གཡུ་དྲུག་དཀར། རྡ་ལམ་ས་ལ།
༡ རེ་སྙེག་ཁྲོད་ཀྱི་འགྲུལ་བཞུད།
ཟླ་གཅིག་ལྷག་གི་གོང་ནས་དགེ་འོས་འཛིན་གྲྭའི་སློབ་མ་བདག་ཚོ་རྡེ་ར་རྡེན་(Dehradun) མངའ་སྡེའི་ཁུལ་གྱི་བོད་གཞུང་སམ་བྷོ་ཌའི་སློབ་གྲྭ་ཁག་དང་མ་སུ་རི་བོད་ཁྱིམ་བཅས་སུ་སློབ་ཁྲིད་དངོས་སྦྱོང་དང་སློབ་ཁྲིད་རྟོག་ཞིབ་ཆེད་དུ་གཏང་རྒྱུ་གཏན་འཁེལ་ཟིན་པ་གོ་ཐོས་བྱུང་བ་ནས། སེམས་ཀྱི་གཏིང་མཐའ་ཞིག་ནས་རང་ཉིད་མ་སུ་རི་བོད་ཁྱིམ་དུ་གཏང་ཆོག་ཨང་སྙམ་པའི་རེ་བ་ཞིག་ཆེས་ཆེར་བརྟས་པས། ཉི་མ་དེ་ནས་ངས་གྲོགས་པོ་ཚོར་རྩེ་མོ་དང་སྦྲགས་ནས་“ང་མ་སུ་རི་བོད་ཁྱིམ་ལ་གཏང་ན་འགྲིག་ས་རེད་”ཅེས་བརྗོད་ཀྱིན་སེམས་བསམ་པའི་གཏིང་གི་རེ་བ་དེ་ཕྱིར་འདོན་ཐབས་བྱས་པ་ཡིན།
རྒྱུ་མཚན་ནི་མ་སུ་རི་ཟེར་པའི་ས་འདི་ནི་བོད་མི་ཐོག་མར་བཙན་བྱོལ་དུ་ཆགས་སའི་ཡར་ྐླུང་ས་ཆ་རུ་སོང་། ང་ཚོས་ནམ་རྒྱུན་ས་མཐའི་སྐྱིད་སྡུག་གི་ལོ་རྒྱུས་གླེང་དུས་ས་འདི་ནས་འགོ་བཟུང་སྟེ་གླེང་དགོས་ལ། བོད་མི་བཙན་བྱོལ་བ་སུ་འདྲ་ཞིག་ཡིན་རུང་ཕལ་ཆེར་ས་འདིའི་མིང་ཐོས་མ་མྱོང་མཁན་ཞིག་མི་སྲིད་མོད། ས་འདིར་དངོས་སུ་སླེབས་མྱོང་མཁན་ཧ་ཅང་དཀོན། ང་རང་ཉིད་ལ་མཚོན་ནའང་ས་འདིར་དངོས་སུ་སླེབས་མ་མྱོང་པས། ངའི་སེམས་ནང་གི་རེ་བ་འདིའང་ལོ་ངོ་དུ་མའི་རིང་སེམས་ལ་ཉར་བའི་རེ་བ་ཞིག་ཡིན། དེ་ནས་ཉིན་གྲངས་བཅུ་ཕྲག་ཅིག་གི་རྗེས་སུ། ཞོགས་པ་ཞིག་གི་གསེར་མདོག་གི་ཉི་ཟེར་དང་མཉམ་དུ་ང་ཚོས་རྒྱན་དཀྲུགས་ཀྱི་ལམ་ནས་འགྲོ་ཡུལ་གཏན་འཁེལ་བྱས་པར། ང་རང་ཏག་ཏག་རང་གི་སེམས་ནང་གི་ས་ཆ་དེར་ཐག་ཆོད་སོང་པས། ཡིད་ཡོངས་སུ་ཚིམ་ཞིང་། ཉི་མ་དེ་ནས་སེམས་ངོགས་སུ་ས་དེའི་སྣང་བརྙན་རབ་རིབ་ཅིག་རྟོག་བཟོ་བྱེད་འགོ་ཚུགས་ལ། རླངས་འཁོར་ལ་བསྡད་དེ་གནག་སྣུམ་གྱི་གཞུང་ལམ་སྟེང་དུ་འགྲུལ་བཞུད་བྱེད་པའི་སྐབས་སུ། གྲོགས་པོ་ཚོ་དང་ལྷན་དུ་ཅི་ཡིན་ཆ་མི་འཚལ་བའི་དགའ་སྣང་ཞིག་གིས་བཟི་ནས་དགོད་སྒྲ་ལྷང་ལྷང་བྱེད་ཀྱིན་སོང་ཡང་། སྣང་བརྙན་ཞིག་གི་མཛེས་སྡུག་ལ་ཆགས་པའི་ངའི་ཡིད་ཀྱི་སྦྲང་མ་དཀྲོགས་ཐུབ་མ་སོང་ལ། བྲེལ་རྒྱུ་དལ་རྒྱུ་མེད་པའི་རླངས་འཁོར་གྱིས་གཡོ་སྐྱོམ་ཅི་ཙམ་བྱས་ཀྱང་། ངའི་སེམས་ཀྱི་རི་མོ་དེ་སྣོག་ཐུབ་མ་སོང་པར། མཚན་ཞག་གཅིག་གི་འགྲུལ་བཞུད་དེ་མ་སུ་རི་ཟེར་བ་ས་ཅི་འདྲ་ཞིག་ཡིན་མིན་གྱི་རེ་དོགས་དང་། ས་དེར་ནམ་ཞིག་ལ་དངོས་སུ་སླེབས་སམ་སྙམ་པའི་རེ་སྙེག་གི་ྐློང་ནས་བསྐྱལ།།
༢ མ་སུ་རི་ཡི་སྒོ་འགྲམ་གྱི་ལྟད་མོ།
རྡེ་ར་རྡེན་ནས་གླ་བྱེད་རླངས་འཁོར་ཆུང་ཆུང་ཞིག་ལ་བསྡད་དེ་མ་སུ་རི་ཡི་ཕྱོགས་སུ་ཐོན། ཉིན་གུང་གི་ཚ་གདུག་ཆེ་ཙམ་འདུག་པས། རླངས་འཁོར་གྱི་སྒེའུ་ཁུང་ཐ་དག་ཕྱེས་ཏེ་བསིལ་རླུང་ཁ་གང་ལ་རེ་བ་བྱེད་ཀྱིན་བསྐྱོད། རི་འདབ་ལ་སླེབས་པ་དང་རླུང་བུ་དང་ཁ་དབུགས་ཀྱི་སེར་ཁ་གྲང་དུ་གྲང་དུ་འགྲོ་ལ། སོང་གིན་སོང་གིན་རི་རྩེ་ཐམས་ཅད་མཐོ་རུ་མཐོ་རུ། ཕ་ཡུལ་གྱི་སྣང་བ་ཇེ་གསལ་ནས་ཇེ་གསལ་རེད།
རི་རྐེད་འཕྲེད་ཀྱིས་བཅད་པའི་གཞུང་ལམ་སྟེང་ནས་རླངས་འཁོར་གྱི་མགྱོགས་འགྲོས་དང་བསྟུན་ནས། ང་ཚོས་སྐྱིད་སྡུག་འདྲེས་མའི་སྣང་བ་དེ་རླུང་ལ་བསྐུར་ཆོག་ཨང་། རི་ལུང་ཐམས་ཅད་གོས་དཀར་ཡུག་གཅིག་གིས་གཡོགས་པ་བཞིན་འཐིབས་འོང་པའི་སྨུག་ལོང་། རླངས་འཁོར་གྱི་སྒེའུ་ཁུང་འགྲམ་ལ་སླེབས་སོང་པས། རྒྱང་མིག་གི་མདའ་མོ་ཐར་ཐབས་མི་འདུག་ཅིང་། ལམ་འགྲམ་གྱི་ལྗོན་ཤིང་རིང་བོ་དག་ཀྱང་མཐོང་ཐུབ་བྲལ་ལ། རི་ངོས་གཅིག་ནས་གཅིག་ལ་ཐོན་དུས། ས་བབ་མཐོ་རུ་འགྲོ་བ་དང་། ཆར་བ་སིམ་སིམ་རེ་གློ་བུར་དུ་འབབ་ཅིང་། གློ་བུར་དི་ཆད་འགྲོ་ལ། སྨུག་སྤྲིན་དང་ལྷན་དུ་ལྡིང་བའི་རླུང་བུས་གྲང་འདར་རྒྱག་ཏུ་བཅུག་ནས། སེམས་བསམ་པ་རང་བཞིན་གྱིས་འཁུམས་འགྲོ་བ་ལྟ་བུར་སྣང་མོད། གྲོགས་པོ་ཞིག་གིས་“སྤྲིན་པ་ང་ཚོས་འོག་ཏུ་འདུག ང་ཚོ་ལྷ་ལམ་ན་བགྲོད་པ་ལྟར་འདུག”ཅེས་གློ་རྡེག་ཏུ་འུར་བརྒྱབས་པས། རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་ལ་ཐེངས་གཅིག་མི་ལྟ་ཀ་མེད་བྱུང་། སྐབས་དེར་སྤྲིན་གསེབ་ནས་ལས་སྐལ་དུ་ཐོབ་པ་ལྟ་བུའི་ཉི་འོད་ཅིག་མཆེད་འོང་ནས་འཇིག་རྟེན་གྱི་ཡོལ་རས་ཕྱེས་པ་ལྟར་ཅི་ཡང་མཐོང་རྒྱུ་ཡོད་པར་བྱས་ལ། མདུན་ཕྱོགས་སུ་རྒྱུག་གིན་པའི་རླངས་འཁོར་ཆུང་ཆུང་དེ་རི་ཁུག་ནས་རིའི་གདོང་ལ་འབུད་ཅིང་། རིའི་གདོང་ནས་རི་ཁུག་ལ་འབབ་པའི་བར་ཐག་རེ་རེའང་ཇི་འདྲའི་སྐྱིད་སྣང་དོད་པ་ཞིག་དང་། གྱེན་གཟར་གྱི་རི་ངོགས་འདི་དག་གཅིག་ལས་གཅིག་གཟར་ཅིང་། གཅིག་ལས་གཅིག་མཐོ་བས། རི་རྩེ་ཞིག་ལ་སླེབས་སོང་སྙམ་ཡང་། དེ་ལས་མཐོ་བའི་རི་བོ་ཞིག་ཀྲོང་ངེར་འགྱིང་འདུག་ན། མ་སུ་རི་ཡི་རི་ཚོགས་ཀྱི་རྩེ་མོར་འབུད་བཏུབ་པའི་བསྐལ་བ་ཞིག་ཡོད་རེ་སྐན། མ་སུ་རི་ཡི་སྒོ་འགྲམ་གྱི་རི་ཚོགས་ཀྱི་ལྟད་མོ་འདི་ནི་རྒྱ་གར་གྱི་རི་ཚོགས་ཀྱི་བརྗིད་ཉམས་དང་ལྟད་མོ་མཐོང་ཐེངས་ཆེས་ཐོག་མ་དེ་ཡིན་ལ། འདི་ནི་ཡིད་དབང་འཕྲོག་པའི་བརྗིད་ཉམས་ཤིག་དང་སེམས་འགུག་པའི་ལྟད་མོ་ཞིག་ཅེས་ཀྱང་ངོ་།།
༣ མ་སུ་རི་སྐྱིད་གཤོངས།
(Happy Valley Mussoorie)
མ་སུ་རི་ལ་སླེབས་ནས་ང་ཚོ་ཐད་ཀར་མ་སུ་རི་སྐྱིད་གཤོངས་ལ་སོང་། མ་སུ་རི་ཡི་ས་གང་དུ་སླེབས་ནས་ཕྱོགས་གང་ལ་ལྟོས་ཀྱང་། རི་ངོས་དང་རིའི་གདོང་། རི་ཁུག་བཅས་ལས་མ་འདས་པས། ཕྱོགས་འདི་ཡང་དེ་ལས་མ་འདས་མོད། ས་ཕྱོགས་འདིའི་མིང་ལ་(མ་སུ་རི་སྐྱིད་གཤོངས་)(Happy Valley Mussoorie)ཞེས་བཏགས་འདུག མིང་འདི་ཐོས་མ་ཐག་ཕྱོགས་སྣེ་འདིར་མ་སུ་རི་ཡི་ཕྱོགས་གཞན་དང་ཀུན་ནས་ཐ་དད་པའི་མཛེས་སྡུག་ཅིག་དང་བདེ་སྐྱིད་ཅིག་ལྡན་ངེས་རེད་སྙམ་པའི་རེ་དོགས་ཤིག་ཡིད་ལ་ལྷམ་མེར་འཆར་ཡང་། དེ་འདྲ་ཅི་ཡང་མི་སྣང་། འོན་ཀྱང་། བོད་མི་ཞིག་ལ་མཚོན་ན། རང་གི་ལོ་རྒྱུས་ཀྱི་མཛེས་སྡུག་མ་སུ་རིའི་ས་ཕྱོགས་འདི་རུ་བཞད་འདུག་ཅིང་། བཙན་བྱོལ་བོད་མིའི་ལས་འབྲེལ་གྱི་རྐང་རྗེས་ཐོག་མ་དེ་མ་སུ་རི་སྐྱིད་གཤོངས་སུ་འདུག་པས། ས་ཕྱོགས་འདིར་སླེབས་མ་ཐག་གང་ལའང་འགྲོ་འདོད་ཅིང་། ཅི་ལ་ཡང་ལྟ་འདོད་པ་ཞིག་ངང་གིས་སྐྱེས། མཚར་འཛིན་དང་རྔམ་སྣང་ཆེན་པོས་འདེད་ཀྱིན་ང་རང་དངོས་སུ་མཇལ་བ་ནི། བཙན་བྱོལ་གྱི་དགོན་པ་ཐོག་མ་དང་། སློབ་གྲྭ་ཐོག་མ། གཟིམ་ཁང་ངམ་ཕོ་བྲང་ཐོག་མ་བཅས་ཐོག་མ་གསུམ་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་མ་སུ་རི་བོད་མིའི་གཏན་སློབ་བཅས་སློན་གྲྭ་གཉིས་ཡིན་ཅིང་། གནས་འདི་དག་ལ་འབྱོར་དུས་ངས་ནམ་རྒྱུན་དང་མི་འདྲ་བར་ཁ་མིག་ཆེ་རུ་གདངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་སྣ་ཟིན་སྤུ་ཟིན་རེ་ལག་ཡོང་རེའི་ཆེད་དུ་འབད་བརྩོན་བྱས་མོད། ས་འདི་དང་ཁང་པ་འདི་དག་ནི་དེ་དག་རེད་ཟེར་བ་ཙམ་ལས། འགོ་མཇུག་གི་ལོ་རྒྱུས་གོ་རྒྱུ་ཚོར་རྒྱུ་མི་འདུག་སྟེ། དགོན་པ་ཐོག་མར་མཚོན་ན། ཕྱིའི་དབྱིབས་རྣམ་དང་ཚོན་མདངས་ལ་ལྟོས་ན། ད་ལྟ་གསར་དུ་བཞེངས་མ་ཐག་པའི་དགོན་གསར་ཞིག་ལས། མི་ལོ་ལྔ་བཅུ་ཙམ་གྱི་ཡར་སྔོན་གྱི་དགོན་རྙིང་ཞིག་ཏུ་མི་མཐོང་ལ། གཡས་ཕྱོགས་ཀྱི་སྒོ་ཆེན་གྱི་ཡ་ཐེམ་དུ་(བཤད་སྒྲུབ་ཆོས་འཕེལ་གླིང་།)ཞེས་བྲིས་འདུག་པ་མཐོང་ན་མ་གཏོགས་དགོན་མིང་ཡང་ཤེས་དཀའ་ཚོད་དུ་གདའ། སློབ་གྲྭ་ཐོག་མ་ནི་ད་ལྟ་ཤུལ་ཙམ་དུ་སྙད་པ་ལས། གནས་དེར་ཨར་ལས་གསར་པ་འགོ་བཙུགས་ནས་ལས་འཆར་གསར་བ་ཞིག་རྩོམ་བཞིན་འདུག་པས། ས་འདིར་འབྱོར་མ་ཐག་བཙན་བྱོལ་བོད་ཀྱི་སློབ་གྲྭའི་རྟེན་འབྲེལ་གྱི་དབུ་ཁྱུད་དེ་གང་དུ་ཡལ་སོང་ཨང་། སློབ་གྲྭ་འདིའི་གཞི་ཤུལ་ཤོར་བ་དང་ལྷན་དུ་བཙན་བྱོལ་གྱི་སློབ་གྲྭའི་གཡང་ཡང་ཤོར་སོང་བ་འདྲ་ཨང་སྙམ་ཞིང་། ཡུད་ཙམ་འགོར་རྗེས་མིང་ཙམ་ཡང་ལྷག་མེད་པའི་སློབ་གྲྭ་ཐོག་མའི་རྗེས་ཤུལ་འདི་ནས་སེམས་ཀྱི་འཆར་སྒོ་ལ་ཁ་ཕྱོགས་མེད་པར། འཆར་ཡན་གྱིས་ཁེངས་འགྲོ་ལ། རེ་དོགས་ཀྱི་སྐར་ཚོགས་ཀྱིས་མཚན་མོའི་ནམ་མཁའ་ངང་གིས་ཁྱབ་འགྲོ། གོ་ཐོས་སུ་སློབ་གྲྭ་འདི་ཐོག་མར་སྒོ་འབྱེད་པའི་སྐབས་སུ་༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་རྟགས་དང་རྟེན་འབྲེལ་སྣ་ཚོགས་ཤིག་ཐབས་དང་བཀོད་པ་སྣ་ཚོགས་ཤིག་ བསྒྲིགས་གནང་ཡོད་མོད། ད་ནི་གནས་འདིར་ཅི་ཡང་ལྷག་མི་འདུག་ཅིང་།
གཟིམ་ཁང་ཐོག་མའམ་ཕོ་བྲང་ཐོག་མ་ནི་ འབིར་ལ་ཧོ་སི་ཞེས་པའི་མགྲོན་ཁང་ཞིག་རེད། མགྲོན་ཁང་འདིའི་བདག་པོ་རྒྱ་གར་བ་རྒྱུ་འབྱོར་བ་ཅན་ཞིག་ཡིན་ལ། ཁོང་གིས་༸གོང་ས་མཆོག་ལ་གཡར་གནང་བ་ཞིག་རེད་འདུག ད་སྐབས་མགྲོན་ཁང་གི་སྒོ་ཆེན་འགྲམ་ནས་རིམ་པ་བྱས་ཏེ་སྒོ་སྲུང་བ་དང་ལྟ་རྟོག་པ་བཞག་འདུག་པས། མ་སུ་རིར་གནས་སྡོད་བོད་མི་ཚོར་ནང་དུ་མཇལ་ཐུབ་མིན་སྐོར་ལ་སྐད་ཆ་དྲིས་དུས། ཁོང་ཚོས་ཁ་གཅིག་གྲགས་ཀྱིས་མགྲོན་ཁང་གི་ར་སྐོར་ནང་ལ་འགྲོ་རུ་མི་འཇུག་ཟེར་མོད། ང་ཚོས་སྒོ་སྲུང་བར་ང་ཚོ་ས་ཐག་རིང་པོ་ནས་ཡོང་ཚུལ་དང་། མགྲོན་ཁང་འདི༸གོང་ས་མཆོག་གི་གཟིམ་ཁང་ཐོག་མར་སོང་། ང་ཚོ་མཇལ་འདོད་ཆེ་རབས་སོགས་བཤད་དེ་ཞུ་བ་ནན་གྱིས་ཕུལ་མཐར་སྒོ་ཆེན་ལས་ཐར་ཐུབ་སོང་མོད། ཕོ་བྲང་གི་ནང་སྒོ་འབྱེད་པའི་དབང་ཆ་ཁོང་ལའང་མི་འདུག་པས། ཕོ་བྲང་ནང་ལོག་ལ་མཇལ་ཐུབ་མ་བྱུང་པར། ར་སྐོར་ཕྱི་མའི་ནང་ནས་འདྲ་པར་རེ་བླངས་ཏེ་ཅུང་ལྷོད་ཙམ་ཙམ་བྱས་དུས། ལྟ་རྟོག་པ་གཞན་ཞིག་གིས་སྐད་ཤུགས་ཆེན་པོས་“འདྲ་པར་བླངས་མི་ཆོག ད་ཕྱིར་རྒྱུགས་”ཞེས་འུར་བརྒྱབས་བྱུང་། དེ་ནས་ང་ཚོས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁ་གཡེང་མིག་གཡེང་རེ་བྱས་ཏེ། གང་མགྱོགས་ཀྱིས་ཕྱིར་ལོག་པ་ཡིན། མགྲོན་ཁང་འདིའི་ཕྱིའི་སྣང་ཚུལ་ལས་མ་སུ་རི་སྐྱིད་གཤོངས་ཀྱི་མགྲོན་ཁང་གཞན་དང་ཁང་པ་གཞན་ལས་ལྷག་པའི་མཛེས་སྡུག་ཅིག་མི་སྣང་བར་མ་ཟད། མ་སུ་རི་ནི་དེང་སྐབས་རྒྱ་གར་བ་ཚོས་སྤྲོ་འཆམ་བྱེད་སའི་གནས་ཡུལ་ཞིག་ཆགས་འདུག་ཕྱིར། མགྲོན་ཁང་དང་ཁང་པ། ཡུལ་ལྗོངས་སོགས་འདི་ལས་རྒྱ་ཆེ་བ་དང་། གྲ་རྒྱས་བ། སྙིང་རྗེ་བ། མཐུན་རྐྱེན་འཛོམས་པ་གང་མང་མཐོང་རྒྱུ་འདུག་མོད། ར་སྐོར་འདིའི་ནང་གཞན་ལས་ལྷག་པའི་ཡིད་ལ་དྲན་རྒྱུ་ཞིག་དང་སེམས་ལ་འཁོར་རྒྱུ་ཞིག་མཆིས་པ་ནི། གཟིམ་ཁང་ཐོག་མ་འདིའི་ནང་ཐོག་མར་ཆིབས་བསྒྱུར་བསྐྱངས་སྐབས་ཀྱི་༸གོང་ས་མཆོག་གི་སྐུ་ཡི་ན་ཚོད་དང་། བོད་མིའི་སྐྱིད་སྡུག་གི་ལས་དབང་དེ་རེད། དེ་བས། སྒོ་ཆེན་གྱི་སྒོ་ཐེམ་ལ་གོམ་པ་སྤོས་མ་ཐག་ནས། ང་ཚོ་ཚང་མས་རང་རང་གི་སེམས་ནས་སྐབས་དེའི་ལོ་རྒྱུས་ལ་ཕྱིར་དྲན་དང་། སྐབས་དེར་༸གོང་ས་མཆོག་དགུང་ན་ཕྲ་རབས་སྐོར་གླེང་བཞིན་། གནས་འདི་དང་སྐབས་དེ་ལ་སེམས་གཏིང་ནས་ཡིད་སྨོན་བྱེད་བཞིན་ནང་དུ་བསྐྱོད་པ་ཡིན་ལ། ཕྱིར་ཡང་དེ་ལྟར་ཐོན་པ་ཡིན། སློབ་གྲྭ་གཉིས་ལས་ཐོག་མར་མཐོང་བ་ནི་མ་སུ་རི་བོད་མིའི་གཏན་སློབ(Central School For Tibetans Mussoorie) ཡིན་མོད། ཐོག་མར་རྒྱུས་ལོན་པ་ནི་མ་སུ་རི་བོད་ཁྱིམ་(Tibetan Homes Foundation) ཡིན། སློབ་གྲྭ་འདི་གཞུང་འབྲེལ་མིན་པར་སྒེར་བཙུགས་སློབ་གྲྭ་ལྟ་བུ་ཞིག་ཡིན་པས། ད་ལྟའང་རང་སྐྱོང་ཚོགས་སྡེ་ཞིག་ལྟར་གནས་འདུག སློབ་གྲྭའི་ཕྱིའི་བཀོད་པ་གྲ་དག་དང་སྤུས་དག་དེ་འདྲ་མི་འདུག་སྟེ། རྒྱ་ཆེ་དྲགས་ནས་གློ་བུར་ངོས་ཟིན་དཀའ་བར་སྙམ། ང་ཚོར་མཚོན་ནའང་ཐོག་མར་སློབ་གྲྭ་འདིར་འབྱོར་ནས་སློབ་ཁྲིད་དངོས་སྦྱོང་འགོ་འཛུགས་པའི་སྐབས་སུ་སློབ་གྲྭའི་ཁོར་ཡུག་ངོ་སྤྲོད་དང་ལམ་སྟོན་བྱེད་མཁན་གང་ཡང་མ་བྱུང་པས། གང་ཞིག་ནས་ནང་ལ་འཛུལ་ཏེ་གང་ནས་ཕྱིར་ཐོན་དགོས་མིན་ཡང་ཆ་མི་འཚལ་བར་མགོ་འཁོར་འགྲོ་ལ། རང་ཉིད་ལ་དགོས་ངེས་ཀྱི་མི་ཞིག་དང་ཅ་དངོས་ཅི་ཞིག་ཡིན་རུང་རྙེད་ཚོད་མི་འདུག སློབ་གྲྭ་འདིར་སྔོན་འགྲོ་ནས་མཐོ་རིམ་འཛིན་གྲྭ་བཅུ་གཉིས་བར་དུ་ཁྱོན་བསྡོམས་སློབ་ཕྲུག་ཉིས་སྟོང་ཙམ་དང་དགེ་ལས་སུམ་བརྒྱ་ལྷག་མཆིས་ལ། སློབ་མའི་ཡོང་ཁུངས་གཙོ་བོ་བོད་ནས་འབྱོར་བའི་བོད་ཕྲུག་རེད། སློབ་གྲྭ་འདི་དེ་འདྲའི་རྒྱ་ཆེན་པོ་དང་ལོ་རྒྱུས་རང་བཞིན་ཅན་ཞིག་རེད་དེ། ད་ལྟ་ད་དུང་སེམས་ཆགས་ས་ཞིག་གདའ་བ་ནི་སློབ་ཕྲུག་ཚོས་གྱོན་པའི་སྒྲིག་ཆས་དེའི་ཁ་དོག་ཙམ་དུ་ཟད། དཀར་མདངས་ཆེ་ཞིང་ལྗང་མདོག་ལྡན་པའི་གྱོན་ཆས་དེའི་འོག་ན་རྣམ་རིག་བཀྲ་ཞིང་སྤྱང་གྲུང་དོད་པོའི་སློབ་ཕྲུག་ཚོའི་ངོ་མདངས་ཀྱང་དཀར་ཆིལ་ལེར་འདུག་ལ། སློབ་མའི་སྒྲིག་ཆས་ཀྱིས་སློབ་ཕྲུག་ཙམ་མ་ཡིན་པར། སློབ་གྲྭ་འདིའི་ཕྱི་ནང་ཧྲིལ་བོར་གཞན་ལས་ལྷག་པའི་མཛེས་སྡུག་ཅིག་བསྐྲུན་ཡོད་པར་བསམ་ཞིང་། སློབ་མའི་སྒྲིག་ཆས་ཀྱི་སྤུས་ཀ་ལས་སློབ་གྲྭ་འདིའི་འབྱོར་ཕྱུག་ཀྱང་མཐོང་ཐུབ། གཞན་སློབ་གྲྭ་འདིའི་ན་ཚོད་ལ་བསམ་ཚེ་ད་ནི་སློབ་གསོའི་མ་རྐང་མཐུག་པོ་ཞིག་དང་སྤུས་དག་པོ་ཞིག་ཆགས་ཡོད་དགོས་ཚོད་རེད་མོད། ད་ལྟའང་གྲ་འགྲིག་པོ་ཞིག་འཁྱོངས་མི་འདུག་པས། སློབ་གྲྭ་ཞིག་ལ་མཚོན་ན་སྒྲིག་གཞི་བརྟན་པོ་དང་ནང་དོན་ཅན་ཞིག་མེད་ཚེ། སློབ་མ་ཡག་པོ་ཞིག་གསོ་སྐྱོང་བྱ་རྒྱ་ནི་རི་བོང་གི་རྭ་ཟེར་བའི་དཔེ་ལྟ་བུ་རེད་ལ། སློབ་གྲྭ་འདི་ལྟ་བུའི་ཁོར་ཡུག་མཐོང་ན་མ་འོངས་པར་དགེ་རྒན་བྱ་རྒྱུར་ཡང་ཞེད་སྣང་སྐྱེ་བ་ཞིག་རེད། མ་སུ་རི་བོད་མིའི་གཏན་སློབ་ནི་རྒྱ་གར་གཞུང་གིས་འཛིན་སྐྱོང་འོག་བོད་ཕྲུག་ཚོའི་ཆེད་དུ་བཙུགས་པའི་སློབ་གྲྭ་ཁག་དང་འདྲ་ནའང་། ཁོ་བོ་སློབ་གྲྭ་འདི་འདྲ་ཞིག་ལ་སླེབས་ནས་ཡར་ལྟ་མར་ལྟ་དང་མི་དྲན་དགུ་དྲན་བྱས་པ་ཐོག་མར་སོང་། རྣམ་རིག་གྲུང་པོས་ནང་དུ་འཛུལ་བ་ཡིན། སློབ་གྲྭ་འདིའི་སྒོ་ཆེན་ནང་ལོག་ལ་སླེབས་མ་ཐག་གཡས་གཡོན་གྱི་རྩིག་ངོས་སུ་ཕྱི་ནང་གཉིས་ཀའི་ཤེས་རབ་ཀྱི་ལྷའི་གྱེན་ཐང་དང་གནས་རི་སོགས་ཀྱི་འདྲ་རིས་ཆེན་པོ་རེ་བྲིས་བ་མཐོང་དུས། ཐོག་མ་ནས་སློབ་གྲྭ་འདི་གཞན་ཞིག་དང་འབྲེལ་བ་ཡོད་པ་གསལ་བོར་རྟོགས་ཐུབ་ལ། སློབ་གྲྭའི་འཛིན་ཁང་དང་ཚོགས་ཁང་། ཉལ་ཁང་སོགས་མཐོ་རྒྱུ་དམའ་རྒྱུ་མེད་པའི་ཁང་བརྩེགས་དག་བཟོ་བཀོད་བྱེད་སྟངས་ཀྱི་བཟོ་དབྱིབས་ལས་ཀྱང་སློབ་གྲྭ་འདི་སློབ་རྙིང་ཞིག་ཡིན་པ་ར་འཕྲོད་ཐུབ། སློབ་གྲྭ་འདིར་འཛིན་རིམ་བཅུ་གཉིས་བར་དུ་འདུག་མོད། སློབ་ཕྲུག་གི་གྲངས་འབོར་དེ་ཙམ་མང་པོ་མེད་པར་མ་ཟད། སློབ་ཕྲུག་སུམ་བརྒྱ་ཙམ་ཞིག་རྒྱ་གར་གྱི་ཕྲུ་གུ་རེད་ཟེར་ལ། སྤྱིར་གཏན་སློབ་ཁག་གི་ཤེས་ཡོན་ཆུ་ཚད་དང་མཐུན་རྐྱེན་གྱིས་བོད་པའི་ཕ་མ་མང་པོ་ཞིག་གི་འདོད་པ་ཁེངས་མ་ཐུབ་པར། དེང་སང་བོད་ཕྲུག་གཏན་སློབ་ཁག་ལ་འཇུག་མཁན་ཉུང་དུ་ཕྱིན་ཏེ་སློབ་གྲྭ་འགའི་སྒོ་བརྒྱབས་པར་གཞིགས་ན། སློབ་གྲྭ་འདིའི་ཚེ་ཐག་རིང་པོ་འེ་ཡོང་སྙམ་པའི་དོགས་པ་ཞིག་མི་སྐྱེས་ཐབས་མེད་རེད་ལ། སློབ་གྲྭ་འདིའི་དངོས་ཡོད་གནས་སྟངས་ལ་བསམ་ནའང་། ད་ཡོད་སློབ་ཕྲུག་མང་ཆེ་ཤོས་ས་ཐག་རིང་མཐའ་མཚམས་གཞིས་ཆགས་ཁག་དང་། གཞིས་ཆགས་སྐྱོ་བོ་ཁག མི་ཚང་སྐྱོ་བོ་ཁག་གི་བུ་ཕྲུག་སྐྱོ་བོ་ཚོ་རེད་པས། ཁོང་ཚོ་སློབ་གྲྭར་བཅུག་རྗེས་གུང་གསེང་ལ་ཕྱིར་འགྲོ་ས་མེད་པར་ལོ་བཞི་ལྔའི་རིང་ལྷག་སྡོད་པ་དང་། སློབ་ཕྲུག་ཚོའི་གནས་སྟངས་སྐྱོ་བོ་འདིས་ཁོང་ཚོར་རྒྱུས་ཡོད་ཀྱི་མི་མང་པོ་ཞིག་གི་སེམས་ལ་བག་ཆགས་ཟབ་མོ་བཞག་འདུག་པས། སློབ་གྲྭ་འདིར་འུ་ཐུག་ཐབས་ཟད་ཀྱི་བོད་ཕྲུག་འགའ་མ་གཏོགས་ཡོང་མཁན་མེད་སོང་ཚེ། སློབ་གྲྭ་འདིའི་ལྟག་ཆུ་ཆད་པར་ཡང་དུས་ཚོད་རིང་པོ་མི་འགོར་ཁག་ཐེག་རེད། དེ་བས། སྔར་རྒྱ་གར་གཞུང་གིས་བོད་མིའི་གནས་བབ་ལ་བསམ་ཤེས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་གང་ལེགས་གནང་བའི་ཁྲོད་ནས་བོད་མིའི་གཏན་སློབ་ཁག་མང་པོ་ཞིག་ཚུགས་ཐུབ་བྱུང་བ་ནི་ཇི་འདྲའི་རེ་བ་ཆེན་པོ་ཞིག་དང་། ཇི་འདྲའི་བཀའ་དྲིན་ཆེན་པོ་ཞིག་རེད་ཨང་། བོད་མིའི་གཏན་སློབ་ཁག་ནས་ཐོག་མའི་དམིགས་ཡུལ་ལྟར་བོད་མིའི་རྩ་དོན་ལ་སྨན་པའི་ཤེས་རིག་གི་ལྗང་མྱུག་འབུས་མ་ཐུབ་པར། གཏན་སློབ་ཁག་མང་པོ་ཞིག་དུས་ཡུན་རིང་པོ་ཞིག་ལ་ཤི་མ་གསོན་དུ་གནས་ཤིང་། ད་ནི་གཏན་སློབ་ཁག་གི་རང་ཚུགས་ཙམ་པོ་བ་འདིའང་སྲུང་མ་ཐུབ་པར་རེ་རེ་བཞིན་སྒོ་རྒྱག་བཞིན་པའི་ཡ་ང་ཞིང་ཞེ་མུག་པའི་གནས་བབ་འདི་སུ་ཞིག་གིས་བཟོད་ཐུབ། གཞན་མ་སུ་རི་བོད་མིའི་གཏན་སློབ་ཏུ་གནའ་རྫས་ཤིག་ལྟར་ཉར་སྡོད་པ་ནི་ཕྲེང་རིང་ཨ་མའི་མཚན་རེད། ཁོང་ནི་སློབ་གྲྭ་འདིའི་རླབས་ཆེན་གྱི་མ་ཡུམ་དུ་སོང་། དུས་ད་ལྟའང་སློབ་གྲྭ་འདིར་ཕྲེང་རིང་ཁང་ཚན་ཟེར་བ་དང་། ཕྲེང་རིང་སྐྱེས་ཚལ་ཟེར་བ་བཅས་ཁོ་མོའི་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་སྣ་ཚོགས་ཤིག་མཐོང་རྒྱུ་འདུག་ལ། སྤྱིར་བཙན་བྱོལ་གྱི་སློབ་གསོའི་ར་བ་ནས་༸གོང་ས་མཆོག་གི་གཅེན་མོ་ཚེ་རིང་སྒྲོལ་མ་དང་། གཅུང་མོ་རྗེ་བཙུན་པདྨ། ཕྲེང་རིང་ཨ་མ་བཅས་ནི་བོད་ཕྲུག་ཚོའི་སྙིང་ཁོང་ནས་ནམ་ཡང་བརྗེད་དཀའ་བའི་་མ་ཡུམ་ཚོ་ཁག་དེ་ཡིན་པས། ཁོང་མོ་ཅག་གི་བཀའ་དྲིན་ནི་ང་ཚོས་ཅེས་ཀྱང་དྲན་དགོས་པ་མ་ཟད། དུས་ནམ་ཡང་བརྗེད་ག་ལ་སྲིད།
མ་སུ་རི་སྐྱིད་གཤོངས་ཀྱི་ས་དབྱིབས་ཀྱི་རྐྱེན་པས་བོད་མི་ཚོ་ལ་འཐོར་ལུང་འཐོར་ཡིན་པ་མ་ཟད། ཐ་ན་ཚོགས་པ་གཅིག་གི་མི་ཡིན་ཡང་ཁ་འཐོར་དགུ་འཐོར་ངང་གནས་ཡོད་པར་སོང་། དུས་རྒྱུན་ལས་ཀའི་སྐབས་སུ་མ་གཏོགས་ཁོང་ཚོ་མཉམ་འཛོམས་མཉམ་འདུག་གི་བསྐལ་བ་རེ་ཤར་རྒྱུ་འེ་ཡོད་སྙམ་མོད། ལྷ་གསོལ་རིར་དར་ལྕོག་མང་པོ་མཁའ་དབྱིངས་སུ་འཐེན་པར་ལྟོས་ན་རྡ་རམ་ས་ལའི་ལྷ་རྒྱལ་རི་དྲན་སོས་པ་དང་། ཁོང་ཚོར་ལོ་རེར་མཉམ་འཛོམས་ཀྱི་དུས་ཤིག་ཡོད་པའང་ཤུགས་ཀྱིས་ངེས་ཐུབ་པ་ཞིག་འདུག །
མ་སི་རུ་ནས་རྒྱ་གར་བ་དེ་ཚོ་བོད་པ་དག་གི་སྟེང་དུ་བཙན་པོ་འདུག་གམ། ཡུལ་མི་དང་བོད་པའི་བར་གྱིུ་འབྲེལ་བ་ག་འདྲ་འདུག
ཁྱེད་རང་གི་ཐོག་མའི་དམིགས་ཚད་མཐོ་དྲག་པ་རེད། དང་པོའི་དམིགས་ཚད་མཐོ་དྲག་པ་དང་དམའ་དྲག་པ་གཉིས་ཀས་དངོས་ཡོད་གང་ཡོད་པ་དེ་མཐོང་བ་ལ་གེགས་བྱེད་གི་འདུག ང་རང་གི་ཉམས་མྱོང་ཡིན།