བསོད་ནམས་ནོར་བུ།
མགོ་བོ་རྡོ་ལ་བརྡབས་ཀྱང་མི་ཚོར་ཞིང་།།
མིག་ལ་གློག་གཞུ་སྦར་ཡང་མི་མཐོང་བའི།།
ཧོབ་སྟེ་སྙིང་ལ་འཛུལ་བའི་དྲན་གདུང་འདི།།
ཕྱི་ནང་ཉེ་རིང་གྲོགས་པོ་སུ་ཡིས་རྟོགས།།
ལུས་པོ་ཕག་ལྟར་རྔུལ་ནག་ཤིག་ཤིག་ངང་།།
ས་མཐའི་མལ་དུ་གཉིད་ལ་འབད་ན་ཡང་།།
དྲན་པ་བྱ་རྒོད་རྨས་མའི་གཤོག་འགྱུར་རེས།།
སེམས་སོང་བྱམས་པའི་ཕྱོགས་སུ་ལྡིང་སྐོར་རྒྱག །
ཕྱི་རོལ་ཁོར་ཡུག་མུན་པ་མཐུག་པོས་སྒྲིབ།།
རྒྱང་རིང་ལམ་ནས་འཁྱམ་ཁྱིའི་ངུ་སྒྲ་སྒྲོག །
སྒེའུ་ཁུང་དྲ་མིག་ཚ་རླུང་ལྡོམ་བུས་དཀྲིས།།
ཀྱེ་ཧུད་བདག་གི་དགའ་མར་ག་དུས་མཇལ།།
མིག་ཟུང་དམ་གྱིས་བཙུམ་ཡང་ལྷོད་ཀྱིས་འབྱེད།།
དྲན་པ་ཚུར་ལ་བསྡུས་ཀྱང་ཕར་ལ་འཆོར།།
ད་ནི་ཁོག་པའི་གཏིང་གི་ཚོར་བ་རེས།།
དོ་ནུབ་གཉིད་ཀྱི་སྐལ་བ་རྦད་དེ་བརླགས།།
ལག་པ་གྲང་མོ་བྲང་ཁར་འཇོག་ཐེངས་རེར།།
ཁ་སྣའི་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ་ངང་།།
སྙིང་ཆུང་དམར་པོ་འཕར་ཞིང་ལྡིང་ཚུལ་དེས།།
མཚན་མོ་ང་རང་གཅིག་པུར་ལྷག་པ་རྟོགས།།
26/ 5/ 2013/
ལུས་པོ་ཕག་ལྟར་རྔུལ་ནག་ཤིག་ཤིག་ངང་།།
ལག་པ་གྲང་མོ་བྲང་ཁར་འཇོག་ཐེངས་རེར།།
ཧ་ཧ་ཧ། སྙན་པོ་འདྲ་བྱུང་།
སྙན་དང་མི་སྙན་ཟེར་བ།།
བསམས་ན་རང་འདོད་ཙམ་ཡིན།།
ཡག་དང་མི་ཡག་ཟེར་བ།།
རང་གི་འཛིན་སྟངས་ཙམ་རེད།།
དང་པོ་མ་མཐོང་དགོས་ལ།།
གཉིས་པ་མ་ཤེས་པ་དགོས།།
གསུམ་པ་འདྲེས་སོང་ཟེར་དུས། །
སྡུག་པོ་རིན་གྱིས་ཉོས་འདྲ།།
ཕར་ལ་བལྟས་པ་མེད་ཀྱང་།།
ཚུར་ལ་སེམས་ནང་འཛུལ་བྱུང་།།
སེམས་ལ་སོང་བའི་བྱམས་པ།།
སེམས་ནས་འབུད་ཐབས་མི་འདུག།
སེམས་པས་ཕར་ལ་མ་ཆགས།
ཚུར་ལ་བཙན་འཛུལ་མི་སྲིད།
ལག་པས་རྩམ་ཁུག་མ་བཅུག
རྩམ་ཁུག་ལག་པར་མི་ཡོང།
ཕོ་རྟགས་མོ་ལ་ཟུག་ན།
གང་གིས་ཕྲལ་བར་མི་ནུས།
མདའ་མོ་འབེན་ལ་ཟུག་པ།
བྱིས་པ་གིས་ཀྱང་འབུད་ཐུབ།
སེམས་ལ་དྲན་པ་གནམ་རེད།།
ལག་ལ་ཡོང་བ་ས་རེད།།
སེམས་དང་ལག་པའི་བར་དུ།།
གནམ་སས་ཆོད་པ་མཁྱེན་མཛོད།།