ཤེས་རིག བྱ་གཞུང་དཔལ་ལྡན་རྡོ་རྗེ།
(རྩོམ་ཡིག་འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་སྒྲིག་འཛུགས་གང་ཞིག་གི་ལྟ་བ་མཚོན་མེད།)
ཉེ་བའི་ལོ་འགའི་སྔོན་ནས་ནུབ་ཕྱོགས་སུ་གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་བོད་ཀྱི་རིག་གཞུང་དང་། འདུ་ཤེས་འཛིན་སྟངས། བོད་མིའི་ངོ་བོ་རྒྱུན་འཛིན། བོད་ཀྱི་སྐད་ཡིག་གི་བྱང་རྩལ་ཡར་རྒྱས་བཅས་ཀྱི་ཐད་ལ་བསམ་ཚུལ་དང་། དགོངས་སྐོར། དོགས་འདྲི་བཅས་རིམ་པ་མང་པོ་ཞིག་སླེབས་ཡོད་ལ། དེ་དག་ལས་བསམ་ཚུལ་ཆེས་མངོན་གསལ་དོད་ཤོས་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་ཚང་མ་མཉམ་འབྲེལ་བྱས་ཏེ། བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་དམིགས་ཚད་གཅིག་ལ་སླེབས་པར་ངེས་པར་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྐང་འགན་ཁུར་དགོས་པའི་དགོངས་ཚུལ་དེ་རེད།
འདས་པའི་ལོ་ངོ་དེ་དག་གི་ཉམས་མྱོང་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མ་འོངས་སྔོན་དཔག་གི་དཔྱད་ཞིབ་ནང་། ཕྱི་ལོ་ ༢༠༢༠ ཡས་མས་ནས་བཙན་བྱོལ་བོད་མི་ཕྱེད་ལྷག་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱ་རྒྱུ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་འགྲོ་དགོས་སྐོར་གསུངས་ཡོད།
བོད་ཕྲུག་དེ་དག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་པ་རྒྱུན་འཛིན་ཡོང་ཐབས་བྱ་རྒྱུ་དེ་ནི་འབྲེལ་ཡོད་སྒྲིག་འཛུགས་ཁག་གི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན། འདིའི་ཐད་ད་ལྟ་ནས་འགོ་འཛུགས་ཀྱིས་ལས་རིམ་སྒྲིག་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད།
དེར་བརྟེན། སྔ་ལོར་ཤེས་རིག་ལས་ཁུངས་ནས་ནུབ་ཕྱོགས་སུ་གནས་བཞུགས་བོད་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཡར་རྒྱས་ཆེད་སྐད་ཡིག་གཉིས་པའི་ལམ་ནས་བོད་སྐད་སློབ་ཐབས་ཀྱི་ལས་འཆར་ཞིག་བསྒྲིགས་ཡོད། སྔ་ལོའི་ཕྱི་ཟླ་ལྔ་པའི་ནང་དེ་ཐད་ལ་སྐུ་ཚབ་དོན་གཅོད་ཁང་ཁག་བརྒྱུད་གསལ་བསྒྲགས་ཀྱང་མི་ཉུང་བ་ཞིག་བསྐྱངས་རྗེས་བྱང་ཨ་རི་དང་། ཡུ་རོབ། སུད་སི་བཅས་ནས་བོད་སྐད་སློབ་ཐབས་སྐོར་ལ་ཚོགས་འདུ་ཡང་རིམ་པ་འགའ་ཤས་འཚོགས་པ་མ་ཟད། དེ་སྐོར་ལ་གྲོས་ཆོད་ཀྱང་བཞག་འདུག དེ་ཐད་ཤེས་རིག་ལས་ཁུངས་ནས་ལས་འཆར་དེ་བང་རིམ་བསྒྲིགས་ཏེ་ལག་བསྟར་བྱེད་བཞིན་ཡོད་པ་རེད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་ནུབ་ཕྱོགས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་པར་གོ་རིམ་ལྡན་པའི་འཆར་འགོད་(Systematic Planning) བྱ་རྒྱུ་དང་། བོད་ཀྱི་སྐད་ཡིག་དེ་སྐད་ཡིག་དང་པོ་དང་སྐད་ཡིག་གཉིས་པའི་ཐོག་ནས་བསླབ་ཐབས་མི་འདྲ་སའི་གནད་དོན་གང་དུ་ཡོད་མེད་དང་། དགོས་དོན་ཅི་ཞིག་ཡིན་མིན། སྐད་ཡིག་གཉིས་པའི་ཐོག་ནས་བསླབ་ཐབས་ཀྱི་རྣམ་གཞག་(Theory) བཅས་གཞི་རིམ་གྱི་ལྟ་བ་དང། སྒོས་སུ་ནུབ་ཕྱོགས་བོད་ཕྲུག་ཚོའི་གནས་སྟངས་ལ་འཚམ་པའི་བསླབ་གཞི་བཟོ་འགོད།(Curriculum Development) སློབ་ཁྲིད་ཐབས་ལམ་གསར་གཏོད།(Teaching Methods) ཐབས་ལམ་གྱི་རྣམ་བཤད་ཕྱོགས་སྒྲིག(Methodology) སློབ་དེབ་དང་སློབ་ཁྲིད་ཀྱི་རྒྱུ་ཆ་རྩོམ་སྒྲིག (Editing Text Books and Study Material) དགེ་རྒན་རྣམས་ལ་སྐད་ཡིག་གཉིས་པའི་ཐོག་བོད་སྐད་སློབ་ཐབས་ཀྱི་འོས་སྦྱོང་། ཕ་མ་རྣམས་ལ་ཁྱིམ་ཚང་ནང་བོད་སྐད་རྒྱུན་འཛིན་ཡོང་ཐབས་ཀྱི་ཟབ་སྦྱོང་བཅས་ལ་འཆར་གཞི་སྒྲིག་དགོས། ཡིན་ནའང་ད་ཡོད་ཀྱི་གནས་སྟངས་ལ་བལྟས་ན་དེ་དག་ཚང་མ་ལག་བསྟར་བྱེད་པར་ད་དུང་དངུལ་རྩ་དང་མི་རྩ་གཉིས་ཀ་ནས་མི་འདང་ནའང་གོམ་པ་དང་པོའི་ཚུལ་དུ་གནད་དོན་ཁ་ཤས་ཤིག་ལག་བསྟར་བྱེད་དགོས་པ་མ་ཟད། ལས་རིམ་དེ་དག་ཕན་ཚུན་འབྲེལ་ཆགས་དང་གོ་རིམ་ལྡན་པ་(Systematically) ཞིག་ཡོང་དགོས།
༡། བསླབ་གཞི་རྩ་འཛིན་བཟོ་འགོད། Curriculum Development
དེང་སྐབས་ཀྱི་ཤེས་ཡོན་ལག་བསྟར་ཁྲོད། གལ་གནད་ཆེ་ཤོས་ནི་བསླབ་གཞི་རྩ་འཛིན་བཟོ་འགོད་བྱེད་རྒྱུ་དེ་ཡིན། བསླབ་གཞི་རྩ་འཛིན་ནང་དམིགས་ཚད་གང་འདྲ་ཞིག་ཏུ་སླེབས་རྒྱུ་ནས་གནས་ཚད་ཅི་འདྲ་ཞིག་ཏུ་སླེབས་རྒྱུའི་བར་དང་། ནང་དོན་ཅི་ཞིག་བསླབ་རྒྱུ་ནས་ཇི་ལྟར་བསླབ་རྒྱུའི་སྐོར་གྱི་ལམ་སྟོན་ཆ་ཚང་ཚུད་ཡོད། དེར་བརྟེན་བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ལམ་ནས་སློབ་ཐབས་ལ་ངེས་པར་དུ་བསླབ་གཞི་རྩ་འཛིན་ཞིག་བཟོ་དགོས། དེས་བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ལམ་ནས་སློབ་ཐབས་ཀྱི་གཞི་རྩའི་ལམ་སྟོན་བྱེད་པ་དང་། སློབ་དེབ་བཟོ་སྒྲིག་དང་སློབ་སྦྱོང་གི་རྒྱུ་ཆ་(Study Materials) འདེམས་སྒྲིག་ལའང་ཐད་ཀར་ལམ་སྟོན་བྱེད་ཐུབ། དེར་མ་ཟད་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྟངས་དང་ཕྲུ་གུའི་སྐད་ཡིག་སྦྱངས་སྟངས་བཅས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་ཐུབ།
ནུབ་ཕྱོགས་ཀྱི་བོད་ཕྲུག་ཚོའི་གནས་སྟངས་ལ་འཚམ་པའི་བསླབ་གཞི་རྩ་འཛིན་ཞིག་བཟོ་བར་ངེས་པར་ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་ཁུར་བའི་འོག བསླབ་གཞི་རྩ་འཛིན་བཟོ་འགོད་ཚོགས་ཆུང་ཞིག་འཛུགས་རྒྱུ་དེ་ཡིན། དེ་ནང་གི་ཚོགས་མི་ནི་ཨ་རི་དང་། ཁེད་ན་ཊ། ཡུ་རོབ། སུད་སི་བཅས་ཀྱི་བོད་དགེ་ཉམས་མྱོང་ཅན་རྣམས་ཡིན་དགོས། ཐོག་མར་གཞི་རིམ་གྱི་ཞིབ་འཇུག་ཆ་ཚང་ཞིག་བྱས་ཏེ། བསླབ་གཞི་རྩ་འཛིན་གྱི་རགས་ཟིན་བཟོ་འགོད་བྱེད་དགོས་ཤིང་། ཞིབ་འཇུག་གི་བརྒྱུད་རིམ་དེའི་ཁྲོད། ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་རིགས་མཐུན་ཚོགས་དང་བོད་མིའི་གནས་སྟངས་སྤྱི་དང་། སློབ་གྲྭའི་མཐུན་རྐྱེན། བོད་སྐད་སློབ་སྦྱོང་གི་དུས་ཚོད། ཕྲུ་གུའི་སློབ་སྦྱོང་གི་གོམས་གཤིས། དགའ་མོས་དགའ་ཕྱོགས། དགེ་རྒན་གྱི་གནས་སྟངས་བཅས་ཕྱོགས་ཡོངས་ཀྱི་གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས།
བསླབ་གཞི་རྩ་འཛིན་བཟོ་འགོད་བྱེད་སྟངས་ཐད་ལ་རྣམ་གཞག་(Theory) མང་པོ་ཞིག་ཡོད་ཀྱང་མདོར་བསྡུས་ན་ཐད་ཀར་བཟོ་འགོད་བརྒྱུད་རིམ་(The Forward Design Process) དང་། ལྟེ་བའི་བཟོ་འགོད་བརྒྱུད་རིམ།(The Central Design Process ) རྒྱབ་ཕྱོགས་བཟོ་འགོད་བརྒྱུད་རིམ་(The Backward Design Process) བཅས་གསུམ་ཡོད་ཅིང་། དེ་དག་ལས་རྒྱབ་ཕྱོགས་བཟོ་འགོད་བརྒྱུད་རིམ་ནི་ང་ཚོའི་གནས་སྟངས་ལ་འཚམས་ཤོས་ཡིན་པ་མ་ཟད། དེང་སྐབས་བསླབ་གཞི་རྩ་འཛིན་བཟོ་འགོད་ཀྱི་རྣམ་གཞག་འདི་ལེགས་ཤོས་ཤིག་དང་དངོས་ཡོད་དང་དམིགས་ཡུལ་གཉིས་ཀ་ནས་ནུས་པ་ལྡན་པ་ཞིག་རེད། ཡོ་རོབ་ཀྱི་སྤྱི་ཡོངས་སྐད་ཡིག་གི་སྒྲོམ་གཞི་(CEFR) དེ་ནི་རྒྱབ་ཕྱོགས་བཟོ་འགོད་ཀྱི་བརྒྱུད་རིམ་ལ་བརྟེན་ནས་བཟོས་པ་ཞིག་རེད།
བསླབ་གཞི་རྩ་འཛིན་བཟོ་བར་གོང་གི་རྣམ་གཞག་རྣམས་ལས་ལེགས་ཆ་སྡུད་ལེན་བྱེད་པ་དང་། ང་ཚོའི་དངོས་ཡོད་ཀྱི་གནས་ཚུལ་ལ་བརྟེན་ནས་ཕན་ཚུན་འབྲེལ་ཆགས་དང་གོ་རིམ་ལྡན་པ་ཞིག་བཟོ་དགོས། དཔེར་ན་དམིགས་ཚད།(Objective) གནས་ཚད། (Level) ནང་དོན།(Theme) སྐད་ཡིག་གི་བྱང་རྩལ།(Language Skills) དུས་ཚོད་(Period) བཅས་རིམ་པ་བཞིན་བཟོ་འགོད་བྱེད་དགོས་ལ། དེ་ཐད་སྐད་བརྡ་རིག་པ་དང། སེམས་ཁམས་རིག་པ། སྤྱི་ཚོགས་དང་རིག་གཞུང་གི་རྐྱེན་བྱེད་བཅས་ལའང་རྒྱུས་ལོན་བྱེད་དགོས།
དེར་བརྟེན། གོ་རིམ་ལྡན་པའི་སྤྱི་ཡོངས་ཀྱི་བསླབ་གཞི་རྩ་འཛིན་གཅིག་གི་འོག་སློབ་དེབ་དང་། སློབ་སྦྱོང་གི་རྒྱུ་ཆ་(Study Materials) མི་འདྲ་བ་བེད་སྤྱོད་བྱེད་ཆོག་པ་དཔེར་ན། བྱང་ཨ་རི་དང་། ཡུ་རོབ། སུད་སི་བཅས་ཀྱི་བསླབ་གཞི་རྩ་འཛིན་གཅིག་ཡིན་ཡང་ས་གནས་ཀྱི་གནས་ཚུལ་ལ་བརྟེན་ནས་སློབ་དེབ་རིགས་ཁ་ཤས་བཟོ་ཆོག་པ་ལྟ་བུ་ཡིན། བསླབ་གཞི་རྩ་འཛིན་དེས་ས་གནས་ཀྱི་སྐད་ཡིག་དང་དངོས་ཡོད་གནས་ཚུལ་ལ་ལྟོས་ནས་སློབ་དེབ་ག་གེ་མོ་གཅིག་གིས་དབང་སྒྱུར་བྱེད་པ་དེ་མེད་པར་བཟོ་གི་ཡོད་པས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནང་གི་ཁ་ཐོར་བོད་མིའི་ཚོའི་དངོས་ཡོད་གནས་ཚུལ་ལ་འོས་འཚམས་ཡིན་ཏེ། བསླབ་གཞི་དེའི་འོག་ཨ་རིའི་བོད་མི་ཚོས་ཨ་རིའི་གནས་ཚུལ་ལྟོས་ནས་སློབ་དེབ་དང་སློབ་སྦྱོང་གི་རྒྱུ་ཆ་བཟོ་ཆོག་པ་དང་། ཡུ་རོབ་ཀྱི་བོད་མི་ཚོས་ས་གནས་དེའི་གནས་ཚུལ་བལྟས་ནས་སློབ་དེབ་དང་སློབ་སྦྱོང་གི་རྒྱུ་ཆ་བཟོ་ཆོག དེར་བརྟེན་འབྲེལ་ཆགས་ཡིན་ལ་དོན་དངོས་མཐུན་པའི་བསླབ་གཞི་རྩ་འཛིན་ཞིག་བཟོ་རྒྱུ་དེ་ལས་རིམ་འདིའི་འགོ་འཛུགས་ལྟ་བུ་བྱས་ཆོག་གོ །
༢། སློབ་སྦྱོང་གི་རྒྱུ་ཆ་རྩོམ་སྒྲིག Editing Study Materials
སློབ་སྦྱོང་གི་རྒྱུ་ཆ་ནང་། སློབ་དེབ་དང་། གཞོགས་འདེགས་སློབ་དེབ། སྦྱོང་དེབ། སྒྲ་ལྡན་ཀློག་དེབ། བརྙན་དེབ། བརྙན་འཁོར། དྲ་ཐོག་སློབ་སྦྱོང་། རྩེད་མོ། དཔྱད་ཞིབ་སོགས་ཚུད་ཡོད། རྒྱུ་ཆ་འདི་དག་གིས་དམིགས་ཚད་ཀྱང་ངེས་ཅན་ཞིག་ཡོད་དགོས་ལ། བསླབ་གཞི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པར་བྱེད་དགོས། སྐད་ཡིག་གི་བྱང་རྩལ་བཞི་དབྱེ་ན་སྐད་ཡིག་ཐོབ་པའི་བརྒྱུད་རིམ་གྱི་འབྲེལ་བའི་ནང་། ནང་འཇུག་(Input) སྟེ་ཉན་པ་དང་ཀློག་པ་གཉིས་དང་། ཕྱིར་འདོན་(Output) སྟེ་ བཤད་པ་དང་འབྲི་བ་བཅས་སུ་དབྱེ་ཞིང་། ངོ་བོའི་ཆ་ནས་དབྱེ་ན་འབྲེལ་ལམ་སྐད་ཡིག་ (Communicative Language) ཏེ་ཉན་བཤད་གཉིས་དང་། བྲིས་རྩོམ་སྐད་ཡིག་(Literary Language) ཏེ་ཀློག་འབྲི་གཉིས་སུ་དབྱེ་བ་ཡིན། དེ་དག་ལས་གང་ཞིག་ཡར་རྒྱས་གཏོང་ཐུབ་མིན་དང་ཇི་ལྟར་གཏོང་མིན་ལའང་ཞིབ་འཇུག་བྱེད་དགོས།
དེས་ན་གོང་གི་དབྱེ་བ་དེ་དག་བརྒྱུད་ནས་རྒྱུ་ཆ་རྣམས་གོ་རིམ་ཡོད་པ་དང་དངོས་ཡོད་ཀྱི་འཚོ་བའི་ནང་བེད་སྤྱོད་ཡོད་པ་ཞིག་བཟོ་དགོས་པ་ཡིན། ལྷག་པར་དུ་བཤད་རྩལ་ཡར་རྒྱས་འགྲོ་བར་ཉན་རྩལ་ཤིན་ཏུ་གལ་ཆེ་བས་དེ་ཐད་དམིགས་བསལ་གྱིས་སྒྲ་ལྡན་ཀློག་དེབ་སོགས་བཟོ་དགོས་ལ། ཀློག་རྩལ་ཡར་རྒྱས་འགྲོ་བར་ཡང་རྒྱུ་ཆ་རྣམས་གནས་ཚད་ཀྱི་རིམ་པ་ལྟར་བཟོ་དགོས་ཤིང་། དབྱིན་ཇི་ལྟ་བུ་ལ་མཚོན་ན་སྤྱི་ཡོངས་སུ། གཞི་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་དང་། ནང་གསེས་རིམ་པ་དྲུག་ཏུ་དབྱེ་སྟེ་རེ་རེའང་ཐ་སྙད་ཀྱི་ཚད་བཀག་རིམ་པ་བཞིན་ཡོད་ལ། དེའི་རྗེས་སུ་སྤྱི་ཡོངས་ཀྱི་དེབ་རིགས་བཅས་ཀློག་པར་དཀའ་ངལ་མེད་པ་རེད། དེ་ལྟར་ཡང་འབྲི་རྩལ་ཡར་རྒྱས་གཏོང་རྒྱུ་དེ་ནི་དཀའ་ངལ་ཆེ་ཤོས་ཤིག་ཡིན་ཡང་དམིགས་ཚད་འབྲིང་ཙམ་དུ་སླེབས་ཐུབ་པ་བྱ་དགོས་སྙམ།
ང་རང་ལྡི་ལི་གསར་བའི་དབྱིན་ཇིའི་རིག་གཞུང་ལྷན་ཁང་(British Council) ནང་སློབ་སྦྱོང་བྱེད་སྐབས་དམིགས་བསལ་གྱིས་ཚོར་སྣང་བྱུང་བ་ཞིག་ནི། སློབ་ཁྲིད་ཀྱི་བརྒྱུད་རིམ་གཅིག་གི་ནང་། སྐད་ཡིག་གི་བྱང་རྩལ་བཞི་མཉམ་དུ་འགྲོ་བ་དེ་དང་། སློབ་དེབ་དང་སློབ་ཁྲིད་ཐབས་ལམ་མཉམ་དུ་ངོ་བོ་གཅིག་དུ་ཡོད་པ་དེ་རེད། དེའི་ནང་དབྱིན་ཇི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཀྱི་ཡོད། ང་ཚོས་དེ་དག་ལས་ཉམས་མྱོང་མང་པོ་ཞིག་ལེན་རྒྱུ་ཡོད་པ་མ་ཟད། སློབ་སྦྱོང་གི་རྒྱུ་ཆ་བཟོ་འགོད་ཐད་ལའང་དཔེ་ལྟ་བྱེད་དགོས་ས་མང་པོ་ཞིག་འདུག དེ་མིན་ཀ་ལི་ཕོར་ནི་ཡའི་མི་མང་སློབ་གྲྭ་ཁག་གི་སྐད་ཡིག་གཉིས་པའི་བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི་དང་། ནེའུ་ཡོག་མངའ་སྡེའི་དབྱིན་ཇི་དེ་སྐད་ཡིག་གཉིས་པའི་ལམ་ནས་སློབ་ཐབས་སོགས་ལས་ཀྱང་ལེགས་ཆ་ལེན་ཆོག་པ་ཡིན།
རྒྱུ་ཆ་དེ་དག་བཟོ་བར་དང་པོ་རྒྱུ་ཆ་དེ་དག་གནས་ཚད་དང་མཐུན་པ། སྐབས་དོན་དང་འབྲེལ་བ། འདེམས་གསེས་མ་ནོར་བ། མྱུར་ལམ་གྱི་སྒོ་ནས་སྦྱངས་བར་ཕན་ཐོགས་ཡོད་པའི་ནང་དོན་རྩོམ་སྒྲིག་བྱེད་དགོས་ལ། དེ་རྗེས་དེ་དག་སྒྲ་འཇུག་དང་། བརྙན་སྡེར། ཀློག་དེབ། རྩེད་མོ་ལ་སོགས་པའི་ངོ་བོར་བཟོ་སྒྲིག་བྱ་རྒྱུ་དེ་ཡིན། དཔེར་ན་ནང་དོན་རྩོམ་སྒྲིག་བྱེད་སྐབས་དུས་ཚོད་ཀྱི་ཚད་བཀག་ཤིན་ཏུ་དམ་པོ་ཞིག་གི་སྒྲོམ་གཞིའི་འོག། ནང་དོན་བརྒྱ་ཕྲག་མང་པོ་འདེམས་གསེས་བྱེད་དགོས་ཤིང་། འདེམས་གསེས་མ་ནོར་བར་མང་ཉུང་རན་པ་ཞིག་བཟོ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་རེད། དེ་མིན་ནང་དོན་རྩོམ་སྒྲིག་དེ་འོས་འཚམས་བྱེད་མ་ཐུབ་ཚེ་རྣམ་པ་(སྒྲ་བརྙན་རྩེད་མོ་སོགས་) གང་ཞིག་ཏུ་བཟོ་སྒྲིག་བྱས་ཀྱང་དངོས་ཡོད་ཀྱི་ཕན་ཐོགས་ཡོང་མི་ཐུབ། དེས་ན་རྒྱུ་ཆ་འདི་དག་རྩོམ་སྒྲིག་བྱེད་པར་ངེས་པར་འབྲེལ་ཆགས་གོ་རིམ་ཅན་ཞིག་ཡིན་དགོས།
༣། བོད་དགེ་ཚོའི་སྡིངས་ཆ་གསར་གཏོད།
གོང་དུ་བཤད་པ་ལྟར། བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ལམ་ནས་སློབ་ཁྲིད་བྱེད་པར་དགེ་རྒན་ཚོར་དེ་ཐད་ཀྱི་སྦྱོང་བརྡར་དགོས་པ་དེ་ཡིན། སྦྱོང་བརྡར་དེ་འདྲ་ཞིག་སྤྲོད་པར་ཤེས་ལས་དང་བོད་རིགས་མཐུན་ཚོགས་ཚང་མ་མཉམ་འབྲེལ་བྱ་དགོས། ཡིན་ནའང་ཐོག་མར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཡིག་སློབ་ཁྲིད་གནང་བཞིན་པའི་དགེ་རྒན་རྣམས་ཀྱིས་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱེད་སའི་གླེང་སྟེགས་ཤིག་བསྐྲུན་རྒྱུ་དང་། དེ་རྗེས་ཉམས་མྱོང་འདེམས་གསེས་(Selection of Experiences) དང་ཉམས་མྱོང་ཕྱོགས་སྒྲིག་བྱེད་རྒྱུ་(Organization of Experiences) དང་། དགེ་རྒན་ཚོའི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ་གནད་དོན་གང་དག་ཐད་སྦྱོང་བརྡར་སྤྲོད་དགོས་མིན་དང་། ཇི་ལྟར་སྤྲོད་མིན་སོགས་ལ་འཆར་འགོད་བྱ་དགོས།
གཞན་ཡང་བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ཐོག་སློབ་ཁྲིད་བྱེད་ཕྱོགས་ཀྱི་ལམ་སྟོན་རྩ་འཛིན་ཞིག་དང་། སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་མེད་གླེང་སའི་ཆ་རྐྱེན་ཞིག་ཀྱང་བསྐྲུན་ཏེ་བསླབ་གཞི་སྤྱི་དང་། སློབ་དེབ། སློབ་སྦྱོང་གི་རྒྱུ་ཆ་དེ་དག་གི་བེད་སྤྱོད་དང་ལག་ལེན་གྱི་གནས་ཚུལ་(Feedback)བསྐྱར་ཞིབ་བྱེད་སའི་སྡིངས་ཆ་ཞིག་ཀྱང་བསྐྲུན་དགོས།
༤། ཕ་མ་རྣམས་ལ་གོ་སྐོན་སློབ་གསོ་དང་ཟབ་སྦྱོང་།
ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཁ་ཐོར་བོད་མིའི་གནས་སྟངས་དང་ཁོར་ཡུག་བཅས་ཀྱི་རྐྱེན་པས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱ་རྒྱུ་དེ་དཀའ་ངལ་ཞིག་ཡིན། ཡིན་ནའང་ཁྱིམ་ཚང་ནི་ཕྲུ་གུ་ཚོས་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་བཅས་རྒྱུན་འཛིན་བྱེད་པའི་ཐོག་མའི་གོམ་པ་སྤོ་ས་ཡིན་ལ། ཁྱིམ་ཚང་གི་སློབ་གསོ་ནི་གཞི་རིམ་གྱི་སྐད་ཡིག་སྦྱོང་བའི་གོ་སྐབས་གལ་ཆེན་ཞིག་དང་ནུབ་ཕྱོགས་སུ་བཞུགས་པའི་བོད་མི་རྣམས་ལ་མཚོན་ན་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཡག་ཤོས་དེ་ཡིན། དེར་བརྟེན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པར་ཁྱིམ་ཚང་གི་སློབ་གསོ་དང་ཁ་བྲལ་ཐབས་མེད།
དེར་བརྟེན་ཕ་མ་ཚོར་གོ་སྐོན་སློབ་གསོ་གཏོང་བ་དང་། ཁྱིམ་ཚང་ནང་བོད་སྐད་བེད་སྤྱོད་གཏོང་བར་སྐུལ་མ་བྱེད་དགོས་ཤིང་། བོད་སྐད་ཡར་རྒྱས་གཏོང་བར་བྱེད་སྒོ་ཅི་ཞིག་སྤེལ་བ་ནས་ཇི་ལྟར་སྤེལ་བའི་བར་གྱི་ཐབས་ཤེས་ལ་ཞིབ་འཇུག་གིས་ཟབ་སྦྱོང་སྤྲོད་དགོས། ནུབ་ཕྱོགས་ཀྱི་རིག་གཞུང་དང་ཁོར་ཡུག་ཁྲོད། དེང་སྐབས་ཀྱི་བུ་ཕྲུག་རྣམས་ཀྱི་བསམ་ཚུལ་དང་། སྤྱོད་ལམ། དགའ་ཕྱོགས་སོགས་ཁྱོན་ནས་མི་འདྲ་བས་ཁོང་ཚོའི་བློ་དང་འཚམ་པར་ཁྱིམ་ཚང་ནང་བོད་སྐད་བེད་སྤྱོད་ཇི་ལྟར་བྱེད་ཚུལ་སོགས་ལ་ཟབ་སྦྱོང་སྤྲོད་དགོས། དེ་ཐད་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་སྐབས་བོད་རིགས་ཁེ་གཙང་ལོགས་སུ་ཐུག་གི་ཡོད་པས། གོ་སྐབས་དེ་དག་དམ་འཛིན་གྱིས་ཕ་མ་རྣམས་ལ་གོ་སྐོན་སློབ་གསོ་དང་བྱུང་ན་ཉིན་གཅིག་གཉིས་ནང་ཟབ་སྦྱོང་སྤྲོད་དགོས་སྙམ།
༥། བོད་ཕྲུག་ཚོར་འབྲེལ་འདྲིས་ཀྱི་གོ་སྐབས་བསྐྲུན་པ།
བོད་ཕྲུག་ཚོར་བོད་མིའི་ཁོངས་གཏོགས་ཀྱི་འདུ་ཤེས་དང་། བོད་སྐད་བེད་སྤྱོད་ཀྱི་གོ་སྐབས། བོད་ཕྲུག་ཚོ་ནང་ཕན་ཚུན་འབྲེལ་ལམ་ཡོང་བར་བྱེད་དགོས་ལ། དེ་འདྲ་ཞིག་ཡོང་བར་དབྱར་དགུན་གྱི་གུང་གསེང་དང་བསྟུན་ནས་གཞས་དང་ཞབས་བྲོའི་མཚན་ཚོགས་དང་། དེ་མིན་བོད་ཟས་བོད་ལ་གྱོན་པའི་ཉིན་མོ་སྲུང་བརྩི་སོགས་ཁོང་ཚོ་མཉམ་འཛོམས་ཀྱི་གོ་སྐབས་བསྐྲུན་རྒྱུ་དེ་ཡིན། དེ་ལྟར་ཡོང་བར་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཁག་དང་། བོད་རིགས་མཐུན་ཚོགས་ཁག་ནས་འགན་ལེན་བྱེད་ཐུབ་དགོས།
བོད་རིགས་ཁེ་གཙང་མཉམ་འཛོམས་བྱུང་ཚེ། ཁོང་ཚོའི་དབར་གྱི་འབྲེལ་ལམ་ཇེ་ཆེར་གྱུར་ཏེ། བོད་མི་ནང་ཁུལ་ལ་གྲོགས་པོ་གྲོགས་མོ་བཟོ་རྒྱུ་དང། རྗེས་སུ་བོད་རིགས་ནང་ཁུལ་གཉེན་སྒྲིག་ལའང་ཕན་ཐོགས་ཆེན་པོ་ཡོང་ཐུབ་ལ། དེ་ལྟར་བྱུང་བར་ད་ལྟ་ནས་བསམ་བློ་ཞིབ་ཚགས་ཤིག་བཏང་སྟེ་འཆར་གཞི་སྒྲིག་དགོས་སྙམ།
༦། མཐའ་སྡོམ།
གོང་གི་གནད་དོན་དེ་དག་ལ་བསམ་ཞིབ་ཅིག་བྱས་ཚེ། ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་བསླབ་རྒྱུའི་ལས་དོན་དེ་ནི། ད་ཡོད་ཀྱི་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག མི་སྒེར་བཅས་ཀྱི་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་ཙམ་མ་ཟད། ལྡོག་ཏུ་མེད་པའི་དཀའ་ངལ་ཞིག་ཀྱང་ཆགས་ཡོད། དེར་བརྟེན། འདིའི་ཐད་ལ་བོད་མི་ཡོངས་ནས་ཀླད་དཀྲུགས་འཚུབ་འདོན་གྱིས་ནུས་པ་མཉམ་སྤུངས་བྱེད་རྒྱུ་དང་། ཞིབ་འཇུག་གི་བརྒྱུད་རིམ་ནང་། ངེས་པར་དུ་རྣམ་དཔྱོད་ཕྱོགས་ལྷུང་ཅན་གྱི་མ་གོས་པར་དྲང་བདེན་གྱིས་སྒོ་ནས་གནད་དོན་ལ་ལྟ་རྒྱུ་དེ་ཡིན། དེ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ནི་ལས་དོན་དེ་དམིགས་ཚད་ལྡན་པ་ཞིག་ཡོང་རྒྱུར་གོ་རིམ་ཡོད་པའི་སྒོ་ནས་གནད་དོན་བྱེ་བྲག་པ་རེ་རེར་ལས་འཆར་གྱི་རིམ་པ་ཆ་ཚང་ཞིག་དགོས་པ་མ་ཟད། དེ་དང་འཚམས་པར་ལས་དོན་བྱེད་རྒྱུ་དེ་ཡིན་ནོ། །
སྲིད་སྐྱོང་བློ་སེང་གིས་ཐབས་ཤེས་ཡོད་རྒུ་སྤྱད་ནས་བོད་ཡིག་གི་ཁོར་ཡུག་དང་བོད་ཡིག་གི་ཆེ་མཐོང་ལ་གཏོར་བཅོམ་བྱེད་བཞིན་པའི་སྐབས་སུ་འདི་འདྲའི་བསམ་བློ་རེ་ཡོད་པ་ཡང་རྗེས་སུ་ཡི་རངས་ཀྱི་གནས་ཡིན།
འོན་ཀྱང་། བོད་ཀྱི་སྐད་ཡིག་བཤད་བཞིན་ཨིན་ཡིག་བཀོལ་མི་དགོས་སར་བཀོལ་ཁུལ་བྱས། བཀོལ་ཁུལ་བྱས་པ་དེ་ཡང་བསྒྱུར་ལེགས་པོ་བྱུང་མི་འདུག་པས་རྗེས་ཕྱོགས་དེའི་སྐོར་ལ་གཟབ་པར་འཚལ།
སྲིད་སྐྱོང་བློ་སེང་གིས་ཐབས་ཤེས་ཡོད་རྒུ་སྤྱད་ནས་བོད་ཡིག་གི་ཁོར་ཡུག་དང་བོད་ཡིག་གི་ཆེ་མཐོང་ལ་གཏོར་བཅོམ་བྱེད་བཞིན་པའི་སྐབས་སུ་འདི་འདྲའི་བསམ་བློ་རེ་ཡོད་པ་ཡང་རྗེས་སུ་ཡི་རངས་ཀྱི་གནས་ཡིན།
འོན་ཀྱང་། བོད་ཀྱི་སྐད་ཡིག་བཤད་བཞིན་ཨིན་ཡིག་བཀོལ་མི་དགོས་སར་བཀོལ་ཁུལ་བྱས། བཀོལ་ཁུལ་བྱས་པ་དེ་ཡང་བསྒྱུར་ལེགས་པོ་བྱུང་མི་འདུག་པས་རྗེས་ཕྱོགས་དེའི་སྐོར་ལ་གཟབ་པར་འཚལ།
་་་་་ ནུབ་ཕྱོགས་ཀྱི་རིག་གཞུང་དང་ཁོར་ཡུག་ཁྲོད། དེང་སྐབས་ཀྱི་བུ་ཕྲུག་རྣམས་ཀྱི་བསམ་ཚུལ་དང་། སྤྱོད་ལམ། དགའ་ཕྱོགས་སོགས་ཁྱོན་ནས་མི་འདྲ་བས་ཁོང་ཚོའི་བློ་དང་འཚམ་པར་ཁྱིམ་ཚང་ནང་བོད་སྐད་བེད་སྤྱོད་ཇི་ལྟར་བྱེད་ཚུལ་སོགས་ལ་ཟབ་སྦྱོང་སྤྲོད་དགོས། ་་་་་་
འདིར་འཁོད་ཨིན་བོད་ལྟ་བདེར་ཟུར་བཀོལ།
གོ་རིམ་ལྡན་པའི་འཆར་འགོད་ = Systematic Planning
བསླབ་ཐབས་ཀྱི་རྣམ་གཞག་ = Theory
བསླབ་གཞི་བཟོ་འགོད། = Curriculum Development
སློབ་ཁྲིད་ཐབས་ལམ་གསར་གཏོད། =Teaching Methods
ཐབས་ལམ་གྱི་རྣམ་བཤད་ཕྱོགས་སྒྲིག =Methodology
སློབ་དེབ་དང་སློབ་ཁྲིད་ཀྱི་རྒྱུ་ཆ་རྩོམ་སྒྲིག = Editing Text Books and Study Material
གོ་རིམ་ལྡན་པ་ = Systematically
སློབ་སྦྱོང་གི་རྒྱུ་ཆ་ = Study Materials
ཐད་ཀར་བཟོ་འགོད་བརྒྱུད་རིམ་ = The Forward Design Process
སློབ་སྦྱོང་གི་རྒྱུ་ཆ་རྩོམ་སྒྲིག = Editing Study Materials
ནང་འཇུག་ = Input
ཕྱིར་འདོན་ = Output
འབྲེལ་ལམ་སྐད་ཡིག་ = Communicative Language
བྲིས་རྩོམ་སྐད་ཡིག་ = Literary Language
ཉམས་མྱོང་འདེམས་གསེས་ = Selection of Experiences
ཉམས་མྱོང་ཕྱོགས་སྒྲིག = Organization of Experiences
ལྟེ་བའི་བཟོ་འགོད་བརྒྱུད་རིམ། = The Central Design Process
རྒྱབ་ཕྱོགས་བཟོ་འགོད་བརྒྱུད་རིམ་ = The Backward Design Process
དམིགས་ཚད། = Objective
གནས་ཚད། = Level
ནང་དོན། = Theme
སྐད་ཡིག་གི་བྱང་རྩལ། = Language Skills
དུས་ཚོད་ = Period
ང་བོད་ཡིག་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན། ཡིན་ཡང་བོད་ཡིག་གིས་ང་སྐྱོབ་མི་ཐུབ་པའི་སྐབས་ཀྱང་ཡོད་ངེས། བོད་མེད་ས་ཞིག་ནས་བོད་མིང་རེ་བཏགས་ནས་བོད་སྐད་རེ་བཤད་ན་དེ་ཙམ་ཡང་རིན་ཐང་ཆེའོ།
ངའི་རེ་བ་ལ། བོད་ཡིག་ཤེས་མཁན་ཚོས་མུ་མཐུད་བོད་ཡིག་ཀློག་པ་དང་འབྲི་བ། སྒྱུར་བདང་རྩོམ་པའི་ལས་མང་ཙམ་གནང་འོས། མི་ཤེས་པ་དག་ལ་གསར་དུ་སློབ་པ་ལས་ཤེས་པ་དེ་དག་ལ་བདག་པོ་རྒྱག་ཤེས་དགོས། རེད་དམ།
དྲ་གྲོགས་ཚོ། དེ་འདྲ་བའི་བསམ་འཆར་ནི་ང་ཚོ་ལ་ཤིན་ཏུ་ནས་འཁོ་གལ་ཆེ་བར་མཐོང་། ཁྱེད་ཚོར་རེ་བསྐུལ་ཞིག་ལ། ནིའུ་གཡོག་གཡས་གཡོན་ན་བོད་ཀྱི་སྐད་ཡིག་ཐོག་ཆེད་ལས་པའི་མཁས་དབང་བོད་རིགས་སུ་ཡོད་མེད་དང་། ཡང་ན་མཁས་དབང་མིན་ནའང་བརྡ་སྤྲོད་སློབ་ཐར་ཕྱིན་པ་སུ་རུང་གི་མཚན་དང་ས་གནས་སྐྱབས་འཇུག་གནང་རོགས་ཞུ་ཡ་ཡིན། སྐུ་རྩེད་མིན་དགེ་མཚན་ཡོད་ལགས།
ད་ཕན་ང་རང་ལ་རྒྱུས་ཡོད་པ་New York ནང་ཞུགས་པ་ཧོར་གཙང་འཇིགས་མེད་ལགས་དང་། Boston ནང་ཞུགས་པ་པདྨ་ཚེ་དབང་ལགས། སྐུ་ཞབས་པདྨ་འབུམ་ལགས་བཅས་ཡིན།
ནུབ་ཕྱོགས་ཡུལ་གྲུ་ཁག་གི་བྱིས་པ་ཚོས་བོད་སྐད་ཡིག་སྦྱངས་ན་ཕྱི་རྒྱལ་མི་ཞིག་གིས་བོད་སྐད་ཡིག་སྦྱངས་པ་དང་ཕལ་ཆེར་གཅིག་པ་རེད། བོད་ཀྱི་རིགས་རུས་ཡིན་པའི་ཁྱད་པར་ལས་གཞན་ཅི་་ཡང་མེད། ངས་བསམ་ན། བོད་པ་ཡིན་པའི་མཚོན་བྱེད་གཙོ་བོ་བསམ་བློ་དང་གོམས་སྲོལ་གྱི་རིག་གནས་དེ་རེད། དེ་མེད་ན་སྐད་ཡིག་གིས་ཅི་ཡང་མཚོན་མི་ཐུབ། སྐད་ཡིན་ནི་ཉིན་རེ་འཚོ་བའི་དགོས་མཁོའི་ཆེད་དུ་བེད་སྤྱོད་མེད་པ་དང་། ཡང་ན་ཆུང་ན་དེ་ནི་སྐད་ཡིག་ཤི་འགྲོ་བའི་ཉེན་ཁར་སླེབས་ཡོད་པའི་ཁྱད་རྟགས་རེད། སྐད་ཡིག་གཅིག་གི་ཚབ་ཏུ་སྐད་ཡིག་གཞན་ཞིག་སླེབས་ཟིན་པའི་མངོན་རྟགས་རེད། ཞེན་ཁོག་གི་ཁྱིམ་ཚང་སྐད་ཡིག་ཅིག་ཨུ་ཚུགས་ཀྱི་སྦྱངས་ན་དེ་ནི་དེང་རབས་འཚོ་བའི་སེམས་ཁམས་ཤིག་གིས་དཔྱད་ན་གླེན་རྟགས་ཆེན་པོ་ཞིག་ཅི་་ལ་མིན། དེས་ན་ཆབ་སྲིད་དང་རིག་གནས་ཀྱི་རང་དབང་ཤོར་བའི་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་བསམ་བློ་རིག་གནས་ཀྱི་མ་ལག་དང་། ལེགས་བྱང་དག་སྒོ་གསུམ་གྱི་ཉམས་ལེན་ནས་མ་འགྱུར་བརྟན་པོར་འཛིན་ཐུབ་ན་དེས་བོད་པ་ཞེས་བླ་དང་སྲོག སྙིང་སོགས་འཛིན་ཐུབ་བོ།
གཏམ་ཡག་པོ་ཞིག་འདུག། བྱ་བ་ཅི་ཞིག་གི་ལུས་ལ་འཐམ་ན། དང་པོ་འཆར་གཞི་གཏོང་དགོས། དེ་ནས་མཐུན་རྐྱེན་འཚོལ་དགོས། དེའི་རྗེས་ལག་ལེན་སྟེར་དགོས། མཐའ་དོན་འབྲས་བུ་དོན་དགོས།
བོད་ཡིག་ཤེས་བ་ཙམ་གྱིས་བོད་དགེ་གཏན་ནས་བྱེད་མི་ཐུབ།
བྱིས་བའི་སེམས་ཁམས་བསྔོག་འདོན་བྱེད་མི་ཐུབ་པའི་མྱི་སུ་ཞིག་གིས་ཀྱང་བྱིས་བ་དང་འབྲེལ་བའི་བཀའ་སློབ་ལམ་བསྟོན། རྩོམ་འབྲི་ཁྲིད་ཡིག་སོགས་གཅིག་ཀྱང་འབྲི་མི་ཤེས། མཁས་བ་ཡིན་ཟེར་ནི་ཚོ་ལ་གཟབ་དགོས། འདི་ཚོས་སྐྱེ་བ་འདི་ལ་སྨིན་པའི་ཡིག་རྩ་མི་སློབ་པར། འཇིག་རྟེན་ཕྱི་མར་སྨིན་པའི་དོན་རྩ་་ཁྲིད་ཡོང་།
ཤེས་རིག བྱ་གཞུང་དཔལ་ལྡན་རྡོ་རྗེ། རང་ཤེས་རིག་གི་ལས་སྣེ་ཤིག་ཡིན་ན་མ་གཞི་རང་རྐེ་རང་གིས་སྡོམ་བཞིན་པའི་ལྕགས་ཐག་དེ་ཅུང་ཟད་ལྷོད་ཨེ་ཐུབ་ཅིག་བལྟ་རོགས།
ཉིད་ཀྱི་ནུབ་ཕྱོགས་བོད་ཕྲུག་ཚོར་ཐུགས་བསམ་གནང་ལེགས་མོད། དེ་ནི་གཡག་གི་རོ་མི་མཐོང་མཁན་གྱིས་ཤིག་གི་རྗེས་བཙལ་བའི་དཔེ་ལས་མ་འདས་སོ།
བསམ་བློ་དང་གོམས་སྲོལ་གྱི་རིག་གནས་དེ་གལ་ཆེན་པོ་ཡིན་པ་ང་ཡང་སེམས་ཤིང་ཡོད། དཔེར་ན། འོད་ཟེར་ལགས་སོགས་པ་མང་པོ་ཡོད། རྒྱུ་ཚན་དེས་སྐད་ཡིག་ལ་ཨུ་ཚུགས་བྱས་པ་གླེན་རྟགས་རེད་གསུངས་ན་ཕྱོགས་གཅིག་ལ་ལྷུང་འགྲོ་བ་རེད་སྙམ།
ད་བར་ངའི་གོ་བ་ཞིག་ལ་མཁས་དབང་ཕལ་ཆེར་ནས་སྐད་ཡིག་ལ་ཤིན་ཏུ་ནས་གལ་གངས་ཆེན་པོ་གནང་གི་འདུག དེ་ལ་རྒྱུ་མཚན་ཡང་འདུག སྐད་ཡིག་ལ་དོ་སྣང་མ་བྱས་པ་ནི་སྔོན་གྱི་ལོ་རྒྱུས་དང་ཡིག་ཆ་རྙིང་པ་རྣམས་མེ་ལྷའི་ཞལ་དུ་ཕུལ་བ་དང་རྣམ་པ་ཀུན་མཚུངས་པ་རེད། ང་ཚོས་བསམ་བློ་དང་གོམས་སྲོལ་སོགས་ལ་སྐྱར་སྦྱོང་བྱ་ཐབས་ཟད་པ་རེད། དེ་ནི་བསམ་བློ་དང་གོམས་སྲོལ་ཡང་རླག་ནས་ཅི་ཡང་གཏད་སོ་མེད་པ་ཆགས་སྲིད།
རེད། བོད་ཀྱི་ཕྲུ་གུ་ཚོ་བོད་མིའི་མཚོན་མདངས་དང་ལྡན་པ་ཞིག་བཟོ་དགོས་ན་སྐད་དང་ཡི་གེ་གཉིས་ཁོ་ན་ལ་རག་ལས་ཡོད་པ་སྨྲས་མ་དགོས་པ་ཡིན་ཙང་དོན་དག་དེར་བསམ་བློ་གཏོང་བ་དང་། ཐབས་ལམ་འཚོལ་བ། ལག་བསྟར་བྱེད་པ་གསུམ་ནི་གོ་རིམ་འགྲིག་དགོས་པ་དང་། གོ་རིམ་དེ་མ་འགྲིག་ན་མི་འགྲུབ་པའི་ཆ་རྐྱེན་གསུམ་རེད།
ཡིན་ན་ཡང་། ཡེ་ཤེས་དཔལ་གྱི་གསུང་བ་བཞིན་ཐག་ཉེ་གི་གཡག་མཐོང་མ་ཐུབ་ན་ཐག་རིང་གི་ཤིག་བཙལ་རྒྱུ་དེ་ཁག་ཙམ་ཡོང་གི་རེད། གངས་སྐྱིད་ཀྱི་གཡག་རྫི་ཞིག་ཡིན་ན་རྡ་ས་གཡས་གཡོན་གྱི་གཡག་དེ་ཚོ་མིག་གིས་མཐོང་ཐུབ་པ་བྱས་ནས་མ་བརླག་པ་བྱེད་དགོས་གི་རེད། དེ་ནས་ཐག་རིང་ནུབ་ཕྱོགས་ཀྱི་གཡག་རྣམས་ལའང་མིག་ལྟ་རེ་བྱེད་ན་བཟང་གི་རེད།
དྲ་གྲོགས་ཚོས་བསམ་ཚུལ་ཕུལ་བ་ཐུགས་རྗེ་ཆེ། བསམ་ཚུལ་ཡག་སྡུག་ཅི་ལྟར་ཡང་ཅི་འདྲ་མང་ན་དེ་འདྲ་བཟང་བ་འདུག ཁྱེད་ཚོའི་བསམ་ཚུལ་དེ་དག་ལ་ལན་ཞུ་འདོད་བྱུང་ཡང་། ཁོམ་པ་མེད་པར་བརྟེན་རྗེས་སུ་འབད་བརྩོན་ཞུས་ཆོག
རང་གི་ཕ་སྐད་ལ་དུང་བའི་བྱ་གཞུང་ལགས། ཁྱོད་ཀྱིས་སེམས་བསམ་པའི་གཏིང་གི་སྐད་ཆ་ཞིག་འདིར་སྦས་ནས་བཤད་འདུག་སྙམ། གངས་སྐྱིད་ལ་བོད་ཡིག་གི་རེ་བ་ཕྲ་སྟབས་རང་གི་སྙིང་རླུང་བསང་ཆེད་འདི་བྲིས་པར་ངེས། ངས་དེ་ལྟར་གོ།
སྐད་ཡིག་ནི་མི་རིགས་རིག་གནས་ཀྱི་སྲོག་རྩ་རེད། དེ་མེད་པའི་མི་རིགས་ནི་སྲོག་མེད་པའི་རོ་དང་འདྲ། འོན་ཀྱང་སྤྱིར་བཙན་བྱོལ་བ་དང་ལྷག་པར་ནུབ་ཕྱོགས་སུ་གནས་པའི་བོད་ཕྲུག་ཚོས་བོད་སྐད་ཙམ་ཞིག་རྒྱུན་འཛིན་བྱེད་ཐུབ་ན་ཨང་ཀི་དང་པོ་ཡིན་པ་ལས། བོད་ཡིག་རྒྱུན་འཛིན་བྱེད་ཡོང་བའི་རེ་བ་ཧ་ཅང་ཕྲ། བཙན་བྱོལ་སྒྲིག་འཛུགས་ཀྱིས་ནུས་ཤུགས་ཤིག་ཕྱུང་ཐུབ་ན་བྱེད་རྒྱུ་རེ་ཡོད་སྲིད་ཀྱང་། གོ་ཚོད་བྱས་ན་དེ་ཡང་ཁག་པོ་ཡིན་པ་འདྲ། ང་ནི་དེང་སང་བཙན་བྱོལ་བ་ཚོར་ཡི་ཐང་ཆད་ནས་སྡད་ཡོད།
ནུབ་ཕྱོགས་ཡུལ་གྲུ་ཅི་རིགས་དངོས་སུ་མིག་གིས་མཐོང་ཙམ་ཡང་མེད་པར་ཅི་ཞིག་ལ་དཔྱད་པ་གཏོང་ཁུལ་བྱས་པ་ན་མི་ཆོག་ཟེར་མཁན་མེད་ཀྱང་། རང་གཞན་སུ་ལའང་ཕན་ཐོགས་ནི་སྤུ་ཙམ་འབྱུང་མི་སྲིད། དེ་ལས་རྒྱ་གར་དུ་དཔེ་སྟོན་སློབ་གྲ་ལྟ་བུ་ཇི་ལྟར་ཡར་རྒྱས་གཏོང་དགོས་མིན་ཐད་ལྷག་བསམ་རྣམ་དག་གིས་འབད་འབུངས་བྱེད་ཐུབ་ན་འོས་འཚམ་རེད།
གྲོགས་པོ། སྣང་བ་སྐྱིད་པོའི་སྐད་ཆ་མ་བཤད། དང་པོ་རྒྱུས་ལོན་གྱིས། དེ་ནས་སྐད་ཆ་ཤོད། བོད་ཀྱི་དོན་གཅོད་ཁང་དང་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་ལེན་ཐུབ་དགོས་ཟེར་ན་ག་རེ་བཤད་རྩིས་ཡོད། སློབ་དེབ་བཟོ་རྒྱུ་གལ་ཆེན་མ་རེད། ཨ་རི་ལྟ་བུ་ཡིན་ན་ད་ལྟའི་བར་དུ་བོད་རིགས་ཐུན་མོང་ལ་ཚོགས་ཁང་ཡག་པོ་ཞིག་ཀྱང་མེད། རང་གིས་བསམ་བློ་གཏང་ན་བོད་ཀྱི་སྐད་ཡིག་ཟེར་བ་ཞིག་གླེང་རིན་འདུག་པས???????
དོན་འགྲུབ་མཚོ་མོ་ལགས། བོད་ཀྱི་ཡི་གེ་ལ་ཁང་པ་ཞིག་གི་རིན་ཐང་ཡང་མེད་པ་ཨེ་རེད། དེ་འདྲའི་ཐབས་སྐྱོ་མདོག་ལ། བསམ་བློ་དེ་འདྲ་ཞིག་ལས་མེད་ན་བོད་ཡིག་མ་བྲིས་ན་ཆོག་པ་ལ།
བཙན་བྱོལ་བ་ཚོ་ལ་བསམ་བློ་འདི་འདྲ་ཞིག་ལས་མེད་པའི་དབང་གིས་བོད་ཀྱི་སྐད་ཡིག་གི་གནས་བབ་་འདི་ལྟར་གྱུར་སོང་བ་རེད
ཨ་རོགས་ཚོ། བོད་ཀྱི་སྐད་ཡིག་བསླབ་དགོས་རེད་ཟེར་ནས་ཅི་ཙམ་བཤད་ཀྱང་བསླབ་ཡོང་མཁན་ཞིག་དཀོན་པོ་རེད། ཅིའི་ཕྱིར། བོད་ཀྱི་ཡིག་སྐད་ཀྱི་ཐོག་ནས་དངུལ་བཟོ་མི་ཐུབ་པ་རེད། ནུབ་ཕྱོགས་སུ་བོད་པའི་མི་དྲག་སྐུ་དྲག་ཚོའི་ཕྲུ་གུའི་ནང་དུ་རྒྱ་ཡིག་བསླབ་མཁན་ཡང་ཡོད་པར་གོ་ཐོས་བྱུང་།
མདོ་ན་་་བོད་ཡིག་ནང་དུ་དེང་རབས་པའི་རིག་གནས་ནང་འདྲེན་བྱེད་མ་ཐུབ་ན་བོད་ཡིག་བསླབ་མཁན་ཉུང་རེ་ནས་ཉུང་རེར་འགྲོ་གི་རེད་འདོད། བོད་ཡིག་གིས་ཐོག་ནས་དེང་རབས་གསར་པའི་རིག་གནས་ག་རེ་ཡིན་ན་བསླབ་ཐུབ་པ་ཞིག་བཟོ་ཐུབ་སོང་ན་བོད་ཡིག་བསླབ་མཁན་སླེབས་འོང་གི་རེད་ལ་དངུལ་སྤྲད་ནས་སློབ་སྦྱོང་བྱེད་མཁན་སློངས་འོང་གི་རེད།
བོད་ཡིག་འདི་ལ་ཆོས་བྱེད་རྐྱེན་ཙམ་ལས་ནུས་པ་མེད་ན་ཆོས་ལུགས་པ་ཙམ་སློབ་སྦྱོང་བྱེད་མཁན་ཡོང་གི་མ་རེད་འདོད་དོ།།
དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད། བྱ་གཞུང་པས་ལོ་མང་རིང་གི་ཤེས་ཡོན་བྱ་བའི་མཉམ་མྱོང་གཞིར་བཟུང་དེ། ཁ་ཚ་དགོས་གཏུགས་ཀྱི་བསམ་ཚུལ་ལྷུག་པོར་བརྗོད་ཡོད་པས། དཔྱད་རྩོམ་འདི་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་དཔོན་རིགས་ཁག་གི་ངེས་པར་ཀློག་དགོས་པའི་རྒྱུ་ཆ་ཉག་ཅིག་རེད་སྙམ། དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཆ་ཚང་ནང་། བོད་མི་རིགས་རང་གི་སྐད་དང་ཡི་གེའི་དྲི་མ་བྲོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེའོ།
དོན་འགྲུབ་མཚོ་མོས་བཀའ་གྱོན་དེ་འདྲ་ཞིག་གཏོང་དགོས་བ་ཅི་ཡིན་ཆ་མ་འཚལ། རང་མདོག་རང་གིས་བསྟན་འདུག དཔེ་སྟོན་སློབ་གྲ་བདག་པོ་རྒྱག་མཁན་ཤེས་རིག་ནང་ང་ཡིན་ཁོ་ཡིན་ཟེར་མཁན་ཡོད་རེད། གཞན་ཐག་ཉེ་གི་འབྲོང་གཡུག་ནས་ཐག་རིང་གི་ཤིག་བཙལ་བ་ཟེར་བར་བདེན་པ་མེད་པ་ཞིག་མ་རེད། ཡིན་ནའང་ང་ཤེས་རིག་གི་ལས་བྱེད་ཐབས་ཆག་ཅིག་གིས་ཅང་བྱེད་ཐུབ་ནི་མ་རེད། གང་ལྟར་གྲོགས་པོ་ཚོས་བསམ་ཚུལ་གསུངས་བར་དགའ་ཡོད།