད་མེད་དང༌། སུ་ཞིག་དྲང་བདེན་ཡིན་མིན་གསལ་བོར་ཤེས་ཐུབ།
༩ སྲིད་གཞུང་གིས་ཏཱ་ལའི་ཇག་ཚོགས་ཀྱི་མི་ཉུང་ཤས་ཤིག་རེད་ཅེས་བརྙན་འཕྲིན་ཁག་ཏུ་ཤུགས་ཀྱིས་བསྒྲགས། གོང་ས་མཆོག་གིས་ཇུས་འགོད་བྱས་པ་ཡིན་མིན་དང༌། བོད་མི་ཉུང་ཤས་ཤིག་ཡིན་མིན་ལ་བརྟག་དཔྱད་གཏོང་མཁན་གྱི་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་བོད་ནང་དུ་སླེབས་སུ་བཅུག་ནས་བརྟག་དཔྱད་ཞིབ་མོ་བྱེད་དུ་འཇུག་དགོས་པའི་རེ་བ་ཀྲུང་དབྱང་སྲིད་གཞུང་ལ་ལན་མང་བོར་གསུངས་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་རང་དབང་ལྡན་པའི་གསར་འགོད་པ་སླེབས་སུ་མི་འཇུག་པ་མ་ཟད། གསར་འགོད་པ་སླེབས་སུ་བཅུག་པ་དག་ལའང་ལྟ་རྟོག་ནན་མོ་བྱས་ཏེ་རང་དབང་སྤུ་ཙམ་མི་སྟེར་བའི་རྒྱུ་མཚན་ཅི་ཡིན།
༡༠ ཀྲུང་དབྱང་སྲིད་གཞུང་གིས་རྒྱུན་དུ་ནུབ་ཕྱོགས་སྒོ་འབྱེད་བྱས་པ་དང༌། ནུབ་ཕྱོགས་ས་ཁུལ་ལ་དམིགས་བསལ་གྱི་རྒྱབ་སྐྱོར་ཡོད་ཚུལ་ཐེངས་ཁྲི་སྟོང་མང་བོར་བཤད་བཞིན་འདུག་མོད། ད་ལོར་རྒྱལ་ཡོངས་ལ་ཁང་ཆགས་ཀྱི་གནོད་སྐྱོན་ཐེབས་ཚེ་ནང་ལོག་ལ་སྒོར་ཐེར་འབུམ་མང་བོས་རོགས་སྐྱོར་བྱས་ཚུལ་གསར་འགྱུར་ལས་རིགས་ཁག་ན་སྒྲོག་བཞིན་འདུག་མོད་ང་ཚོའི་མདོ་དབུས་མཐོ་སྒང་ལ་མིའི་ཟ་མ་ནོར་ལ་བྱིན་ཏེ་མི་རྒྱུ་གཉིས་ཀར་ཚེ་སྲོག་ཤོར་ལ་ཉེ་བའི་དཀའ་ཁག་ལ་ཐུག་མོད། སྲིད་གཞུང་ནས་ཁྱིམ་རེར་རྩྭ་ཤོག་གཉིས་གསུམ་རེ་ལས་རོགས་སྐྱོར་ཅི་ཡང་མ་ཐོན་པའི་རྒྱུ་མཚན་ཅི་ཡིན། ད་དུང་རྩྭ་ཤོག་རེ་གཉིས་པོ་དེ་ཡང་ལག་ཏུ་མ་ཐོབ་པའི་ཁྱིམ་ཚང་གང་མང་ཡོད་པ་རེད།
༡༡ སྲིད་གཞུང་གིས་ཁ་ནས་བསམ་འཆར་ཡོད་ན་ཡར་ཞུ་བྱས་ཆོག་ཟེར། དེས་ན་ད་ལོར་ངའི་ཕ་ཡུལ་མགོན་ཤུལ་ནས་རྡུང་སྲེག་ཅི་ཡང་མ་བྱས་པར་རང་གི་དད་མོས་དང་ཐོབ་ཐང་གི་ཁྲོམ་སྐོར་ཞིག་བྱས་པ་དེར་དྲག་ཆས་དམག་དཔུང་བརྒྱ་ཕྲག་དུ་མ་ཡོང་ནས་ཉེས་པ་ཅི་ཡང་མེད་ཅིང་ལག་ཏུ་མཚོན་ཆ་ཅི་ཡང་མེད་པའི་འབྲོག་མི་ཚོའི་སྟེང་དུ་མེ་མདའ་གང་མང་གིས་འཇིགས་སྐུལ་དང་འཛིན་བཟུང་གཅར་རྡུང་བྱས་པ་དེ་བཞིན་དུ་མདོ་དབུས་ཁམས་གསུམ་དུ་འདི་དང་འདི་ལྟ་བུའི་གནས་ཚུལ་གྲངས་མེད་པ་བྱུང་བའི་རྒྱུ་མཚན་ཅི།
༡༢ སྲིད་གཞུང་གིས་དྲག་ཆས་དམག་དཔུང་གིས་བོད་མི་ཁྲོམ་སྐོར་བ་གང་མང་ཞིག་དམར་གསོད་བཏང་བ་དང༌། སྟོང་ཕྲག་མང་བོར་གཅར་རྡུང་མནར་གཅོད་གང་མང་བྱས་པ་སྦ་གསང་བྱས་ཏེ་དེའི་ཁྲོད་དུ་རྒྱ་རིགས་འགའ་ཚེ་ལས་འདས་པའི་སྟེང་དུ་སྐད་ཆ་སྣ་ཚོགས་སྒྲོ་འདོགས་བྱས་ཏེ་གསར་འགྱུར་ལས་རིགས་གང་མང་དུ་ཤུགས་ཀྱིས་བསྒྲགས་པ་འདིས་དེང་སྐབས་རྒྱ་བོད་མི་རིགས་གཉིས་ཀྱི་བར་དུ་འགལ་ཟླ་རྣོ་ངར་ཅན་བཟོས་པའི་དབང་གིས་མཐའ་ན་ལན་ཀྲུའུ་དང་ཟི་ལིང་གི་རྒྱ་རིགས་གང་མང་ཞིག་གིས་ཀྱང་བོད་རིགས་དང༌། ཁྱད་པར་དུ་གྲྭ་བ་རྣམས་མཐོང་ཚེ་རྣམ་འགྱུར་མི་ལེགས་པ་གང་མང་སྟོན་པར་ང་ལ་མཐོང་ཐོས་དངོས་མྱོང་ཡོད། འདི་ནི་ངས་བལྟས་ན་མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད་སྙམ། ཁ་ནས་འཆམ་མཐུན་ཞེས་གླེང་བཞིན་ལག་ནས་འདི་འདྲའི་འགལ་ཟླའི་བྱ་སྤྱོད་ཅིག་སྤེལ་ན་འདི་ནི་ལྐོག་ཟ་རུལ་སུང་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད། མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད། བླུན་རྨོངས་ཀྱི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད་སྙམ། སྐབས་འདིར་ངའི་ཡིད་ལ། སྲིད་བློན་བུན་ཅ་པའོ། རྒྱའི་མཁས་པ་གྲགས་ཆེན་ཅེ་ཞེན་ལེན་གྱི་མདུན་སར་སླེབས་སྐབས། ཁོང་གིས། ང་ཚོས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་ན་ཐོག་མར་མིའི་སེམས་ཁམས་འཆམ་མཐུན་བྱེད་དགོས་ཞེས་གསུངས་པ་དེ་དྲན་ཡོང༌། ངོ་མ་འཆམ་མཐུན་ཞེས་གསར་འགྱུར་ལས་རིགས་ཁག་ནས་ཁྲི་སྟོང་བཏོན་ཡང་ལག་ལེན་སྤུ་ཙམ་ཡང་མེད་ན། དོན་སྙིང་ཅི་ཡང་མེད་པར་སྣང༌།
༡༣ ད་ལོར་ལྷ་སར་བཙོན་འཇུག་བྱས་པའི་བཙོན་མ་གང་མང་ཞིག་ལ་བཟའ་བཏུང་གི་མནར་གཅོད་བཏང་ནས་གཅིན་འཐུང་དུ་བཅུག་པའི་གནས་ཚུལ་ཡ་ང་བ་བདག་གིས་གང་མང་ཐོས་བྱུང༌། འདི་ནི་དུས་རབས་ཉེར་གཅིག་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་བྱ་སྤྱོད་ག་ལ་ཡིན། མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་རེད། ལྐོག་ཟ་རུལ་སུང་གི་མི་ངན་སྐོར་ཅིག་གི་བྱ་སྤྱོད་རེད། དུས་རབས་སྔོན་མའི་འཇར་པན་བཙན་རྒྱལ་རང་ལུགས་ཀྱིས་ཀྱང་བཙོན་མར་གཅིན་འཐུང་དུ་བཅུག་པའི་གནས་ཚུལ་བདག་གིས་ཤེས་རྟོགས་མ་བྱུང༌། འོན་ཀྱང་འཇར་པན་བཙན་རྒྱལ་རང་ལུགས་ལ་རྒྱལ་སྤྱིས་རྒྱལ་ཁྲིམས་བཅད་མོད། མུན་ནག་གི་སྲིད་གཞུང་ཞིག་གམ་ཡང་ན་རུལ་སུང་གི་མི་ངན་འདི་དག་ལ་སུ་ཞིག་གིས་ཁྲིམས་ཆད་གཅོད་དམ། ངའི་ཕ་མེས་ཚོ་གཅིན་སྐྱག་བགག་ནས་མནར་གཅོད་བཏང་མྱོང་ལ། ངའི་སྤུན་ཟླ་ཚོར་གཅིན་སྐྱག་འཐུང་དུ་བཅུག་ནས་མནར་གཅོད་བཏང༌། ངའི་ཚ་བོ་ཚ་མོ་ཚོར་ཅི་ཞིག་གི་མནར་གཅོད་གཏོང་རྒྱུ་ཡིན་ནམ། ངོ་མ་རུལ་སུང་གི་བྱ་སྤྱོད་འདི་དག་བསམ་ན་འདུག་བཟོད་པ་ཞིག་གཏན་ནས་མ་རེད།
༡༤ དུས་རབས་སྔོན་མར་འཇར་པན་གྱིས་རྒྱ་རིགས་མི་དམངས་གང་མང་ཞིག་དམར་གསོད་བཏང་བ་དེ་ནི་རྒྱ་རིགས་མི་དམངས་ལ་མཚོན་ན་སེམས་ཀྱི་རྨ་ཁ་ཟབ་མོ་ཞིག་དང༌། བརྗེད་ཐབས་བྲལ་བ་ཞིག་ཡིན་པས་དེང་སྐབས་ཀྱང་གནས་ཚུལ་དེ་མཚོན་པའི་འཁྲབ་སྟོན་སྣ་ཚོགས་བྱས་ཏེ། བརྙན་འཕྲིན་བརྒྱུད་ལམ་སྣ་ཚོགས་སུ་སྟོན་བཞིན་འདུག་མོད། ལྔ་བཅུ་ང་བརྒྱད་སྐབས་སུ་རྨ་འབྲི་གཙང་གསུམ་གྱི་མགོ་ཁུངས་སུ་བོད་རིགས་འབུམ་ཕྲག་མང་བོ་དམར་གསོད་བཏང་བར་སུ་ཞིག་གིས་འཁྲབ་སྟོན་བྱེད་ཐུབ་བམ། འཁྲབ་སྟོན་བྱས་ཆོག་གམ། གཏན་ནས་ཆོག་པ་མ་རེད། སྲིད་གཞུང་གིས་བོད་ཁམས་ཞི་བའི་བཅིངས་གྲོལ་བཏང་བ་ཡིན་ཞེས་ཅི་ལྟར་བཤད་ཀྱང་དམར་གསོད་ཆེན་མོའི་དོན་དངོས་ལོ་རྒྱུས་དེ་སུ་ཞིག་གིས་ཀྱང་བསུབ་ཐབས་ཡོད་པ་མ་རེད། དོན་དངོས་གནས་ཚུལ་དེ། དཔེར་ན། རྒྱལ་གཅེས་ཆོས་གཅེས་རང་ལུགས་པ་ཀུན་གཟིགས་བཅུ་བ་མཆོག་གི་ཡིག་འབྲུ་ཁྲི་བདུན་མ་དང༌། ནགས་ཚང་ཞི་ལུའི་སྐྱིད་སྡུག་ལྟ་བུ་སོགས་སུ་གསལ་བ་ལྟར་རེད།
༡༥ གོང་རིམ་སྲིད་གཞུང་གིས་ང་ཚོར་རྒྱུན་དུ་རོགས་སྐྱོར་བྱས་ཚུལ་གླེང་བཞིན་འདུག་མོད། དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན། ངས་དྲན་ཚུལ་ལྟར་ན། ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་ངེད་ཚང་གཅིག་པོས་རྒྱབ་ཁབ་ལ་ནོར་ལུག་བརྒྱ་ལྷག་གི་དཔྱ་ཁྲལ་འཇལ་ཡོད་པ་དོན་དངོས་ཡིན། རྒྱལ་ཁབ་ཀྱིས་སྔ་ལོ་འདིར་ཉི་གློག་ཞིག་བྱིན་པ་ལས་སྐར་གང་གི་རོགས་སྐྱོར་བྱས་མ་མྱོང༌། གནས་ཚུལ་འདི་གཉིས་ཞིབ་བསྡུར་ཞིག་བྱས་ན་དོན་ངོ་མའི་སུ་ལ་དྲིན་ཆེ་འམ། ང་འདུག་སའི་འགར་རྩེ་དགོན་པར་མཚོན་ན་རྒྱལ་ཁབ་ཀྱིས་ད་ལྟའི་བར་དུ་ཁྱོན་བསྡོམས་སྒོར་ཁྲི་ལྔས་རོགས་སྐྱོར་ཀྱང་བྱས་ཡོད་པ་མ་རེད། འོན་ཀྱང་ལྔ་བཅུ་ང་བརྒྱད་ལོར་ལྷ་ཁང་ལྷ་སྐུ་གཏོར་བཤིག་བཏང་བ་ཕར་ཟད། མཐའ་ན་སྐུ་གསུང་ཐུགས་རྟེན་གཞུང་བཞེས་བྱས་པ་དེ་དག་ད་ལྟའི་སྒོར་མོར་བཀུག་ན་སྒོར་བྱེ་བ་འགའི་རིན་ཐང་ཡིན་པས་དཔྱོད་ལྡན་མཁས་པས་གཟིགས་དང་དོན་དམ་པར་སུ་ལ་དྲིན་ཆེའམ།
༡༦ གོང་ས་ཆོག་གིས་རྒྱ་བོད་གཉིས་ཀྱི་ཞེ་འཁོན་དང་འཁྲུག་རྩོད་མང་བོ་ཞི་འཇགས་ཡོང་བའི་ཆེད་དུ། གཉིས་ཕན་དབུ་མའི་ལམ་ལུགས་གསུང་བཞིན་ཡོད་མོད། ཀྲུང་དབྱང་སྲིད་ཕྱོགས་ནས་རྒྱུན་དུ་ཏཱ་ལས་བོད་ལ་བྲན་གཡོག་ལམ་ལུགས་འཛུགས་འདོད་པ་རེད་ཅེས་མཚན་དམོད་ཤུགས་ཀྱིས་བསྒྲགས་བཞིན་ཡོད་པ་རེད། དོན་དངོས་ཀྱིས་གནས་ཚུལ་དེ་འདྲ་ཞིག་གཏན་ནས་མ་རེད། འོ་ན་ཅི་རེད་ཅེ་ན། ཁོང་གིས་བོད་རིགས་མི་མང་གི་བརྒྱ་ཆའི་གོ་དགུའི་རེ་བ་ཞིག་སྐོང་བཞིན་ཡོད་པ་དོན་དངོས་རེད། ཁོང་གིས་རང་གི་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང༌། རྩོལ་ལེན་གནང་གི་ཡོད་པ་དོན་དངོས་རེད། གལ་ཏེ་དེ་ལྟར་མིན་པར་ཁོང་དཔོན་གནས་ལ་དགའ་བོ་བྱེད་མཁན་ཞིག་ཡིན་ན། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཨུ་ཡོན་ཀྲང་གཞོན་པ་གནང་སྟེ། བཞུགས་ན་ལེགས་པ་ལས་བོད་རིགས་ས་ཡ་ལྔ་དྲུག་ཞིག་གི་དཔོན་ཆུང་ཞིག་བྱས་ན་དོན་སྙིང་མེད་པའི་གནས་ལུགས་ཀྱི་སྟེང་ནས་གསལ་བོར་ཤེས་ཐུབ།
ཡང་གཅིག་བཤད་ན་ཁོང་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་བྱས་ཏེ་བཞུགས་ན་བཟང་བ་ལས་ཉམ་ཆུང་ཞིང་དབུལ་བོ་དང་རྗེས་ལུས་ཀྱི་མི་རིགས་འདིའི་དཔོན་ཆུང་ཞིག་བྱས་ན་དོན་སྙིང་མེད་པའི་གནས་ལུགས་ཀྱིས་ཀྱང་ར་སྤྲོད་བྱེད་ཐུབ། ཡང་གཅིག་བཤད་ན་ཁོང་གིས་བོད་རིགས་མི་དམངས་ཡོད་ཚད་ལ་རང་སྐྱོང་ཐོབ་ཐང་ངོ་མ་ཞིག་སྤྲད་ཚེ་ང་ལ་དཔོན་རིགས་ཀྱི་གོ་གནས་ཅི་ཡང་མི་དགོས་ཞེས་ལན་མང་དུ་གསུངས་ཀྱང་པེ་ཅིན་གཞུང་ཕྱོགས་ནས་དེ་ལ་དོ་སྣང་གཏན་ནས་མི་བྱེད་པའི་རྒྱུ་མཚན་ཅི།
༡༧ ཀྲུང་དབྱང་སྲིད་གཞུང་གིས་རྒྱུན་དུ་བོད་རིགས་མི་དམངས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་པའི་རྒྱུ་མཚན་ལ། ང་བརྒྱད་སྔོན་གྱི་ལྷ་ས་གྲོང་ཁྱེར་དང་ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་འཚོ་བ་དང་འཛུགས་སྐྲུན། དེ་སྔའི་བོད་རིགས་མི་མང་གི་འཚོ་བ་དང་ད་ལྟའི་འཚོ་བ་སོགས་བསྡུར་ནས་འཕེལ་རྒྱས་སུ་སོང་ཡོད་ཚུལ་གླེང་བར་བྱེད་པ་དེ་རེད། བོད་རིགས་མི་དམངས་ཀྱིས་དེ་ནི་གནས་ལུགས་ཞིག་ཏུ་ཁས་གཏན་ནས་ལེན་གྱི་མེད། རྒྱུ་མཚན་ནི། ཁོ་ཚོས་ང་ཚོ་དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པའི་བོད་རིགས་མི་དམངས་ནི་འདས་པའི་ལོ་ངོ་ལྔ་བཅུའི་དུས་ཡུན་ནང་དུ་འཛུགས་སྐྲུན་དང་འཕེལ་རྒྱས་ཅི་ཡང་མི་གཏོང་བར་ཉལ་ནས་འདུག་མི་སྲིད་ཟེར་བ་དེ་རེད། ངས་བལྟས་ནའང་བོད་རིགས་སྤུན་ཟླའི་སྐད་ཆ་དེར་གནས་ལུགས་ཆེན་པོ་འདུག་སྟེ། འདས་པའི་ལོ་ངོ་ལྔ་བཅུའི་ནང་དུ་བོད་རིགས་ས་ཁུལ་དང་རྒྱ་རིགས་ནང་ལོག་གི་འཕེལ་རྒྱས་གཉིས་གཏན་ནས་མི་འདྲ་བའི་རྒྱུ་མཚན་ཅི། སྲིད་གཞུང་གི་འཛུགས་སྐྲུན་རྒྱབ་སྐྱོར་གཏན་ནས་མི་འདྲ་བའི་རྒྱུ་མཚན་ཅི། ལྐོག་ཟ་རུལ་སུང་གི་དཔོན་པོ་དག་གིས་ལྐོག་ཟ་བྱས་སོང་བ་ཡིན་ནམ། གོང་རིམ་ནས་རྒྱབ་སྐྱོར་མ་བྱས་པ་ཡིན་ནམ། ད་སྐབས་བོད་རིགས་མི་དམངས་ཀྱིས་ཤེས་ཡོན་ཡང་གོང་འཕེལ་ལ་སོང་ཡོད་པས་དྲང་བདེན་གྱི་སྐད་ཆ་བཤད་པ་ལས་ཕན་ཚུན་ལ་མགོ་སྐོར་དང་གཡོ་སྒྱུའི་སྐད་ཆ་བཤད་ན་ཡིད་ཆེས་བྱེད་སྲིད་པ་མ་རེད།
༡༨ ཁ་ནས་དམངས་གཙོ་ཞེས་བཤད་ཀྱང་དོན་དུ་དམངས་གཙོ་མི་བྱེད་པའི་བདེན་དཔང་ངོ་མ་ཞིག་ནི། བྱ་བྲལ་རིན་པོ་ཆེ་དང་ཨ་ལགས་གུང་ཐང་རིན་པོ་ཆེ་སོགས་གཙོ་བྱས་ཏེ་བོད་ཀྱི་མཁས་ཆེན་འགས་མི་དམངས་བརྒྱ་ཆའི་གོ་དགུས་རྒྱལ་བ་རིན་པོ་ཆེས་ཐུགས་ཐག་བཅད་པའི་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དེ་ཁས་ལེན་པ་ལས་ང་ཚོས་འདི་ལྟར་ཐུགས་ཐག་བཅད་ན་ཁས་ལེན་སྲིད་པ་མ་རེད་ཅེས་གནས་ལུགས་གོང་རིམ་ལ་ཡར་ཞུ་བྱས་ཀྱང༌། མི་དམངས་བརྒྱ་ཆའི་གོ་དགུའི་ཁས་ལེན་པའི་སྤྲུལ་སྐུ་དེ་བཙོན་འཇུག་བྱས་རྗེས་བརྒྱ་ཆའི་གོ་དགུའི་ཁས་མི་ལེན་པའི་པཎ་ཆེན་རིན་པོའི་ཆེའི་སྤྲུལ་སྐུ་རྫུན་མ་ཞིག་ཤུལ་དུ་འཇོག་པའི་རྒྱུ་མཚན་ཅི། ད་དུང་བཤད་རྒྱུ་ཞིག་ནི། དུས་སྐབས་འདིར་ཨ་ལགས་ཨ་ཀྱཱ་ཚང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུ་ཁྲིད་ལ་བོད་རིགས་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེ་ཚང་གིས་ཐུགས་ཐག་བཅད་པའི་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ཁས་ལེན་པ་དང་ང་ཚོས་དེ་ལས་གཞན་ཞིག་བཅད་ན་མི་དམངས་ཀྱིས་ཁས་ལེན་བྱེད་མི་སྲིད་པ་རེད་ཅེས་ཡར་ཞུ་བྱས་ཚེ། མགོ་ཁྲིད་དེས་ཨ་ལགས་ཨ་ཀྱཱ་ཚང་ལ་ཁྱོད་མཚོ་སྔོན་གྱི་ཡིན་པས་དམིགས་བསལ་ཡོད། གལ་ཏེ་བོད་ལྗོངས་ཀྱི་ཡིན་ཚེ་ཁྱོད་ལ་ཁྲིམས་ཆད་ཕོག་ངེས་རེད་ཅེས་བཤད་དོན་ཅི། འདི་ནི་དམངས་གཙོའི་རྒྱལ་ཁབ་ཅིག་གི་མཐོ་རིམ་དཔོན་ཆེན་ཞིག་གི་སྐད་ཆ་ཡིན་ནམ། ངོ་མ་ཡིད་སྐྱོ་བའི་དོན་ཞིག་མ་ཡིན་ནམ།
༡༩ ད་ལོའི་རང་དབང་དང་ཐོབ་ཐང་རྩོལ་ལེན་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་ཚོར། བཙོན་ཁང་དུ་གཅར་རྡུང་བྱས་ཏེ་དྲན་པ་ཐེངས་ག་ཚོད་འཐོར་བ་གླེང་རྒྱུ་ལས་གཅར་རྡུང་བྱས་མ་བྱས་གླེང་རྒྱུ་མེད་པའི་རྒྱུ་མཚན་ཅི། འདི་ནི་དུས་རབས་ཉེར་གཅིག་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་ལུགས་སྲོལ་དང་མཐུན་ནམ། འདི་ནི་དམངས་གཙོའི་རྒྱལ་ཁབ་ཅིག་གི་ལུགས་དང་མཐུན་ནམ། འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་དུ་རློམ་པའི་རྒྱལ་ཁབ་ཅིག་གི་རྒྱལ་ཁྲིམས་དང་མཐུན་ནམ། མཐོ་རིམ་དབུ་ཁྲིད་ཚོས་རྣ་བ་ལན་གཅིག་ཚུར་གསན་རོགས། བསམ་བློ་ཞིབ་ཏུ་གནང་རོགས། ལྐོག་ཟ་རུལ་སུང་གི་དཔོན་རིགས་ཚོ། ད་མཚམས་འཇོག་རན་རེད། ང་ཚོ་བོད་རིགས་མི་དམངས་རྣམས་ཁྱོད་ཚོའི་བྲན་གཡོག་བྱེད་པར་མི་ཡུལ་དུ་ཡོང་བ་གཏན་ནས་མིན།
༢༠ ལོ་རྒྱུས་སུ་བྱུང་བའི་ཁྲག་དྲི་བྲོ་བའི་དོན་དངོས་གནས་ཚུལ་ལ་ད་དུང་ཞི་བའི་བཅིངས་གྲོལ་ཞེས་བཤད་ན། དུས་རབས་ཉེར་གཅིག་པའི་ན་གཞོན་ཚོས་ཁས་གཏན་ནས་ལེན་སྲིད་པ་མ་རེད། ཁས་ལེན་མི་སྲིད་པའི་དབང་གིས་ད་ལོའི་གནས་ཚུལ་འདི་ཡང་བྱུང་བ་རེད། གནས་ཚུལ་འདི་ཞི་བའི་སྒོ་ནས་ཐག་གཅོད་མ་བྱས་ན། ངས་ཚོད་དཔག་བྱས་པ་ལྟར་ན་ད་དུང་མུ་མཐུད་དུ་འབྱུང་རྒྱུ་རེད། འདི་ལྟར་ཕན་ཚུན་ལ་འཁོན་སེམས་དང་དམོད་མོ་བྱས་བསྡད་ན་ལེགས་སམ།
༢༡ འདས་ཟིན་པའི་དམར་དམག་གིས་རྒྱང་སྐྱོད་བྱེད་སྐབས་སུ་བོད་རིགས་སྤུན་ཟླ་གང་མང་གིས་ལྟོ་གོས་གང་མང་བྱིན་ནས་རྒྱབ་སྐྱོར་མཛད་པ་དེ་དམར་དམག་ལོ་རྒྱུས་སུ་གསལ་བ་ལྟར་ཡིན་མོད། དམར་དམག་གིས་ཞེ་དགུ་ལོར་རྒྱལ་ཁབ་བཙུགས་ནས།འབུ་སྦྲང་མར་གྱུར། སྦྲང་མ་གཤོག་པ་ཐོགས་རྗེས། ཁ་ནས་བོད་ཞི་བའི་བཅིངས་གྲོལ་ཟེར་བཞིན་བོད་རིགས་འབུམ་ཕྲག་མང་བོ་དམར་གསོད་བཏང་བའི་ལོ་རྒྱུས་ཀྱི་ན་ཟུག་དེ་ཞི་བར་གྱུར་ཅིག་ཅེས་སྨྲས་ན་ཞི་འགྲོ་བ་ཞིག་གཏན་ནས་མ་རེད། འཆམ་མཐུན་ཡོང་བར་གྱུར་ཅིག་ཅེས་སྨྲས་ན་མཐུན་འགྲོ་བ་ཞིག་གཏན་ནས་མ་རེད།
༢༢ འདས་པའི་ལོ་རྒྱུས་སུ་བྱུང་བའི་ངའི་ཕ་མ་གཉིས་དང་འདྲ་བའི་བོད་ཁམས་ཡོངས་སུ་ཕ་མ་བཟུང་བ་དང་བསད་པ། རྒྱུ་ནོར་དང་འཚོ་བ། འཕྲོག་པ་དང་བཅོམ་པ་ལ་སོགས་པའི་མནར་གཅོད་བཏང་བའི་བོད་རིགས་འབུམ་ཕྲག་མང་བོ་དང༌། དེའི་བུ་རབས་ཚ་རྒྱུད་ཀྱི་སེམས་ཀྱི་ན་ཟུག་དེ་ད་དུང་ཐག་གཅོད་བྱས་མེད་ལ། ད་དུང་ཐག་གཅོད་ལེགས་པོ་མ་བྱས་ན། ནད་གཞི་དེ་ནམ་ཡང་སངས་ཐུབ་ཡོད་པ་མ་རེད། དཔེར་ན། དེང་སྐབས་འཇར་པན་དང་ཀྲུང་གོ་གཉིས་རྒྱབ་ཁབ་སོ་སོར་ཕྱེ་ཡོད་པ་མ་ཟད། འཇར་པན་གྱི་མཐོ་རིམ་དབུ་ཁྲིད་གང་མང་ཞིག་གིས་རྒྱ་རིགས་སྤུན་ཟླ་ཚོར་དགོངས་དག་ཞུས་ཀྱང༌། ད་དུང་རྒྱ་རིགས་སྤུན་ཟླ་མང་བོ་ཞིག་གི་སེམས་སུ་ལོ་རྒྱུས་ཀྱི་བཙན་འཛུལ་དེ་བརྗེད་ཐུབ་ཀྱི་མེད་པ་ལྟ་བུ་རེད།
༢༢ ངའི་ཕ་ཡུལ་མགོན་ཤུལ་ལ་མཚོན་ན་ང་བརྒྱད་སྔོན་དུ་མི་གྲངས་སུམ་སྟོང་ལྷག་ཡོད་མོད། ལོ་རབས་དྲུག་ཅུ་བའི་སྐབས་སུ་ཡང་བསྐྱར་རྩིས་གྲངས་བླངས་ཚེ་ཆིག་སྟོང་ལྔ་བརྒྱ་ལས་མི་འདུག་ཅེས་སྐབས་དེའི་རྩིས་གཉེར་བ་ཞིག་གིས་བདག་ལ་དངོས་སུ་བཤད་མྱོང༌། ངེད་ཅག་སྡེ་བར་མཚོན་ན་དམར་དམག་ལ་ཕྱིར་རྒོལ་ཅུང་ཙམ་ཡང་མ་བྱས་པར་མགོ་སྒུར་བ་ཡིན་མོད། སྡེ་མི་ཚོ་བཙོན་འཇུག་དང་ཟས་འཕྲོག་མུ་གེའི་ཁྲོད་ནས་མི་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་ཤི་ཟིན་པ་རེད། ་འདི་འདྲའི་ཞི་བའི་བཅིངས་གྲོལ་ཞིག་ཡོད་དམ། འདི་ལྟར་བོད་ཁམས་ཡོངས་སུ་བསམ་བློ་རེ་བཏང་ན། བོད་མི་རྒན་པ་འགས་འཐབ་རྩོད་འདིའི་ཁྲོད་ནས་ཕལ་ཆེར་བོད་མི་ས་ཡ་གཉིས་དམར་གསོད་བཏང་བ་རེད་ཅེས་བཤད་བཞིན་འདུག་པ་དེར་ཀྱང་གནས་ལུགས་འདུག་སྙམ་ཡོང༌།
༢༣ ད་ལོར་ཡང་ལག་ཏུ་མཚོན་ཆ་ཅི་ཡང་མེད་པའི་ཉམ་ཆུང་གི་བོད་རིགས་རང་དབང་དང་ཐོབ་ཐང་རྩོལ་ལེན་པ་ཚོའི་ཐོག་ཏུ་མེ་མདའ་དང་མེ་སྒྱོགས་ཀྱི་དྲག་ཤུགས་བཀོལ་ནས་དམར་གསོད་བཏང་བའི་གནས་ཚུལ་འདི་བསམ་ན་མཚན་མོར་གཉིད་ཀྱང་ཡོང་དཀའ་བ་ཞིག་རེད། ངའི་སེམས་ཁོང་གི་ཕ་མེས་ཚོ༌། ངའི་སེམས་ཁོང་གི་སྤུན་ཟླ་ཚོ། ངའི་སེམས་ཁོང་གི་ཚ་བོ་ཚ་མོ་ཚོ། ནམ་ཡང་འདི་ལྟར་རླབས་ཆེན་གྱི་ཚེ་སྲོག་སྲིད་གཞུང་ཞིག་གི་རྐང་འོག་ཏུ་བཞག་ནས་འདུག་དགོས་སམ། གང་ལྟར་ཀྱང་ཁྱོད་གསོད་ང་བསད་ཀྱི་ལོ་རྒྱུས་གླེང་ན་མིག་ཆུ་དང་ན་ཟུག་ཁོ་ན་ཡིན་པས་རེ་ཞིག་མཚམས་འཇོག་བྱེད།
བཞི་བ། གོང་གི་གནས་ལུགས་འདི་དག་ལ་དཔག་ན་ད་ལོའི་དབུས་གཙང་ལྷ་ས་ནས་ཨ་མདོ་རྔ་བའི་བར་གྱི་བོད་རིགས་ཁྲི་ཕྲག་མང་བོའི་ཁྲོམ་སྐོར་ཆེན་པོ་དེ་ནི་བོད་རིགས་མི་མང་གི་མི་ལོ་ལྔ་བཅུ་ཙམ་ལ་སེམས་སུ་ཉར་བའི་ངུ་འབོད་ཐེངས་གཅིག་ཡིན་པ་བདེན་དཔང་བྱེད་ཐུབ། ཡང་ཅིག་བཤད་ན་ཁོ་ཚོས་ཁྲོམ་སྐོར་བྱེད་སྐབས་སུ་ང་ལ་ཟ་རྒྱུ་མེད་སོང་ཞེས་ཁྲོམ་སྐོར་བྱེད་ཀྱི་མི་འདུག ང་ལ་གོན་པ་མི་འདུག་ཅེས་ཁྲོམ་སྐོར་བྱེད་ཀྱི་མི་འདུག་པར། ང་ཚོར་རང་དབང་མི་འདུག ང་ཚོར་འདྲ་མཉམ་གྱི་སྲིད་ཇུས་དགོས།རྒྱལ་བ་རིན་པོ་ཆེ་ཚང་དང་རྒྱལ་བ་ཀརྨ་བ་ཚང་སོགས་བོད་ལ་མྱུར་དུ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་ཚང་བཙོན་གྲོལ་དུ་གཏོང་དགོས། གཞིས་བྱེས་བོད་མི་ལྷན་འཛོམས་བྱུང་དགོས། ཞེས་སྐད་འབོད་བྱེད་བཞིན་ཡོད་པར་དཔག་ནའང་ཤེས་ཐུབ། ཡིན་ནའང་སྲིད་གཞུང་གིས་ཡུན་རིང་ལ་སེམས་སུ་ཉར་བའི་བོད་རིགས་མི་མང་གི་ངུ་འབོད་འདིའི་རྒྱུ་མཚན་དང་དོན་སྙིང་ག་རེ་ཡིན་པར་བསམ་བློ་ཕྲན་ཙམ་ཡང་མི་གཏོང་བར་དམར་གསོད་གཏོང་བ་དང༌། ཚེ་བཙོན་བྱེད་པ། བཟའ་བཏུང་འགོག་པ། གཅར་རྡུང་ཚད་མེད་བྱེད་པ་སོགས་ཀྱི་མནར་གཅོད་ཀྱིས་བཙན་གནོན་ཡ་ང་བ་སོགས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
བོད་རིགས་སྤུན་ཟླ་ནི་མི་ཡིན་ནམ། མི་ཡིན་ན་འགྲོ་བ་མིའི་ཐོབ་ཐང་ཡོད་དམ། འགྲོ་བ་མིའི་ཐོབ་ཐང་ཡོད་ན་གནས་ལུགས་བཤད་པའི་དབང་ཆ་ཅི་ལ་མེད་སོང་བ་རེད། སེམས་ཀྱི་ན་ཟུག་བརྗོད་པའི་དབང་ཆ་ཅི་ལ་མེད་སོང་བ་རེད། སེམས་ཀྱི་སྡུག་བསྔལ་བརྗོད་པའི་དབང་ཆ་ཅི་ལ་མེད་སོང་བ་རེད། སྲིད་གཞུང་གིས་སྨྲ་བརྗོད་རང་དབང་ཡོད་ཀྱང་ཁོ་ཚོས་བཅག་བསྲེགས་བྱས་སོང་ཟེར་ན། ངས་གོང་དུ་བཤད་པ་བཞིན་ངའི་ཕ་ཡུལ་མགོན་ཤུལ་ནས་བཅག་བསྲེགས་གང་ཡང་མ་བྱས་མོད་དྲག་ཆས་དམག་དཔུང་ཡོང་ནས་མེ་མདས་འཇིགས་སྐུལ་འོག་ཏུ་མི་མང་བོ་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན། རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་པར་ཙམ་ཡང་བཤམས་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བཙོན་འཇུག་བྱེད་དགོས་དོན་ཅི་ཡིན། རང་སྐྱོང་ས་ཁུལ་ནས་རང་གི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ལོ་རྒྱུས་སུ་བྱུང་བའི་བོད་མི་རིགས་ཀྱི་སེམས་ཀྱི་ན་ཟུག་དེ་ཞི་བས་བཅིངས་གྲོལ་ཞེས་སྨྲས་ན་ཞི་འགྲོའམ། འཆམ་མཐུན་ཡོང་དགོས་ཞེས་བཤད་ན་མཐུན་འགྲོའམ། གཏན་ནས་འགྲོ་སྲིད་པ་མ་རེད། མི་འགྲོ་བའི་དབང་གིས་ད་ལོའི་གནས་ཚུལ་འདི་བྱུང་བ་རེད། ད་དུང་མུ་མཐུད་དུ་འདི་ལྟར་བསྡད་ན། ད་དུང་མུ་མཐུད་དུ་གནས་ཚུལ་འདི་འདྲ་འབྱུང་རྒྱུ་རེད། རྒྱུ་མཚན་ནི། རྒྱའི་མཁས་པ་ཅེ་ཞེན་ལེན་གྱིས་བཤད་པ་ངས་གོང་དུ་བཤད་པ་ལྟར་རེད།
ངས་བལྟས་ན་ཞི་བས་བཅིངས་གྲོལ་ཞེས་འདུག་པ་ལས་ཞི་བྱེད་ཀྱི་ཐབས་ལམ་བཙལ་ན་ལེགས་པ་རེད། འཆམ་མཐུན་སྤྱི་ཚོགས་ཞེས་གསར་འགྱུར་ལས་རིགས་ཁག་ཏུ་དྲིལ་བསྒྲགས་བྱས་ཏེ་འདུག་པ་ལས་མཐུན་བྱེད་ཀྱི་རྒྱུ་རྐྱེན་བཙལ་ན་ལེགས་པ་རེད། དེ་ལྟར་མི་བྱེད་པར། དམོད་མོ་དང་མེ་མདའ། མེ་སྒྱོགས་ཀྱི་འཇིགས་སྐུལ་འོག་ནས་འཆམ་མཐུན་ཡོང་སྲིད་དམ། ཞི་བདེ་ཡོང་སྲིད་དམ། དམག་དཔུང་སྟོང་ཁྲག་ནས་ཁྲི་ཕྲག་དང༌། མེ་མདའ་སྟོང་ཕྲག་ནས་ཁྲི་ཕྲག། ད་དུང་མེ་སྒྱོགས་ཀྱི་འཇིགས་སྐུལ་འོག་ནས་འཆམ་མཐུན་ཡོང་ངམ། བཟའ་བཏུང་གཅོད་པ་དང་གཅར་རྡུང་འོག་ནས་འཆམ་མཐུན་ཡོང་ངམ། གཏན་ནས་ཡོང་སྲིད་པ་མ་རེད། མི་ལ་གཅིན་སྐྱག་འཐུང་དུ་བཅུག་ན་འཆམ་མཐུན་ཡོང་ངམ། ཞི་བདེ་ཡོང་ངམ་གཏན་ནས་ཡོང་སྲིད་པ་མ་རེད། རྒྱུ་མཚན་འདིའི་དབང་གིས་ངས་ད་ལོའི་བོད་རིགས་ཁྲོམ་སྐོར་བ་ཡོད་ཚད་ལ་ཇག་ཚོགས་མི་ཟེར་བ་མ་ཟད། རང་དབང་རྩོལ་ལེན་བྱེད་ཐུབ་པའི་དཔའ་བོ་དཔའ་མོ་རེད་ཅེས་བསྟོད་བསྔགས་བྱེད་སྲིད། དེའི་རྒྱུ་མཚན་ནི་བོད་རིགས་མི་མང་གི་བརྒྱ་ཆའི་བརྒྱད་ཅུ་ལྷག་གི་ཁྲོད་ན་ལྐོག་ནས་སྲིད་གཞུང་གི་སྐྱོན་ཆ་འདི་དག་མི་བརྗོད་མཁན་གཅིག་ཀྱང་མེད་པས་ལྐོག་ནས་སྐྱོན་བརྗོད་བྱས་འདུག་པ་ལས་དཔའ་བོ་དཔའ་མོ་འདི་དག་བཞིན་དངོས་སུ་བཤད་ཐུབ་ན་ལེགས་པར་སྣང༌།
དེའི་རྒྱུ་མཚན་ནི་ང་ཚོ་བོད་རིགས་མི་དམངས་ཡང་འགྲོ་བ་མི་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་ཡོད་དགོས་པ་དང༌། མེད་ན་རྩོལ་ལེན་བྱེད་དགོས་པས་རེད། བོད་རིགས་སྤུན་ཟླ་ཚོ། ང་ཚོར་རང་གི་ས་གནས་ལ་རང་གིས་དོ་དམ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་རང་གི་དད་པ་ཡོད་སའི་བླ་མ་ལ་དད་པ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་ལྐོག་ཟ་རུལ་སུང་ལ་ངོ་རྒོལ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་ཆབ་སྲིད་ཀྱི་དབང་ཆ་འདྲ་མཉམ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་རེད། ང་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་ཚོང་ལས་ཀྱི་དབང་ཆ་འདྲ་མཉམ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་རང་གི་ཐོན་ཁུངས་ལ་རང་གིས་གཅེས་སྐྱོང་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོ་ནམ་ཡང་སྲིད་གཞུང་གི་བཀོད་འདོམས་འོག་ནས་ལགས་སོ་ཞེས་འདུག་མི་དགོས་པའི་དབང་ཆ་ཡོད། ང་ཚོར་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་རེ་བ་འདོན་རྒྱུའི་དབང་ཆ་ཡོད། ང་ཚོ་རང་གི་མི་རིགས་འདི་མི་རིགས་གཞན་དག་དང་མི་འདྲེས་པར་བོད་མི་རིགས་ཞེས་རང་སྐྱ་ཐུབ་པར་གནས་ཐུབ་པའི་ཐད་ལ་འབད་བརྩོན་བྱེད་རྒྱུའི་དབང་ཆ་ཡོད།
འདི་ནི་ང་ཚོར་དུས་རབས་ཀྱིས་གནང་བའི་འགྲོ་བ་མིའི་ཐོབ་ཐང་ཡིན་ལ། ང་ཚོར་ཡང་ཐོབ་ཏུ་རུང་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་རྩོལ་ལེན་བྱེད་དགོས། ང་ཚོས་མུ་མཐུད་དུ་རྩོལ་ལེན་བྱེད་དགོས། ང་ཚོའི་མགོ་བོ་ནམ་ཡང་གཞན་གྱི་རྐང་འོག་ནས་འདུག་མི་དགོས་པར་གཞན་གྱི་མགོ་བོ་དང་འདྲ་མཉམ་བྱས་ཆོག ང་ཚོ་བོད་རིགས་སྤུན་ཟླ་ནི་བཙན་པོའི་གདུང་རྒྱུད་ཡིན་པས་བཙན་པོའི་སྙིང་སྟོབས་དེ་དར་སྤེལ་བྱེད་དགོས། དཔེར་ན། ད་ལོར་ཚེ་སྲོག་ཤོར་བ་དང༌། བཙོན་འཇུག་བྱས་པ། ཁྲོམ་སྐོར་མཛད་པའི་དཔའ་བོ་དཔའ་མོ་རྣམས་དང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། གུང་ཐང་བསྟན་པའི་དབང་ཕྱུག མཁན་ཆེན་འཇིགས་མེད་ཕུན་ཚོགས། བྱ་བྲལ་རིན་པོ་ཆེ། སྙན་ངག་པ་ཡི་དམ་ཚེ་རིང༌། སྐུ་ཞབས་རང་གྲོལ། མཚོ་ལྷོའི་ཁུལ་དཔོན་ཟུར་བ་སྐུ་ཞབས་དོན་འགྲུབ་རྒྱལ་ལྟ་བུ་སོགས་རེད།
ང་ཚོས་ནམ་ཡང་གཉོམ་ཆུང་དུ་བསྡད་ན་ང་ཚོ་ནམ་ཡང་འགྲོ་བ་མིའི་ཐོབ་ཐང་ཐོབ་མི་སྲིད་པ་རེད། ང་ཚོས་ནམ་ཡང་སྲིད་གཞུང་གི་སྐྱོན་ཆ་གོ་ཁ་ནས་བཤད་དེ་བསྡད་ན་ང་ཚོ་ནམ་ཡང་འགྲོ་བ་མིའི་ཐོབ་ཐང་ཐོབ་མི་སྲིད་པ་རེད། ང་ཚོས་ནམ་ཡང་སེམས་ཀྱི་ན་ཟུག་ཁོག་ཏུ་བཅུག་ནས་བསྡད་ན་ང་ཚོ་ནམ་ཡང་ཞི་བདེ་དང་འཆམ་མཐུན་ཡོང་མི་སྲིད། ང་ཚོས་ཤ་འཁོན་དེ་ནམ་ཡང་ཁོག་ཏུ་བཅུག་ནས་བསྡད་ན་ང་ཚོ་ནམ་ཡང་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད། དེའི་ཕྱིར་ང་ཚོས་སྡུག་བསྔལ་དང་ཞེ་འཁོན་ཡོད་ཚད་གནས་ལུགས་དང་ཞི་བདེའི་སྒོ་ནས་ཕྱི་རུ་བསྒྲགས་ནས་ཐོབ་ཐང་རྩོལ་ལེན་བྱེད་དགོས་པ་དང༌། ང་ཚོས་སྡུག་བསྔལ་དང་ན་ཟུག་ཡོད་ཚད་གནས་ལུགས་ཀྱི་སྟེང་ནས་ཕྱི་རུ་བསྒྲག་དགོས། ང་ཚོས་སྤུན་ཟླ་མི་རིགས་གཞན་དག་ལ་འཚེ་བ་མེད་པའི་སྒོས་རང་དབང་རྩོལ་ལེན་བྱས་ན། ང་ཚོས་འཚེ་བ་མེད་པའི་སྒོས་ཐོབ་ཐང་རྩོལ་ལེན་བྱས་ན་མིག་དང་ལྡན་པའི་སྐྱེ་བོ་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། གནས་ལུགས་བརྩི་བའི་སྐྱེ་བོ་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། མིག་དང་ལྡན་པའི་སྲིད་གཞུང་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། གནས་ལུགས་བརྩི་བའི་སྲིད་གཞུང་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། མིག་དང་ལྡན་པའི་དབུ་ཁྲིད་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། གནས་ལུགས་བརྩི་བའི་དབུ་ཁྲིད་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། ནམ་ཞིག་ང་ཚོར་ཡང༌། འགྲོ་བ་མིའི་ཐོབ་ཐང་ཡོད་པའི་མི་རིགས་གཞན་དང་གཅིག་མཚུངས་སུ་འགྱུར་ངེས་རེད།
གསལ་བཤད། རྩོམ་ཡིག་འདི་དང་མཇུག་གཏམ་གཉིས་བཙན་པོའི་སྙིང་སྟོབས་དེབ་དང་བོའི་སྟེང་དུ་བཀོད་ཡོད་ནའང་ད་ཐེངས་ཀློག་མཁན་གྲོགས་པོ་གང་མང་གི་རེ་འདོད་བཞིན་ཡང་བསྐྱར་དེབ་འདིར་བཀོད་དེ་པར་སྐྲུན་བྱས་པ་ཡིན་ལ་འོན་ཀྱང་བསྐྱར་བཅོས་ཕྲན་བུ་ཞིག་བྱས་ཡོད།
མཇུག་གཏམ།
ངས་རང་གི་མི་རིགས་ལ་ཚོང་ལས་དཔལ་འབྱོར་གྱི་ཁོར་ཡུག་འདྲ་མཉམ་ཞིག་ཐོབ་པའི་བར་དུ་སེམས་ཀྱི་ན་ཟུག་བརྗོད་ངེས། ངས་ལྐོག་ཟ་རུལ་སུང་གི་དཔོན་ངན་གྱི་རྒྱུད་ཆད་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་དད་འདུན་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་ཆབ་སྲིད་གོ་གནས་འདྲ་མཉམ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་སྨྲ་བརྗོད་རང་དབང་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གིས་རང་གི་སྐད་ཡིག་བཀོལ་སྤྱོད་གཙོ་བོར་བྱེད་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་དཔལ་འབྱོར་གྱི་ཁོར་ཡུག་གི་ལྔ་ཆའི་གཅིག་བོད་རིགས་ཀྱིས་ཟིན་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པའི་ལྔ་ཆའི་གཅིག་བོད་རིགས་ལས་བྱེད་པའི་ཟིན་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་ཟི་ལིང་གྲོང་ཁྱེར་ནས་བོད་ཡིག་སློབ་ཆུང་དང་སློབ་འབྲིང་འགའ་འཛུགས་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། མདོར་ན་ངས་བོད་རིགས་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། བྱ་བ་འདི་མ་འགྲུབ་ན་ངས་རང་གི་ཚེ་སྲོག་མ་འགག་བར་དུ་བོད་རིགས་མི་དམངས་ཀྱི་དཀའ་སྡུག་བརྗོད་ངེས་ཡིན། འོན་ཀྱང༌། ངས་སྨྱུ་གུ་དང་བསྒྲགས་དར་བཟུང་ནས་བརྗོད་པ་ལས་མེ་མདའ་དང་འགད་རྫས་བཟུང་ནས་གཏན་ནས་བརྗོད་མི་སྲིད། མདོར་ན། ངས་ད་ལོའི་སྤྱི་ཟླ་དགུ་བའི་ནང་དུ་བུན་སྲིན་བློན་གྱིས་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གི་སྟེང་དུ། ཀྲུང་གོས་གནས་ལུགས་དང་དྲང་བདེན་ལ་མཐོང་ཆེན་བྱེད་ངེས་ཡིན། ཞེས་བཤད་པ་འདི་ང་ཚོའི་བོད་མི་རིགས་ཀྱི་ཐོག་ལའང་ལག་ལེན་མིག་མཐོང་ལག་ཟིན་ཞིག་ཐོན་པའི་བར་དུ་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན།
༄༅།། ངའི་སེམས་གཏམ་དང་པེ་ཅིན་སྲིད་གཞུང༌།
གཅིག ང་ལ་གནས་ལུགས་བརྗོད་རྒྱུའི་དབང་ཆའང་མེད་སོང་ན། ངས་མི་ལུས་བླངས་པ་དོན་མེད་ཡིན་པས་ང་མ་ཤི་བར་དུ་གནས་ལུགས་བརྗོད་རྒྱུ་ཡིན། དེའི་ཕྱིར་ངས་བོད་མི་རིགས་ཀྱི་སེམས་ཀྱི་བདེ་སྡུག་ངོ་མ་དེ་གནས་ལུགས་ཀྱི་ལམ་ནས་རང་ནུས་ཅི་ལྕོགས་ཀྱིས་པེ་ཅིན་སྲིད་གཞུང་ལ་བརྗོད་རྒྱུ་ཡིན། ངས་གོང་དུ་བཤད་པ་བཞིན་ང་ཚོའི་བོད་མི་རིགས་ལ་དཀའ་སྡུག་མནར་གཅོད་གཏོང་མཁན་པེ་ཅིན་སྲིད་གཞུང་ཡིན་པ་དེ་བཞིན། དཀའ་སྡུག་འདི་སེལ་མཁན་ཡང་པེ་ཅིན་སྲིད་གཞུང་ཁོ་ན་ཡིན་པས་ངས་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་དཀའ་སྡུག་འདི་ངེས་པར་དུ་སེལ་དགོས་ཞེས་སེམས་གཏམ་འབོད་སྐུལ་གྱི་རེ་ཞུ་བྱས་པ་ཡིན།
གནས་ལུགས་འདི་གསལ་བཤད་མདོར་བསྡུས་ཤིག་ཡང་བསྐྱར་བྱས་ན། རྒྱའི་མཁས་པ་གྲགས་ཆེན་ཅེ་ཞེན་ལེན་གྱིས་འཆམ་མཐུན་སྤྱི་ཚོགས་བསྐྲུན་ན་སེམས་ཀྱི་འཆམ་མཐུན་བསྐྲུན་དགོས་པ་རེད་ཅེས་བཤད་པ་ནང་བཞིན། མིའི་རིགས་ལ་འཆམ་མཐུན་དང༌། ཞི་བདེ་ཡོང་དགོས་ན་ཐོག་མར། མི་དང་མིའི་བར། མི་རིགས་དང་མི་རིགས་ཀྱི་བར། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར།ལྷག་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་བར་དུ་སེམས་སྟེང་ནས་ཕན་ཚུན་ལ་ཡིད་ཆེས་ཡོད་པ། བརྩི་བཀུར་ཡོད་པ། སེམས་གཏམ་ཡོད་པ། རོགས་རམ་ཡོད་པ། ཕན་ཚུན་གྱི་སྐྱིད་སྡུག་ཤེས་པ་བཅས་བྱེད་དགོས་པ་ལས། དེ་ལྟ་མིན་པར་ཕན་ཚུན་ལ་དྲག་གནོན་དང་དྲག་རྒོལ། དམོད་མོ་དང་འཕྱ་སྨོད་བྱས་ནས་བསྡད་ན་འཆམ་མཐུན་ཡོང་སྲིད་པ་མ་རེད། དཔེར་ན་ཆུ་དང་མེ་བཞིན་རེད།
རྒྱུ་མཚན་དེའི་དབང་གིས་མི་དང་མིའི་བར་གྱི་ཞེ་འཁོན་དང་འཁྲུག་རྩོད། མི་རིགས་དང་མི་རིགས་བར་གྱི་ཞེ་འཁོན་དང་འཁྲུག་རྩོད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཞེ་འཁོན་དང་འཁྲུག་རྩོད། སྲིད་གཞུང་དང་མི་དམངས་བར་གྱི་ཞེ་འཁོན་དང་འཁྲུག་རྩོད་ནི། འཆམ་མཐུན་པར་གྱུར་ཅིག་ཅེས་བརྗོད་ན་མཐུན་འགྲོ་བ་ཞིག་དང༌། ཞི་བདེ་བར་གྱུར་ཅིག་ཅེས་བརྗོད་ན་ཞི་བ་དང་བདེ་བར་གྱུར་འགྲོ་བ་ཞིག་གཏན་ནས་མ་རེད། རྒྱུ་མཚན་དེའི་དབང་གིས་པེ་ཅིན་སྲིད་གཞུང་གིས་ཀྱང་དུས་རྒྱུན་ཏཱ་ལའི་ཇག་ཚོགས་དང་ཁ་བྲལ་ཞེས་གོང་ས་མཆོག་ལ་དམོད་མོ་བྱས་ནས་འདུག་པ་ལས་ཐབས་ཤེས་སྣ་ཚོགས་ཀྱིས་རྒྱ་བོད་གཉིས་ཀྱི་གནད་དོན་འདི་ཐག་གཅོད་ལེགས་པོ་བྱས་ན་བཟང་བར་སྣང༌། དཔེར་ན། ནད་དང་མེ་ཕུང་ཆུང་དུས་སུ་བདག་བྱས་ན་ལེགས་པ་བཞིན་རེད་སྙམ། འདི་ནི་ངས་བསམ་སྦྱོར་བཟང་བོའི་ཀུན་སློང་གི་ངང་ནས་བརྗོད་པ་ཡིན།
གཉིས་པ། དོན་དངོས་ཀྱི་ལོ་རྒྱུས་ལ་གཡོ་འགེབ་ཅི་ལྟར་བྱས་ཀྱང་ནམ་ཞིག་རྫུན་ཡིན་པ་ལྷང་ལ་འབུད་ངེས་རེད། དུས་རབས་ཉེར་གཅིག་པའི་དུས་འདིར་བོད་མི་རིགས་ཀྱི་བསམ་གཞིག་གི་ནུས་མཐུ་ཡང་ཟླ་རེ་ནས་ལོ་རེ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད་པས་ཕན་ཚུན་ལ་མགོ་སྐོར་གཏོང་རྒྱུའི་གོ་སྐབས་ནི་ཇེ་ཕྲ་ནས་ཇེ་ཕྲར་འགྱུར་བཞིན་ཡོད་པ་རེད། རྒྱུ་མཚན་འདིའི་དབང་གིས། རྒྱལ་ཁབ་ཡིན་ནའང་ཆོག དབུ་ཁྲིད་ཡིན་ནའང་ཆོག མགོ་ཁྲིད་ཡིན་ནའང་ཆོག མི་དམངས་ཡིན་ནའང་ཆོག ཚང་མས་དོན་དངོས་དང་གནས་ལུགས་ཕན་ཚུན་ལ་བརྗོད་ནས་ཚང་མས་སྟོབས་གས་གཅིག་འདུས་བྱེད་པ་ལས་ཕན་ཚུན་ལ་མགོ་སྐོར་དང་གཡོ་སྒྱུའི་བྱ་བས་སྟོབས་ཤུགས་གཅིག་འདུས་བྱེད་ཐུབ་པ་མ་རེད། ཕན་ཚུན་ལ་ཡིད་ཆེས་བྱ་ཐུབ་པ་མ་རེད། འདི་ལྟར་གནས་ལུགས་ཀྱི་སྟེང་ནས་བསམ་བློ་རེ་བཏང་ན་བོད་མི་རིགས་ཀྱི་སེམས་ཀྱི་ན་ཟུག་འདི་ཡང་དོན་དངོས་ཀྱི་ལོ་རྒྱུས་ཡ་ང་བ་དང༌། དོན་དངོས་ཀྱི་སྤྱི་ཚོགས་སྐྱུག་བྲོ་བའི་ཁྲོད་ནས་བྱུང་བ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་པ་རེད། དེ་ལྟ་མིན་པར་རྫུན་དང་གཡོ་སྒྱུའི་སྐུལ་སློང་གིས་མི་ཁྲི་སྟོང་མང་བོ་ལ་དུས་གཏན་དུ་མགོ་སྐོར་གཏོང་ཐུབ་པ་མ་རེད།
གསུམ། ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེ་ཡི་སྐབས་སུ་བོད་རིགས་མི་དམངས་ཁྲི་སྟོང་མང་བོ་དམར་གསོད་བཏང་བ་དང༌། བཙོན་ལ་བཅུག་པ། མུ་གེས་ཤི་བ་ནི་དོན་དངོས་ལོ་རྒྱུས་ཡིན་པས་དོན་དངོས་ལོ་རྒྱུས་དེ་མི་སུས་ཀྱང་བསུབ་ཐབས་གཏན་ནས་ཡོད་པ་མ་རེད། ད་དུང་དུས་རབས་ཉེར་གཉིས་པའི་སྐབས་འདིར་ཡང་སྐད་ཡིག་བཀོལ་སྤྱོད༌། ཚོང་ལས། ཁོར་ཡུག ཆབ་སྲིད་དབང་ཆ་སོགས་ཀྱི་ཕྱོགས་ནས་མི་རིགས་འདི་ལའང་འདྲ་མཉམ་གྱི་ཐོབ་སྐལ་ཞིག་ཐོབ་མེད་པའང་མིག་མཐོང་ལག་ཟིན་ཡིན་པས་འདི་དག་ནི་བོད་རིགས་མི་དམངས་ཀྱི་སེམས་ཀྱི་ན་ཟུག་ཆེན་པོར་གྱུར་ཡོད་པས་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་བོད་ཁམས་ཡོངས་ཀྱི་ཞི་རྒོལ་ཆེན་མོ་རིམ་པར་བྱུང་བ་དང༌། ལྷག་པར་དུ་ད་ལྟའི་བར་དུ་བོད་མི་དགུ་བཅུ་ལྷག་གིས་རང་ལུས་སྦྱིན་སྲེག་གནང་སྟེ་ཞི་རྒོལ་བྱས་པའི་དོན་རྐྱེན་ཡ་ང་བ་འདི་ཡང་བྱུང་བ་རེད། རྒྱུ་མཚན་དེའི་དབང་གིས། པེ་ཅིན་སྲིད་གཞུང་གིས་བོད་རིགས་མི་དམངས་ཀྱི་སེམས་ཀྱི་ན་ཟུག་དེ་ཞི་བྱེད་ཀྱི་ཐབས་ཤེས་ལེགས་པོ་ཞིག་འཚོལ་བ་ལས། མེ་མདའ་དང་མེ་སྒྱོགས། གཅར་རྡུང་བཙོན་འཇུག་འཕྱ་སྨོད་སྐུར་འདེབས་སོགས་ཀྱིས་ན་ཟུག་དེ་གཏན་ནས་ཞི་བར་བྱེད་ཐུབ་པ་མ་རེད། རྒྱུ་མཚན་འདིར་དམིགས་ནས་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཉིས་སྟོང་བཞི་ལོར་གནས་ཚུལ་འདི་འདྲ་འབྱུང་རྒྱུ་ཡིན་པས་དོན་རྐྱེན་སྔོན་འགོག་གི་སྙན་ཞུ་གང་ལེགས་ཞིག་བྲིས་ཏེ་སྲིད་འཛིན་ཧོའུ་ལ་ཕུལ་བར་ཧོའུ་ཡིས་དོ་སྣང་ཕྲན་བུ་ཡང་མ་བྱས་པས་ད་ལྟའི་གནས་བབ་འདི་འདྲ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
བཞི། མི་སུས་ཀྱང་རང་གི་ལྟོ་གོས་དང༌། ཁྱད་པར་དུ་ཚེ་སྲོག་མི་བསམ་མཁན་ཡོད་པ་མ་རེད། ཡིན་ནའང་དེ་དག་ཚང་མ་རྒྱབ་ཏུ་བསྐྱུར་ནས་ནུས་ཤུགས་འདོན་བཞིན་པ་འདི་ནི་སེམས་སུ་བཟོད་དཀའ་བའི་ན་ཟུག་ཅིག་ཡོད་པའི་དན་རྟགས་ངོ་མ་རེད། ན་ཟུག་གང་ཡིན་ཡང་དེ་ཞི་བར་བྱེད་པའི་སྨན་ཡོད་ངེས་རེད། སྨན་དེ་བཙལ་ན་ལེགས་པོ་རེད་སྙམ། རྒྱུ་མཚན་འདིའི་དབང་གིས། ངས་འདི་ལྟར་རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས། ད་ལྟ་སྤྱི་མཐུན་རྒྱལ་ཁབ་འདིའི་དམངས་མི་ཞིག་ཏུ་གྱུར་ཡོད་པའི་ཆ་ནས། ང་དང་ངའི་མི་རིགས་ཀྱི་སེམས་ཀྱི་ན་ཟུག་ངོ་མ་དེ་པེ་ཅིན་སྲིད་གཞུང་ལ་བརྗོད་པ་ཡིན། སྙན་ཞུ་བྱས་པ་ཡིན། དེ་ལྟ་མིན་པར། ཡར་འཁོར་ནས་གོང་རིམ་མགོ་ཁྲིད་ལ་ངོ་དགའི་རྫུན་གཏམ་མང་བོ་བཤད། མར་འཁོར་ནས་མི་དམངས་ལ་རྫུན་གཏམ་མང་བོ་བཤད་བཞིན་པའི་མི་དེ་དག་ནི་ངས་གཡོ་སྒྱུ་ཅན་གྱི་ཝ་འདྲེ་སྐོར་ཞིག་ཏུ་ངོས་འཛིན་བྱས་ཡོད། ཁོ་ཚོས་སྲིད་གཞུང་གི་སྒོར་མོ་ཟ་ཐུབ་བྱེད་ལ། མི་དམངས་ཀྱི་རྔུལ་ཁྲག་འཐུང་ཐུབ་བྱེད་བཞིན་གང་ལའང་ཕན་པའི་བྱ་བ་ཅི་ཡང་མི་སྒྲུབ་པར་རང་དོན་བདག་གཅེས་ཁོ་ན་ལ་འབད་བཞིན་རྫུན་དང་གཡོ་སྒྱུའི་དུས་འདའ་བར་བྱེད་བཞིན་འདུག་སྙམ། མི་འདི་དག་གི་ཁྲོད་ན་བོད་ཀྱི་བླ་སྤྲུལ་སྐོར་ཞིག་ཀྱང་ཡོད་ལ། བོད་རིགས་མགོ་ཁྲིད་སྐོར་ཞིག་ཀྱང་ཡོད། ཁོ་ཚོས་མི་དམངས་ཀྱི་སྐྱིད་སྡུག་ངོ་མ་དེ་གོང་རིམ་ལ་ཡར་ཞུ་མི་བྱེད། གོང་རིམ་གྱི་སྲིད་ཇུས་ངོ་མ་དེ་མི་དམངས་ལ་ཐོབ་ཏུ་མི་བཅུག་པའི་མཇུག་འབྲས་ཤིག་ཀྱང་དོན་རྐྱེན་འདིའི་ནང་དུ་འདྲེས་ཡོད།
ངའི་རེ་བ་ནི་ཁོ་ཚོས་ཀྱང༌། ཡར་འཁོར་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཁ་ཡག་གི་མགོ་སྐོར་བཏང༌། མར་འཁོར་ནས་མི་དམངས་ལ་གཉའ་གནོན་གྱི་མནར་གཅོད་གཏོང་བ་ལས། ཡར་འཁོར་ནས་མི་དམངས་ཀྱི་ལུས་སེམས་ཀྱི་སྐྱིད་སྡུག་ངོ་མ་དེ་ཡར་ཞུ་བྱས། རེ་ལྟོས་ངོ་མ་དེ་ཡར་ཞུ་བྱས། དད་འདུན་ངོ་མ་དེ་ཡར་ཞུ་བྱས། མར་འཁོར་ནས་བཅའ་ཁྲིམས་ངོ་མ་དེ་ལག་བསྟར་བྱས་ན་དོན་རྐྱེན་ཆུང་དུ་འགྲོ་སྙམ་མོ།
ལྔ། ང་ཚོ་བོད་རིགས་མི་དམངས་ལ་མཚོན་ན། བརྒྱ་ཆའི་གོ་དགུ་ཡན་གྱི་སེམས་ཁོང་ན་རྒྱལ་བ་རིན་པོ་ཆེ་ནི་ཉི་འོད་བཞིན་བཞུགས་ཡོད་པས་ཁོང་ལ་རྒྱུན་དུ་དམོད་མོ་དང་དམའ་འབེབ་བྱས་ན་བོད་འབངས་སུ་ཞིག་གིས་དགའ་བསུ་མི་བྱེད་པ་མ་ཟད། སུས་ཀྱང་སེམས་ཀྱིས་བཟོད་ཐབས་བྲལ་བ་ཞིག་ཡིན་པས་རང་ནུས་ཅི་ཡོད་ཀྱིས་ཕྱིར་མི་དགའ་བའི་རྣམ་འགྱུར་སྟོན་ངེས་རེད། ངོ་མ་དམངས་གཙོ་ཟེར་བ་ཞིག་ཡོད་ན་བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་གོ་དགུ་ཡན་ཀྱི་འདོད་བློ་དང་དགའ་ཕྱོགས་འདིར་པེ་ཅིན་སྲིད་གཞུང་གིས་ཀྱང་ཞིབ་འཇུག་དང་བསམ་གཞིག་གནང་ནས་གོང་ས་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་ལ་གྲོས་མོལ་གནང་སྟེ་ཁོང་ཕ་ཡུལ་དུ་གདན་ཞུ་བྱས་ན་ད་གཟོད་དོན་རྐྱེན་ཚབས་ཆེན་འདི་ཆུང་དུ་འགྲོ་སྲིད་སྙམ།
དྲུག ང་རང་བོད་པ་ཞིག་ཡིན་པའི་ཆ་ནས། ལྷག་པར་བོད་ཀྱི་གྲྭ་བ་ཞིག་ཡིན་པའི་ཆ་ནས། ངའི་རང་གི་སེམས་གཏམ་དེ་དག་རྫུན་དང་གཡོ་སྒྱུས་མ་བསླད་པར་དེ་རིང་པེ་ཅིན་སྲིད་གཞུང་ལ་སེམས་གཏམ་རླུང་བསྐུར་གྱི་ལམ་ནས་དྲང་མོར་བཤད་པ་ཡིན། ངས་རང་གི་མི་རིགས་ཀྱི་སེམས་ཀྱི་སྡུག་བསྔལ་དེ་རིང་དྲང་མོར་བཤད་པ་ཡིན། ངས་བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་གོ་དགུའི་སེམས་ཀྱི་ན་ཟུག་ངོ་མ་དེ་མཚོན་པའི་རྩོམ་ཡིག་འགའ་བྲིས་པ་ཡིན། ངས་མ་དངུལ་རང་ཉིད་ཀྱིས་བཏང་ནས་ན་ཟུག་དེ་མཚོན་པའི་རྩོམ་ཡིག་འགའ་པར་སྐྲུན་བྱས་པ་ཡིན། ངས་གནས་ལུགས་མི་མཐོང་ཞིང་ཁྲིམས་ལུགས་མི་བརྩི་བའི་མུན་ནག་གི་ཁོར་ཡུག་གིས་རང་ཉིད་ལ་བཙོན་འཇུག་དང༌། ཡང་ན་གཅར་རྡུང་གི་མནར་གཅོད་གཏོང་བ་དང༌། མཐའ་ན་ཚེ་སྲོག་གི་ཉེན་ཁ་ཡོད་པར་བསམ་བློ་མ་བཏང་བར་བྱ་བ་འདི། འདི་ལྟར་བསྒྲུབས་དགོས་དོན་ཡང༌། ཞེ་འཁོན་དང་འཁྲུག་རྩོད་མེད་པའི་ཞི་བདེ་ངོ་མ་ཞིག་ལ་རེ་སྨོན་བྱས་ཡོད་པས་ཡིན། དམར་འཛིང་གི་འཐབ་འཁྲུག་མེད་པར་འཆམ་མཐུན་ངོ་མ་ཞིག་ལ་རེ་བཅོལ་བྱས་ཡོད་པས་ཡིན། དཔེ་དེབ་འདི་པར་དུ་བསྐྲུན་སྐབས་ང་ལ་ན་ཟུག་གང་མང་ཞིག་དང༌། མིག་ཆུ་གང་མང་ཞིག་གིས་སེམས་ཁམས་ཡོངས་སུ་བརླན་མྱོང༌། གང་ལྟར་ངས་གནས་ལུགས་ངོ་མ་ཞིག་གི་ཆེད་དུ། དྲང་བདེན་ངོ་མ་ཞིག་གི་ཆེད་དུ། ཐོབ་ཐང་ངོ་མ་ཞིག་གི་ཆེད་དུ། འདྲ་མཉམ་ངོ་མ་ཞིག་གི་ཆེད་དུ། ཞི་བདེ་ངོ་མ་ཞིག་གི་ཆེད་དུ། མཛའ་མཐུན་ངོ་མ་ཞིག་གི་ཆེད་དུ། ཡོད་ཚད་བསྐྱུར་ནས་འདི་ལྟར་བྱེད་དགོས་བྱུང་སོང༌། འདི་ནི་ངའི་དགའ་ཕྱོགས་ཡིན་ལ། ཕུགས་འདུན་ཡང་ཡིན།
འདི་ནི་ངས་རང་ཉིད་དཔའ་བོ་ཞིག་ཡིན་པའི་དཔང་རྟགས་སུ་བཞག་པ་གཏན་ནས་མ་ཡིན་པར། ཡབ་མེས་ཚོའི་དཀའ་སྡུག་གི་མནར་གཅོད་དེའི་ཆེད་དུ་མིག་ཆུ་ཐེངས་ཤིག་བཏོན་པ་ཡིན། འདི་ནི་ངས་རང་ཉིད་མཁས་པ་ཞིག་ཡིན་པའི་འབྲས་རྟགས་སུ་ཕུལ་བ་གཏན་ནས་མ་ཡིན་པར་སྤུན་ཟླ་ཚོའི་ན་ཟུག་གི་ངུ་འབོད་དེའི་ཆེད་དུ་ངུ་ཤུམ་ཐེངས་ཤིག་བྱས་པ་ཡིན། དོན་ངོ་མར་ང་ནི་དཔའ་བོ་ཞིག་མིན། མཁས་པ་ཞིག་མིན། ཕྱུག་པོ་ཞིག་མིན། ཅི་ཡང་མིན་ནའང༌། གནས་ལུགས་དང་དྲན་བདེན་ཀྱི་ཀློང་ནས། སྤུན་ཟླ་མི་རིགས་ཀྱི་དཀའ་སྡུག་གི་གནས་བབ་དང་ལྷན་དུ་མིག་ཆུ་དང་ངུ་འབོད་ཐེངས་གཅིག་བྱས་པ་ཡིན།
མདོར་ན་ངས་པེ་ཅིན་སྲིད་གཞུང་ལ་མིག་གིས་ལྟ་མི་བཟོད་པ་དང༌། རྣ་བས་ཉན་མི་བཟོད་པའི་ད་ལྟའི་བོད་ཁམས་ཀྱི་དོན་རྐྱེན་ཡ་ང་བ་འདིར་པེ་ཅིན་སྲིད་གཞུང་གིས་འཕྱ་སྨོད་དང་སྐུར་འདེབས་བྱས་ཏེ་མི་འདུག་པར་དོན་རྐྱེན་གྱི་འབྱུང་རྩ་ངོ་མ་འདིར་ཀུ་ཡངས་དཀྱིལ་ཡངས་དང་རྒྱུ་འབྲས་དྲང་བདེན་གྱི་ཞིབ་འཇུག་ཅིག་བྱས་ཏེ། གོང་ས་མཆོག་དང་གྲོས་མོལ་གྱིས་བོད་མི་ཧ་ཅང་མང་བོས་རང་སྲོག་བློས་བཏང་གིས་སྐད་འབོད་གནང་བཞིན་པའི་རེ་བ་ནི་མདོར་ན་གཉིས་ཡོད་དེ། ༡གོང་ས་མཆོག་ཕ་ཡུལ་གདན་འདྲེན་ཞུས་ཏེ་མཇལ་ཁ་ཞིག་ཞུ་རྒྱུ། ༢བོད་འབངས་ཡོངས་ལ་རང་སྐྱོང་ཁེ་དབང་གཙང་མ་ཞིག་ཐོབ་རྒྱུ་དེ་གཉིས་ཡིན་པས་རེ་བ་ཕྲན་བུ་འདི་གཉིས་པེ་ཅིན་སྲིད་གཞུང་གིས་བསྐངས་ན་བོད་ཀྱི་ཡ་ང་བའི་དོན་རྐྱེན་འདི་མྱུར་ཏུ་སེལ་འགྲོ་བར་ང་ལ་ཡིད་ཆེས་བརྟན་པོ་ཡོད། དེ་ལྟ་མིན་པར་སྲིད་གཞུང་གིས་དྲག་གནོན་དང་དབང་ཤུགས་ཁོ་ན་བཀོལ་སྤྱོད་བྱས། མི་དམངས་ཀྱིས་ངོ་རྒོལ་དང་དམོད་མོ་ཁོ་ན་བྱས་ཏེ། དོན་རྐྱེན་ཇེ་ཆེ་ནས་ཇེ་ཆེར་སོང་ན་ནམ་ཞིག་སྤྱི་ཚོགས་ཁྲོད་དུ་ཆེས་གདུག་རྩུབ་ཆེ་བའི་དམར་འཛིང་གི་དོན་རྐྱེན་ཡང་འབྱུང་སྲིད་པས་ངས་སྔ་ས་ནས་སྔོན་འགོག་གི་ཕྱིར་ཏུ་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་ཁེངས་པའི་སེམས་གཏམ་འདི་རླུང་བསྐུར་སྙན་ཞུའི་ཚུལ་དུ་ཕུལ་བ་ཡིན་ནོ། །
ཟུར་ཞུ།
ངས་དཔེ་དེབ་འདི་ཐོག་མར་འབྲི་དུས་བོད་ཕྱི་ནང་གཉིས་ནས་བོད་མི་དྲུག་ཅུ་ལྷག་གིས་བོད་བསྟན་སྲིད་ཕྱིར་ཏུ་རང་ལུས་ཞུགས་འབུལ་གནང་ཡོད་ལ། དཔེ་དེབ་ལ་ཞུ་དག་བྱེད་སྐབས་སུ་བརྒྱད་ཅུ་ ལྷག་གིས་རང་ལུས་ཞུགས་འབུལ་གནང་ཡོད། འོན་ཀྱང་དཔེ་དེབ་དཔར་སྐྲུན་བྱེད་ལ་ཉེ་དུས་དགུ་བཅུ་ལྷག་གིས་རང་ལུས་ཞུགས་འབུལ་གནང་ཡོད་པས་དེབ་ཀྱི་ནང་དུ་བདུན་ཅུ་འམ་བརྒྱད་ཅུ་ཞེས་བྲིས་ཡོད་ན་ཡིག་ནོར་ཡིན།
༼རྫོགས་སོ།༽