ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་།
ཁིས་ཟིན་དམར་གསོད་ཆེན་མོ།
༡༩༥༨ལོའི་ཟླ༤བར་ཨ་མདོའི་འབྲོག་ཕྱོགས་ཚང་མར་རྒྱ་དམར་གྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་དྲག་པོའི་གྱེན་ལངས་ཀྱི་མེ་ལྕེ་ཕྱོགས་ཀུན་ཏུ་འབར་བའི་སྐབས། སོག་པོའི་ཐོར་གོད་ཀྱི་སའི་ཆར་གཏོགས་ཁིས་ཟིན་ཐོད་ལོག་ཅེས་པའི་ས་ཆར་ཐོད་གོད་དང༌། མདའ་ཚན། བེ་ཟི། ཁག་གསུམ། ཚོ་ཧོར། སུ་ཧྲུག་ཆུང་བ། ཨ་རིག ཨེ་མག མགོ་ལོག་སོགས་ནས་རང་འདུས་བྱས་པའི་འབྲོག་པ་མི་ཚང་སུམ་སྟོང་ལྷག་མི་གྲངས་ཆིག་ཁྲི་བརྒལ་བ་དང༌། ནོར་ལུག་ཁྲི་ཕྲག་མང་པོ་བཅས་རྒྱ་དམར་གྱི་དྲག་གནོན་ལ་བྱོལ་ཆེད་བྲོས་བྱོལ་དུ་འགྲོ་བའི་ལམ་ནས་རྨ་ཆུས་བཅད་པའི་ས་ཁུག་ཅིག་ཏུ་རུ་འདུས་བྱས་ནས་བསྡད་ཡོད། རྨ་ཆུའི་ཕར་ཕྱོགས་སུ་རྒྱ་དམར་གྱི་དམག་དཔུང་གིས་གུར་ཉིས་སྟོང་ལྷག་བརྒྱབ་ནས་བསྡད་འདུག ཟླ༤ཚེས༡༣དང༡༤ཡས་མས་ཤིག་ལ་དགོང་མོ་མུན་རུབ་པ་དང་རྒྱ་དམག་རྨ་ཆུར་བརྒལ་བའི་གྲ་སྒྲིག་བྱས། འགྱིག་གི་གྲུ་ཆུང་བརྒྱ་ལྷག་ལྕགས་ཐག་གིས་སྦྲེལ་དེ་རྟའི་མཇུག་མར་བཏགས་ནས་ཆུའི་ཕ་རིར་བསྐྱལ། འགྱིག་གྲུའི་ཁར་པང་ལེབ་མང་པོ་བཏིང་ནས་གྲུའི་ཟམ་པ་ཞིག་བཟོས། རྒྱའི་དམག་སྒར་དུ་ལྟ་མཁན་གཅིག་ཀྱང་མེད་ནའང་གློག་བརྙན་སྟོན་པའི་ཁུལ་བྱེད། རས་གུར་ཚང་མའི་ནང་དུ་མི་གཅིག་ཀྱང་མེད་མོད། ད་དུང་སྒྲོན་མེ་རེ་རེ་སྒྲོན་དུ་བཅུག མཚན་གཅིག་པོ་དེར་རྒྱ་དམག་ཚང་མ་རྨ་ཆུའི་ཕ་རིར་བརྒལ་བར་མ་ཟད། ནམ་མ་གསལ་གོང་རི་རྩེ་ཚང་མ་བཟུང་སྟེ་འཛིང་རགས་ཀྱང་བཟོས་འདུག ནམ་ལངས་པ་དང་རི་རྩེ་ཕན་ཚུན་ནས་བརྡ་སྟོན་མེ་མདའ་སྣ་ཚོགས་བརྒྱབ་པ་དང་མཉམ་དུ་ཕྱོགས་ཕྱོགས་ནས་འབྲུག་སྟོང་ལྡིར་བ་ལྟར་མེ་སྒྱོགས་མང་པོ་དུས་གཅིག་ཏུ་འབྲོག་པའི་རུ་ནང་དུ་བརྒྱབ་པའི་མེ་ལྕེ་དགུང་ལ་འཕྱུར་ཞིང༌། དུ་བ་དང་ས་རྡུལ་གྱིས་ནམ་མཁའ་སྒྲིབ་པར་བྱེད། སྤག་སྤག་བརྒྱ་ཕྲག་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་བར་མཚམས་མེད་པར་བརྒྱབ་པས་བོད་མི་མང་པོ་ཞིག་ནི་སྦྲ་ནང་དུ་བསད་ཅིང༌། འགའ་ཞིག་བྲོས་བའི་ལམ་ནས་བསད། སོག་པོའི་སྨན་ཆགས་བསོད་ཁོའི་བུ་དང་སྐྱིའི་བསམ་ཁོ་སོགས་དཔའ་བོ་སྐོར་ཞིག་གིས་རྒྱ་ལག་ནས་སྤག་སྤག་དང་མེ་མདའ་འཕྲོགས་ཏེ་རེ་ཞིག་གི་བར་ལ་རྒྱ་དམག་བཀག་ཀྱང་མཐར་རེ་རེ་བཞིན་སྐུ་སྲོག་ཤོར་བ་རེད། མི་མང་པོ་ཞིག་རྒྱ་དམག་གིས་དེད་ཡོང་སྟབས་འུ་ཐུག་ནས་ཚམ་ཚོམ་མེད་པར་རྨ་ཆུར་མཆོངས། ཨ་མ་མང་པོ་ཕྲུ་གུ་དང་བཅས་ཏེ་མཉམ་དུ་རྨ་ཆུའི་ནང་དུ་མཆོངས། སྦྲ་གུར་གཅིག་གི་ནང་དུ་སྐྱེ་ཕོ་མོ་བྱིས་པ་བཅས་མི་༡༧མཉམ་དུ་བསད་ཡོད་པ་དངོས་སུ་མཐོང་ཟེར། དེ་འདྲ་བ་གྲངས་མེད་ཟེར། ཚོད་དཔག་བྱས་ན་ཉུང་མཐར་ཡང་ཐེངས་དེར་བོད་མི་སུམ་སྟོང་ལྷག་བསད་ཡོད་ཟེར། གོང་གསལ་དེ་དག་ནི་སྐབས་དེར་རྒྱ་དམར་གྱི་དམག་གི་སྐད་སྒྱུར་བྱེད་མྱོང་བའི་བོད་མི་ལས་བྱེད་ཚེ་རིང་དང་ཝང་ཆེ་གེ་མོ་གཉིས་ཀྱིས་དངོས་སུ་མཐོང་བ་ལྟར་བྲིས་པ་ཡིན།
སྐྱ་མོའི་དམར་གསོད་ཆེན་མོ།
སྐྱ་མོའི་དམར་གསོད་ཆེན་མོ་ཟེར་བ་དེ་ཇི་ལྟར་བྱུང་པ་རེད་ཅེ་ན། ༡༩༥༨ལོའི་ཟླ༥པའི་ནང་རྒྱ་དམར་གྱི་དམག་དཔུང་ཆིག་སྟོང་ལྷག་ཀྲིན་ཁྲང་རོང་ཟེར་བ་དེས་ཁྲིད་དེ་ཨ་མདོ་བྲག་དཀར་སྤྲེལ་རྫོང་དགོན་པའི་མཐའ་ཡོངས་རྫོགས་བསྐོར་ཏེ་དགེ་འདུན་ལྔ་བརྒྱ་ཡོད་པ་ཚང་མ་འདུ་ཁང་ནང་དུ་འཚོགས་སུ་བཅུག འདུ་ཁང་གི་རབ་གསལ་དང་རྒྱ་མཐོང༌། སྒོ་ཆེན་ཁ་ཚང་མར་མེ་མདའ་སྤག་སྤག་བཙུགས་ཏེ་དགེ་འདུན་པ་ཚང་མ་བསྡེབས་གསོད་བྱེད་པའི་སྟ་གོན་ཚང་མ་གྲུབ་པ་ན། རྒྱ་དཔོན་དེས་སྐད་སྒྱུར་བརྒྱུད་ནས་གསང་བའི་སོ་ཉུལ་དང་མེ་མདའ་རྩིས་སྤྲོད་མི་བྱེད་ན་ཚང་མ་བསྡེབས་གསོད་བྱེད་རྒྱུ་ཡིན་ཞེས་འཇིགས་སྣང་སྐུལ་ཀྱང༌། ཁོང་ཚོར་དེ་འདྲའི་མཐོང་ཐོས་དོགས་གསུམ་ཙམ་ཡང་མེད་སྟབས་འུ་ཐུག་ཐབས་ཟད་ཀྱི་སྐབས། མིའི་སྲོག་ལ་འབུ་སྲིན་ཙམ་དུའང་མི་རྩི་བའི་ལག་དམར་དེ་དག་གིས་གྲ་མང་ནང་དུ་མེ་མདའ་སྤག་སྤག་བརྒྱབ་ཏེ་ཨ་ལགས་ཁ་རྒྱ་དང༌། གཉེར་པ་འཇིགས་མེད་འོད་ཟེར། སྨོན་ལམ། དགེ་བཤེས་དཀོན་མཆོག་ཡར་འཕེལ། སྐྱ་རའི་དགེ་རྒན་ཚང་སོགས་བླ་གྲ་བཅོ་བརྒྱད་དམར་གསོད་བྱས་ཤིང༌། གཞན་ཚང་མ་འཛིན་བཟུང་བྱས། དེར་བརྟེན་མི་དམངས་རྣམས་འུ་ཐུག་ཐབས་ཟད་ཀྱིས་རྒྱ་དམར་ལ་དྲག་པོའི་ངོ་རྒོལ་བྱས། ༡༩༥༨ལོའི་ལོ་སྟོད་དུ་ཁོ་ནག་གོང་ཞོལ་དང༌། ཨ་ཀྲོང༌། འབེ་བཟའ། ནུ་གུ་ཏོག་ཐ་སོགས་ཀྱི་མི་མང་སྟོང་ཕྲག་ཁ་ཤས་ཐར་རྒྱ་རག་རས་སྣེ་ཁྲིད་བྱས་ནས་རྒྱ་དམར་གྱི་ཐུན་ཏེ་རྫོང་གི་ཐོག་ཏུ་བརྒྱུགས་ནས་མཱ་ཧྲུའུ་ཅི་སོགས་ལས་བྱེད་པ་ཁ་ཤས་བསད་དེ་རྒྱ་དམར་གྱི་ལས་ཁང་ཚང་མ་མེར་སྲེག་རྗེས་རི་ཁུལ་དུ་ཕྱིར་འཐེན་བྱས། སྐབས་དེར་སྦྲ་ནག་ཁག་གསུམ་དང༌། གློ་བ། རྒྱ་བཟའ་གོང་ཞོལ་གཉིས། སྟོད་པ། ག་རྒྱ། གདའ་ཚང༌། གཡག་གསར། སྡེ་མང༌། ཨོའི་རྒྱ་སོགས་ཀྱི་མི་མང་རྣམས་ཨོའི་རྒྱའི་དཔོན་པོ་སྐར་སྐྱབས་སོགས་ཀྱིས་འགོ་ཁྲིད་ནས་རྒྱ་དམར་ལ་དྲག་པོའི་ངོ་རྒོལ་བྱས། ད་དུང་བོང་སྟོང་གོང་མ། བཀྲ་ཚ། གཡོན་རུ། གཡོན་གཞིས། རྟ་བོ། དམེ་ཚང༌། སྒོམ་མེ། བན་རྒྱ། རོང་བོ། བློན་ཆེ་སོགས་ནས་རང་འདུས་བྱས་པའི་བོད་མི་ཁྲི་ཕྲག་ཁ་ཤས་བཅས་མཉམ་དུ་བཅུ་པར་རྫ་རྒན་དང༌། སྐྱ་མོ་དམར་མོ་ཞེས་པའི་རི་སུལ་རྣམས་སུ་ཡིབ་ནས་ཟླ་ཁ་ཤས་བསྡད། ཉིན་གཅིག་རྒྱ་དམར་གྱི་གནམ་གྲུ་གཉིས་མཐོ་ས་ནས་ཁོང་ཚོའི་ཐད་དུ་འཁོར་ཏེ་ཕྱིར་སོང༌། དེའི་ཕྱི་ཉིན་ཞོགས་པ་སྔ་མོ་ནས་ཉེ་འཁོར་གྱི་རི་རྩེ་ནས་ཁ་དོག་དམར་པོ་དང་ལྗང་གུ་ལ་སོགས་པའི་བརྡ་སྟོན་མེ་མདའ་སྣ་ཚོགས་འཕངས་པ་དང་ཕྱོགས་ཕྱོགས་ནས་མེ་མདའ་མེ་སྒྱོགས་བརྒྱབ་པ་དང༌། ནམ་མཁའ་ནས་གནམ་གྲུ་ཁ་ཤས་ཆེས་དམའ་རུ་བཏང་ནས་མེ་མདའ་སྤག་སྤག་བརྒྱབ་པ་དང༌། འབམ་མང་པོ་གང་བྱུང་དུ་གཡུགས་པ་དང༌། བསྟུད་མར་ཉིན་གསུམ་གྱི་རིང་ས་གནམ་གཉིས་ཀ་ནས་བརྒྱབ་པས་ས་གཞི་རོ་ཡིས་གང་ཞིང༌། ཁྲག་དམར་གྱི་ཆུ་རྒྱུན་ན་ཆུ་དང་འདྲེས་ཏེ་ལུང་བའི་མཐིལ་དུ་ཁྲག་གི་ཆུ་ཀླུང་ཆེན་པོ་ཞིག་ཝུ་བ་སོབ་སོབ་བཞུར་གྱིན་འདུག ཚོད་དཔག་བྱས་པ་ལྟར་ན། ཐེངས་གཅིག་པོ་དེར་བོད་མི་དྲུག་སྟོང་ལྷག་དམར་གསོད་བྱས། ཨོའི་རྒྱ་ཟེར་བའི་ཤོག་ཁ་དེར་ཁྱིམ་ཚང་སྟོང་རུ་གཅིག་ཡོད་པའི་ཤུལ་ནས་ཁྱིམ་ཚང་བདུན་ཅུ་མ་གཏོགས་མ་ལྷག་པར་ཁྱིམ་ཚང་དགུ་བརྒྱ་དང་སུམ་བཅུའི་མི་རྒྱུད་རྩ་བ་ནས་བཅད་དེ་སྟོང་བར་གྱུར། དམར་གསོད་ཆེན་མོ་དེའི་ནང་ཨོའི་རྒྱའི་དཔོན་པོ་སྐར་སྐྱབས་དང༌། བན་རྒྱའི་དཔོན་པོ་མཐར་ཕྱིན། ཨ་ལགས་ར་རྒྱ། དཔོན་པོ་སེར་འགོག་ལྷ་ཚེ། རྒྱ་སའི་དགེ་བཤེས། རྒྱ་སའི་ཨ་ཉ། རྒྱ་སའི་བཤད་སྒྲུབ། ཐུང་བ་གདུགས་དཀར། ལོ་བའི་ཨ་ཇེ་སྲས་ཆེན། ཨ་ཁུ་དཀོན་མཆོག ཨ་ཁུ་ཏེ། གཙང་རྒན་སྤྲུལ་སྐུ། རྫོང་སྔོན་སྤྲུལ་སྐུ་སོགས་བཀྲོངས་པ་རེད། ད་དུང་རྟ་ནོར་ཁྲི་ཕྲག་དྲུག་ཙམ་བསད། ས་ཆ་དེར་རི་ལུང་ཚང་མ་རོ་ཡིས་གང་སྟེ་བྱ་རྒོད་དང་གཅན་གཟན་གྱིས་ཀྱང་ཟ་མ་ཐུབ་པར་ལོ་མང་པོའི་རིང་རོ་རུལ་གྱི་དྲི་ངན་ག་ས་ག་ལ་ཁྱབ་འདུག ལུང་པ་དེ་དག་ནས་ཐོན་པའི་ཆུ་བོ་རྣམས་ནི་ལོ་གསུམ་བཞིའི་རྗེས་སུ་ཡང་རོ་རུལ་གྱི་དྲི་མ་ཁ་བས་ཟོག་ལུག་གིས་ཀྱང་མི་འཐུང༌།
ཐེངས་དེར་མི་རོའི་གསེབ་ནས་སྲོག་ཐར་པའི་ཚེ་ཆེ་གེ་མོས་བཤད་པར། ཕོ་མོ་རྒན་གཞོན་མེད་པར་མཐོང་ཚད་བསད་པའི་རོའི་གསེབ་ན་བྱིས་པ་དམར་འབྱར་རེ་གཉིས་ཀྱིས་ཁྲག་གི་ནང་དུ་འགྲེ་ལོག་བྱེད་བཞིན་མའི་རོ་ལ་འཐམ་ནས་ད་དུང་ནུ་མ་འཇིབ་བཞིན་ཡོད་པ་རྒྱ་དམག་གིས་མཐོང་བས་དེ་མ་ཐག་མེ་མདའི་རྩེ་གྲིས་བསྣུན་ཏེ་ཅི་ཡང་མི་ཤེས་པའི་ཕྲུ་གུ་དམའ་འབྱར་དེ་ཚོ་ཡང་བསད། ཁོ་རང་ནི་རོའི་གསེབ་ཏུ་ཤི་རྫུ་བྱས་པས་སྲོག་ཐར་ཙམ་བྱུང་ཟེར།
གོང་གསལ་གྱི་གནས་ཚུལ་དེ་དག་ནི་ཐེངས་དེའི་དམར་གསོད་ནང་ནས་སྲོག་ཐར་པའི་བོད་མི་བསམ་ཆེ་གེ་མོ་དང༌། ཚེ་ཆེ་གེ་མོ་གཉིས་ཀྱིས་དྲན་གསོ་བྱས་པ་ལྟར་བྲིས་པ་ཡིན།
སྐབས་དེའི་གནས་ཚུལ་ལ་དྲན་གསོ་ཞིག་བྱས་དུས། ལོ་ལྔ་བཅུའི་གོང་དུ་ཧིས་ཀྲི་ལར་གྱིས་འཇུའུ་མི་རིགས་ཡུའུ་ཐའེ་མི་རིགས་དམར་གསོད་བཏང་བ་དང༌། རྒྱ་དམར་ཁོ་རང་ཚོས་རྟག་པར་བཤད་བཞིན་ཡོད་པའི་ཉི་ཧོང་གིས་རྒྱ་ནག་མི་དམངས་དམར་གསོད་བཏང་པ་དང་བསྡུར་ན་མི་གྲངས་ཀྱི་ཁྱད་པར་ཙམ་མ་གཏོགས་ངོ་བོའི་ཆ་ནས་ཁྱད་པར་ཅུང་ཟད་ཀྱང་མེད་པར་མ་ཟད། ད་དུང་རྒྱ་དམར་གྱིས་རྟག་པར་ཉི་ཧོང་གིས་རྒྱ་ནག་ལ་བསད་ཚར་བ་དང༌། སྲེག་ཚར་བ། འཕྲོག་ཚར་བ་སྟེ་ཚར་བ་གསུམ་གྱི་སྲིད་བྱུས་ལག་བསྟར་བྱས་པ་རེད་ཅེས་བཤད་བཞིན་ཡོད་པ་དེ་དག་གི་ནང་ན་བོད་ནང་དུ་ལག་བསྟར་མ་བྱས་པ་སྣ་གཅིག་ཀྱང་ཡོད་པ་མ་རེད།
(གསལ་བཤད། བདེ་ཆེན་སྒྲོལ་མས་ཨ་ལགས་ཙ་ཡུས་སམ་བསྟན་འཛིན་དཔལ་འབར་ལགས་ཀྱི་ཕྱག་དེབ་”ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་”ཟེར་བ་ལས་འདིར་དྲངས།)
གནད་དོན་ཞིག་ཁོལ་དུ་ཕྱུངས་ནས་འདིར་དྲངས་བར་དགའ། ཐུགས་རྗེ་ཆེ་ཞུས་པ་ཡིན།
ཐུགས་རྗེ་ཆེ་སེམས་འགུལ་ཐེབས་པར་ཕན་སོང་ལ་དངོས་ཡོད་གནས་ཚུལ་འདི་རིགས་་མ་འོང་པའི་སོན་རྩ་ཚོས་ངེས་པར་ཤེས་དགོས
ཨ་ལགས་ཙ་ཡུས་ཚང་གི་དཔེ་དེབ་འདིར་ཁོ་བོ་སྔར་མཇལ་མྱོང་། འཇལ་ནས་ཡིད་སྨོན་སྐྱེ་མྱོང་། ནང་མི་རྒན་རྒོན་དང་ཕ་མའི་བཤད་པའི་སྒྲུང་འདྲ་པོ་ཡིག་ཐོག་ལ་བཀོད་པ་མཐོང་ནས་མི་རིགས་ཞིག་གི་ལོ་རྒྱུས་དང་དྲན་པར་རམ་འདེགས་བྱས་འདུག་བསམས། ལོ་རབས་ང་བཅུའི་ཡ་ང་བའི་གནས་ཚུལ་སྐོར་ལ་བྲིས་པའི་དེབ་སྔ་ཤོས་ཞིག་རེད། དེའི་སྐབས་རྒྱ་དམག་གིས་བོད་ཀྱི་ཚོ་ཁག་རེར་འཐབ་འཛིང་བྱས་པའི་དམར་དམག་གི་ས་ཁྲ་སོགས་དེབ་ནང་བཀོད་འདུག ནང་ལོག་ནས་ཁག་མེད། ཡིན་ནའང་ཕྱི་ཕྱོགས་ནས་ལོ་རབས་འདིའི་སྐོར་ལ་དེབ་འདི་འདྲ་བ་མང་པོ་འདོན་ཐུབ་ཀྱི་མེད་པ་ཅི་ཡིན་ན་བསམ་མྱོང་། རྡ་སའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ནང་ཁ་ཤས་ཞིག་བཏོན་ཡོད་སྲིད།
ང་ཚོའི་བོད་པ་ཚང་གི་ལོ་རྒྱུས་སྨྲ་རྒྱུན་ཁྲོད་ལོ་རབས་ང་བཅུ། དྲུག་ཅུ་དང་བདུན་ཅུ་སོགས་ཁུ་སིམ་མེར་བཞུར་འགྲོ་གི་ཡོད། དེ་འདྲ་ཡིན་དུས་མ་འོངས་པར་ང་ཚོའི་མི་རིགས་ཀྱི་དྲན་པར་སྟོང་ཆ་འམ་ཨུ་ཁུང་མང་པོས་གཙེ་ངེས། རྒྱལ་ཁབ་ཞིག་གསར་བཟོ་འམ་བསྐྱར་བཞེངས་བྱེད་ན་འདས་ཟིན་པའི་ཐུན་མོང་གི་སྐྱིད་སྡུག་རྒྱལ་ཕམ་འདྲ་མིན་དྲན་གསོ་བྱེད་ཐུབ་པ་འདི་ཆ་རྐྱེན་གཙོ་གྲས་ཞིག་ཆགས་ཡོད། དེར་བརྟེན་བོད་ནང་བཙན་གྱིས་ཁ་བསུམ་ཡང་བསུམ་ཐུབ་ཀྱི་མེད་དུས་ང་ཚོས་བྱེས་པ་རྣམས་རང་འགུལ་གྱིས་རང་ཁ་མཙུམ་མི་ཉན་སྙམ། ཁུ་སིམ་པའི་ལོ་རྒྱུས་ཀྱི་དུས་སྐབས་འདི་སྤྱི་ཚོགས་ཚན་རིགས་དང་། རྩོམ་རིག རྒྱུ་རྩལ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དཀྲོག་ན། མ་འོངས་པའི་ང་ཚོའི་མི་རིགས་ལ་དྲན་པའི་ངར་ཆུ་ལྡུད།
རྒྱ་དམར་གུང་ཁྲན་ཏང་ལ་ངོ་ཚ་ཞིག་ཡོད་ན། བཅིང་འགྲོལ་དམག་མི་ལ་བྱམས་དང་སྙིང་རྗེ་ཡོད་ལུགས་བཤད་པ་ནི་གོང་གི་གནས་ཚུལ་འདི་དག་དང་བསྡུར་ན་ག་འདྲ་ཆགས་སོང་། རྒྱ་དམར་ཁྱི་རྒན་འདི་ཚང་གིས་ད་དུང་བོད་མི་རིགས་རྩ་མེད་བཟོ་བཞིན་པ་ཡིན། བོད་པ་ཚོ་ལོངས་ཤོག ཤི་ན་བོད་པའི་འདྲེ་དང་། གསོན་ན་བོད་པའི་མི་ཞིག་བྱེད་རྒྱུ་ལས་ལྷག་མི་འདུག བོད་པའི་མི་རབས་གསར་པ་ཚོས་ངེས་པར་དུ་གནས་ཚུལ་འདི་དག་ཤེས་དགོས།
རྒྱ་དམར་འདི་ཚོ་ལ་ཞེན་པ་གཏིང་ནས་ལོག་གི་འདུག གུང་ཁྲན་ཏང་མེད་ན་བོད་གསོན་ཐབས་མེད་པ་ལྟ་བུ་ཁ་ནས་ཇི་ལྟར་ཐོན་པ་ཡིན་ན། ལག་དམར་བ་འདི་ཚོ་ཐེར་འདོན་རབ་དང་རིམ་པ་བྱས་ནས་འཛམ་གླིང་འདིའི་སྟེང་དུ་དམར་རྗེན་དུ་འདོན་དགོས། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་དཔེ་ལྟར་བོད་མི་རིགས་སྟོབས་ཆུང་ཡང་བདེན་དོན་ཡོད་པས་སེམས་ཤུགས་ཆགས་དགོས་དོན་མེད། ཀི་ཧི་ཧི་ཧི། བོད་རྒྱལ་ལོ།
སོག་པོའི་སྨན་ཆགས་བསོད་ཁོའི་བུ་དང་སྐྱིའི་བསམ་ཁོ་སོགས་དཔའ་བོ་སྐོར་ཞིག་ཅེས་པའི་སྐྱིའི་བསམ་ཁོ་ནོར་འདུག། སྤྱི་བའི་བསམ་ཁོ་རེད། ཁོ་མདའ་ཚན་གྱི་མི་ཚང་ཕྱུག་པོ་སྤྱི་བ་ཚང་གི་མག་པ་རེད། དེ་བས་བླ་བྲང་འཇིགས་མེད་ཀྱིས་སྤྱི་བའི་བསམ་ཁོ་དང་ཨ་ལགས་ཙ་ཡུས་ཀྱིས་སྐྱི་བའི་བསམ་ཁོ་ཞེས་བཀོད་འདུག ཁོའི་སྐྱེས་དམན་སྤྱི་བའི་མགོ་ལོ་ད་ལྟ་ད་རུང་ཡོད་རེད། ལོ་དགུ་བཅུར་སླེབས་ལ་ཉེ། མོས་བཤད་ན། སྤྱི་བ་ཐོགས་དོན་ནི་ཁོང་ཚང་གི་ཨ་མྱེས་ཡང་མྱེས་ཤིག་ནས་མདའ་ཚན་སྤྱི་བ་བྱས་པ་ནས་མིང་དེ་ལྟར་ཐོགས་པ་རེད་ཟེར།
མདའ་ཚན་དུ་སྤྱི་བའི་བསམ་ཁོ་མི་ཟེར་བར་ཨ་གེའི་བསམ་ཁོ་ཟེར། ཁོ་མདའ་ཚན་གྱི་ཐུ་མེད་ཨ་གེ་ཚང་ནས་ཡིན་པས་རེད།
མདའ་ཚན་གྱིས་རྒྱ་རྒོལ་ཐེངས་གཉིས་བྱས་པ་ལས། ཐེངས་དང་པོ ༡༩༥༦ ལོ་རེད། དེའི་སྐབས་མདའ་ཚན་གྱི་སྐྱེས་ཕོ་མོ་བདུན་ཅུ་ཁ་ཤས་བསད་སྐད། ལྷག་པར་དུ་ཨ་གེ་ཚང་གི་ཕོ་ཤུལ་བཅད་ནས་ཕལ་ཆེར་མོ་ཤུལ་ལ་ཐུག་པ་རེད།
མདའ་ཚན་ལ་དེ་སྐབས་དཔའ་བོ་སྐད་གྲགས་ཅན་མང་བོ་བྱུང་བའི་ནང་། བླ་བྲང་འཇིགས་མེད་ཀྱིས་བྲིས་པ་ལྟར། ཨ་གེ་ཚང་ནས་ལོ་ན་གཞོན་པའི་སྐབས་ལོ་སྔོ་རིལ་བྱུང་བ་རེད། ཡིན་ནའང་ཁོའི་ལོ་རྒྱུས་དེར་གསལ་ཁ་བཟོ་དགོས་པ་ཁ་ཤས་ཤིག་འདུག་སྙམ། དེབ་དེའི་ནང་། ་་ལོ་ན་ཆུང་བ་སྐལ་ལོ་སྔོ་རིལ་ཞེས་པའི་དཔའ་བོ་དེས་རྒྱ་དམག་དང་རྒོལ་འཛིངས་ཤུགས་ཆེན་བྱས་ཤིང་། མཐའ་མར་བཙན་དཀར་ཟེར་བའི་རི་མགོ་དེར་ཉིན་གང་རྒོལ་འཛིངས་ཆེན་པོ་བྱས་གཤིས་དགྲ་བོ་མང་བོ་བསད་དེ་མགོ་ལག་རྣམས་ཚུར་འཕྲོག་ཏེ་ད་དུང་རྒོལ་འཛིངས་མུ་མཐུད་བྱས་སྟབས་རང་རིགས་འབྲོག་མི་རྣམས་ཐང་ཆད་ནས་ངལ་གསོ་བརྒྱབས་བསྡད་ཡོད་པའི་སྐབས་དེར་རྒྱ་ནག་གིས་རྒྱབ་ཕྱོགས་ནས་མེ་འཕེན་བྱས་ཏེ་དཔའ་བོ་སྐྱབས་ལོ་སྔོ་རིལ་སྲོག་སྐྱོན་ཤོར་བྱུང་བ་རེད།་་ ཅེས་དང། ཡང་མར་ཕྱོགས་ན་ ་་རྒྱ་མིས་ངན་བྱས་ངོ་འཁྱེར་ལྟར་བཙན་དཀར་ཐོང་འོག་ཏུ་གནས་ཚུལ་ཇི་བྱུང་སྐོར་གློག་བརྙན་བཟོས་ཏེ་འགྲེམས་སྟོན་བྱས་པ་དང་། གློག་བརྙན་དེའི་ནང་སྐལ་ལོ་སྔོ་རིལ་སོགས་ཀྱི་སྐོར་ཞིབ་རྒྱས་བཀོད་ཡོད་པ་རེད་་ ཅེས་སོགས་གསལ།
འགའ་རེས་བཤད་ན་ཨ་གེ་བསམ་ཁོ་དེའི་སྐབས་རྒྱུགས་མ་ཐུབ་པ་རེད་ཟེར། འགའ་རེས་བཤད་ན་མ་རྒྱུགས་པ་རེད་ཟེར། གང་ལྟར་
༡༩༥༨ལོར་ཐེངས་གཉིས་པའི་ཟིང་འཁྲུག་སྐབས་རྒྱ་དམག་གི་མདའ་རའི་ཐོག་ཐེངས་སྔ་ཕྱིར་མེ་མདའི་མགོར་བརྒྱུགས་ཏེ་དཔའ་བོའི་ལོ་རྒྱུས་རྗེས་སུ་བཞག་ནས་གཡུལ་ངོར་བསད་སྐད། དེའི་སྐོར་བླ་བྲང་འཇིགས་མེད་ཀྱིས་མང་པོ་ཞིག་བྲིས་འདུག་ཀྱང་དེ་ལའང་གསལ་ཁ་བཟོ་དགོས་པ་འགའ་ཤས་ཤིག་ཡོད་པ་འདྲ།
བོད་མི་རིགས་བླ་སྲོག་གཙོ་བོར་འཛིན་པའི་དཔའ་བོ་དེ་ཚོ་ལ་སྙིང་ཐག་པ་ནས་གུས་འདུད་ཞུ།
ཁོང་རྣམས་སླར་མི་རུ་སྐྱེས་ནས་དྲང་བདེན་གྱི་རྣམ་ཐར་སྐྱོང་བའི་སྐྱེ་བོ་དམ་པ་ཞིག་ཏུ་འགྱུར་བར་སྨོན།
བོད་རྒྱལ་ལོ།། དྲང་བདེན་རྒྱལ་ལོ།།
ཨ་རོགས་མདའ་ཚན་པ། བླ་བྲང་འཇིགས་མེད་ཀྱིས་མི་སྣ་འདིའི་སྐོར་ལ་དེབ་ཅིག་བྲིས་འདུག་གམ་ལོ་རྒྱུས་སྒྲུང་ཐུང་ཅིག་དུས་དེབ་སོགས་སུ་བྲིས་བ་རེད་དམ། རྩོམ་དེའི་ཁ་བྱང་ཅིག་འབྲི་རོགས།
དུས་སྐབས་དེར་དཔའ་བོ་འདི་ཚོ་མང་ཆེ་བ་རང་རང་སོ་སོའི་སྡེ་དོན་ཚོ་དོན་ཆེད་བརྒྱུགས་པ་ལས་རྒྱལ་ཁབ་ཀྱི་འདུ་ཤེས་ཞེ་དྲག་སླེབས་མེད་སྙམ། ཡིན་ནའང་ཆོས་ལུགས་ཀྱིས་སྐུལ་སློང་གང་འཚམས་བྱས་ཡོད་ལ། མི་རིགས་གཞན་ཞིག་ལ་འཐབ་འཛིང་བྱེད་ཀྱི་ཡོད་པའི་ཚོར་བ་དེས་འང་སྐུལ་ལྕགས་ཐེབས་ཡོད། ད་ལྟ་ང་ཚོས་འདས་ཟིན་པའི་ལོ་རྒྱུས་འདི་དང་འདི་འདྲ་བར་ཕྱིར་འདང་བརྒྱབ་ནས་སྤྱི་བསྡོམས་ཞིག་བྱས་ན་བོད་མི་མང་ཀྱི་ཐུན་མོང་གི་ཉམས་མྱོང་ཞིག་ཆགས་འགྲོ་གི་ཡོད། ཐུན་མོང་གི་ཉམས་མྱོང་འདིས་རིག་གཞུང་། སྐད་རིགས། ས་བབས། ཡུལ་སྲོལ། གོམས་གཤིས་ལྟར་བོད་པ་ཚང་གི་སྤྱིའི་འདུ་ཤེས་དང་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་ཐེབས་ཀྱི་འདུག དེ་འདྲ་ཡིན་ཙང་མི་རིགས་ཞིག་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་ལག་ཆ་ཡ་མེད་ཞི་རེད་གདའ།
མདོ་དབུས་ཁམས་གསུམ་གྱི་དྲ་གྲོགས་ཚང་མས་དུས་སྐབས་འདིའི་རིང་སོ་སོའི་ཡུལ་ལུང་དུ་རྒྱ་དམག་དང་གཡུལ་འཁྲུག་བྱས་པའི་གནས་ཚུལ་སོགས་མི་མཐུད་དུ་འབྲི་རོགས། སྒྲུང་རིང་ཐུང་ཅི་ཡོད་བཤད་རོགས། ཁ་དྲོ། བཀྲ་ཤིས་ཚོ།
བླ་བྲང་འཇིགས་མེད་ཀྱིས་ ་་བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲེལ་བའི་འབེལ་གཏམ་ཆོས་སྲིད་གསལ་བའི་མེ་ལོང་་་ ཞེས་པ་ཞིག་བྲིས་འདུག
དེ་ནི་གཙོ་བོ་འཇམ་བཞད་སྐུ་ཕྲེང་རིམ་བྱོན། བླ་བྲང་གི་གྲྭ་ཚང་ཁག ཞིང་འབྲོག་གི་འཚོ་བ་རོལ་སྟངས། མྰ་ཇག་ཚང་ལ་དམག་རྒྱབ་པའི་ལོ་རྒྱུས་སོགས་བླ་བྲང་དང་འབྲེལ་ཡོད་རྐྱང་རྐྱང་རེད། ས་ཆ་འགའ་རེ་ནས་གུང་ཇག་ལ་དམག་རྒྱབ་པའི་སྐོར་ཡང་ཅུང་ཟད་བྲིས་འདུག
བླ་བྲང་འཇིགས་མེད་ཆུང་ཆུང་སྐབས་ནས་ད་ལྟ་རྒྱ་གར་གྱི་ཨ་མདོ་བ་ཚོས་ཕལ་ཆེར་མི་ཤེས་མཁན་མེད་པའི་འཇམ་བཞད་སྐུ་གོང་མའི་ཕྱག་མཛོད་མདའ་ཚན་གྱི་ཨ་ཁུ་དཀོན་མཆོག་གམ་ཁ་ཤོ་ཙི་གེའི་ཞབས་ཞུ་བ་བྱས་ནས་མདའ་ཚན་ལ་ཡོང་མྱོང་ཡོད་པ་དང་། ཨ་ཁུ་དཀོན་མཆོག་གི་སྟབས་ཀྱིས་ཁོ་ད་ལྟའང་ཐུ་མེད་ཨ་གེ་ཚང་ལ་རང་གི་ཉེ་ས་ཞིག་ནང་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། དེ་བས་མདའ་ཚན་གྱིས་རྒྱ་རྒོལ་ཟེར་བ་མ་གཏོགས་གཙོ་བོ་ཨ་གེ་བསམ་ཁོ་དང་སྐབས་ལོ་སྔོ་རིལ་གཉིས་ཀྱི་སྐོར་བྲིས་འདུག་ཀྱང་རྗེས་མ་གསལ་ཁ་བཟོ་དགོས་པ་ཁ་ཤས་ཤིག་ཡོད་པ་འདྲ།
ད་གསལ་བཤད་གཅིག་ནི་སྐབས་ལོ་སྔོ་རིལ་གྱིས་རྒྱ་དང་འཛིངས་ནས་སྐད་གྲག་འཇོག་སྐབས་ཀྱི་མེ་མདའ་དེའང་ཨ་ཁུ་དཀོན་མཆོག་ལྷ་སར་མ་ཕྱིན་སྔོན་ཉོས་ནས་སྤྲད་པ་རེད། མི་གཞན་པས་མེ་མདའ་དེར་འབྲི་བཅུ་སྟེར་དགོས་ལབ་ཀྱང་བཙོང་མི་འདུག རྒྱུ་མཚན་ནི་དངུལ་ར་ལྷ་སྡེའི་ཕྱོགས་ཀྱི་དཔའ་བོ་གྲགས་ཅན་དབང་རྒྱལ་ཐོད་སྐོ་ཚང་ལ་རྒྱ་རྩོད་རྒྱུ་ཡོད་པས་ཡིན་འདུག ཕ་ཤ་རྩོད་པའི་ཆེད་དུ་རིལ་བུ་མང་པོ་ལས་དགོས་པ་དང་། བསང་མང་པོ་ཕུད་དགོས་པའི་བཅའ་བ་རིམ་གྲོ་མང་པོ་ཞིག་ཡོད་པ་ཚང་མ་གྲུབ་ནས་སང་རྒྱུགས་གནང་རྒྱུགས་བྱས་བསྡད་ཡོད་པའི་སྐབས་ཤིག་ལ་རྒྱ་གུང་ཁྲན་སླེབས་ནས་ཡར་འཇོག་བྱས་འདུག ཨོྃམཎི་པདྨེཧྰུྃ
ཨ་ཁུ་འཇིགས་མེད་ཀྱི་དེབ་དེ་པར་སྐྲུན་ལས་རིམ་ཁྲོད་ངེད་གཉིས་ངོ་ཤེས་གྲོགས་པོ་ཆགས་སོང་བས། ནམ་རྒྱུན་ཁོང་གིས་ཀེ་ཚེའི་མོ་མོ་རེ་བཟོ་དུས་ང་རང་སྐད་གཏོང་གི་རེད། དེ་དུས་ངེད་གཉིས་ཀྱིས་ལ་ལུང་གི་ཁ་བརྡ་བྱེད་མྱོང་། དེབ་དེའི་ནང་དུ་ཡོད་པ་ལྟར། ཁོང་ཚོ་སྔོན་མར་ལྷ་སར་ཡོང་དུས་ཀྱི་ལམ་ཁ་ཞིག་ནས་ཤ་སྦྲང་ཟེར་བའི་འབུ་སྲིན་གཤོག་ཐོགས་སྐོར་ཞིག་ཡོང་ནས་ཁོ་ཚོའི་རྟ་རྒན་ཚོའི་མཇེ་མགོར་སོ་བཏབ་པས། རྟ་རྒན་ཚོ་འདྲོགས་ནས་ས་ལྡིང་གནམ་ལྡིང་བྱས་པའི་སྐོར་དེ་ལས་གད་མོ་བྲོ་བ་ཞིག་མེད། ངའི་ཁུ་བོ་ཞིག་ང་བརྒྱད་ལོར་བྲོས་ཤོར་གྱིས་རྡོ་རྗེ་གླིང་དུ་ཡོང་ནས་བསྡད་པ་དང་ཨ་ཁུ་འཇིགས་མེད་གཉིས་གྲོགས་པོ་རེད་འདུག་པས། རྒྱུ་མཚན་དེ་ཡང་ཨ་ཁུ་འཇིགས་མེད་ངེད་གཉིས་གྲོགས་པོ་ཉེ་བོ་ཆགས་པའི་ཆ་རྐྱེན་ཞིག་ཏུ་གྱུར་སོང་།
ཨ་ཁུ་འཇིགས་མེད་ཀྱི་དེབ་དེར་ཞུ་དག་གཏོང་མཁན་ཀླུ་སྨྱོན་ཁྱེད་རང་དང་ཧོར་གཙང་འཇིགས་མེད་གཉིས་རེད། ད་རུང་ཡིག་ནོར་སྐོར་ཞིག་ལྷག་འདུག ཆབ་བྲག་ཕོ་ཉའི་ཨ་ཞང་ཨ་ལགས་ནོ་ཡོན་ཚང་ལ་ནོར་ཡོན་ཚང་ཟེར་ནས་བྲིས་ཡོད་བསམས་སོང་། ནོ་ཡོན་གྱི་མཚན་འདི་མདོ་སྨད་ཆོས་འབྱུང་ནང་ཡང་སེ་མཐོང་རྒྱུ་ཡོད་པ་རེད། སོག་སྐད་དེ་དཔོན་པོའི་དོན་ཡིན་སྐད།