སངས་རྒྱས་དཀོན་མཆོག
སྤྲིན་པ་འཕུར་བའི་ཁོ་མོའི་བྲང་ཁ་འཁྲུགས།།
དུས་ལ་བཀལ་བའི་ནང་གི་ཉི་འོད་དེ།།
འཕྲིན་གྱི་ན་བུན་སྟུག་པོའི་ཕྱི་ནང་བསྟིམས།།
རེ་བཞག་ལྗང་ཁུ་སྐུད་མེད་སྣེ་ནས་ཆད།།
ན་ནིང་བརྩེ་བའི་ཐང་ན་མཉམ་དུ་འགྲུལ།།
སེམས་ཀྱི་སྨྱུ་གུའི་རི་མོ་གཏན་ལ་ཕབ།།
ཐོད་པའི་ཁ་ཡིག་རང་གྲུབ་ཡིན་རབས་གླེང་།།
ད་ལོ་ཆོ་འཕྲུལ་རྒོད་པོའི་རྩ་ནས་བཅད།།
ད་ནངས་ཞོགས་པའི་ཉི་འོད་རྨས་མ་དེས།།
བདག་གི་མངའ་ཐང་ཡོད་ཚད་གཡོ་ཞིང་སྐྱོམ།།
རི་ལ་ཤོར་བའི་འཕྲེང་ཞེན་ཁ་བོ་མ།།
བློ་མཆིན་རྩིབ་རུས་བར་ན་འདེགས་ཐབས་བྲལ།།
བརྩེ་བ་རྒྱ་ཡན་ཤོར་བའི་ནང་མོ་ནས།།
མལ་གྱི་བདེ་བ་མི་ཡི་ལག་ལ་ལྷུང་།།
ཀླད་པའི་དྲན་འགྱུ་རྨི་ལམ་གཞུང་ལ་ཤོར།།
ཧབ་ཆའི་ངུ་སྐད་ནང་གི་བྲག་ཅར་འཁོར།།
འཕྲིན་གྱི་ན་བུན་སྟུག་(པོའི)་ཕྱི་ནང་བསྟིམས།།
ད་ལོ་ཆོ་འཕྲུལ་རྒོད་(པོའི)་རྩ་ནས་བཅད།།
གོང་གི་གུག་རྟགས་ནང་གི་དེ་ཚོ། བྱེད་འབྲེལ་ག་རེ་ཡིན་པའི་ཁེད་མ་ཁོད་ཐལ། གོ་བ་མི་འདུག་མི་འདུག་རང་ཞུས་མེད། ཡིན་ནཡང་། ང་ལ་ཁ་ཚག་ཆེ་བས་དེ་རང་ཡང་འདི་འདྲ་ཤིག་འབྲི་དགོས་བར་ཐུག་སོང་། སྐུ་ཉིད་ལ་དོ་ཕོག་ཡོང་ན། བཀའ་བཀྱོན་གནང་རྐྱང་བྱས་དང་རྗེས་སུ་ཉིད་ཀྱི་ཕྱག་རྩོམ་ལ་ཇུས་གཏོགས་མི་བྱེད་ཁོ་ཐག་ཡིན།
སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱོད་འདྲ་བའི་ཀློག་པ་པོ་ཞིབ་ཚགས་ཤིག་ཡོད་པ་ང་འདྲ་བ་དག་ལ་མཚོན་ན་ཅིས་ཀྱང་དགའ་འོས་པའི་གཞི་ཞིག་ལས་མ་འདས། ཡིན་ཡང་། གུག་རྟགས་སུ་བྲིས་པའི་ཕྲད་འདི་དག་འབྲེལ་བའི་སྒྲ་ཡིན། ཉིད་ཀྱིས་ཞིབ་ཏུ་སོམ་དང་གོ་བ་ཞིག་རྙེད་ཁོ་ཐག་ཡིན། འདི་དག་ངས་བསམ་ནས་བྲིས་ཡོད་། ཉིད་ལ་གོ་བ་གསལ་བོ་ཞིག་མ་རྙེད་ན་རྗེས་ནས་འགྲེལ་ཆོག མུ་མཐུད་དུ་ཕེབས་རྐྱང་གནང་རོགགས། ངས་རྩོམ་ཆག་ཡིན་ལོ་ནོ་འདི་ཚོར་མ་འགྲིག་མ་འཐུས་པ་དག་ལ་དག་ཐེར་རེ་མུ་མཐུད་ཡོད་པ་ཞུ། འགྲོ་ཞོར་ཞིག་ལ་སྐད་འདི་བཞག་ཡོད།
ལགས་སོ། གསལ་གསལ་ཐང་ཐང་གི་གོ་བ་ཡིད་ཚིམ་པ་ཞིག་མ་ལོན་ཐལ། ཡིན་ན་ཡང་དེ་མི་སྐྱོན། དེ་ནི་ངའི་བོད་ཡིག་གི་ཁ་ཞབས་མི་ལོན་པའི་ཞན་ཆ་རེད། སུ་ཤིག་གིས་བསམ་བཞིན་དུ་བྲིས་བའི་སྙན་རྩོམ་ལ་ངས་གོ་རུང་མ་གོ་རུང་གུས་ཞབས་ཞུ།
ངའི་དཀའ་ངལ་ནི།
འཕྲིན་གྱི་ན་བུན་སྟུག་པོའི་ཕྱི་དང་ནང་ཟེར་ན་ཡིད་ལ་གྲུབ་རྒྱུ་ཞིག་དང་མྱིག་ལ་ཤར་རྒྱུ་ཞིག་མི་འདུག་པའི་ཁར་འཕྲིན་གྱི་ན་བུན་ཟེར་ན་ཡང་དེ་བཞིན་རེད།
ན་བུན་གྱི་ཕྱི་ནང་། བསྟིམས་སོང་བ་དེ་གང་ལ།
རེད་རེད། འདི་འདྲ་ཞིག་རེད། མ་གཞི་མིག་ལ་ཤར་རྒྱུ་ཞིག་ཟེར་ན་བཀའ་མོ་རེད། ཡིད་ལ་ཤར་རྒྱུ་མེད་ས་ཞིག་ནས། ཧ་ཧ་ཧ། ཀུ་རེ་ཡིན། ངས་རྩོམ་འདིའི་མགོ་ལུས་འཇུག་གསུམ་ཚང་མར་མཚོན་དོན་བེད་སྤྱོད་བྱས་ནས་འབྲི་ཁུལ་བྱས་ཡོད། དེའི་རྐྱེན་གྱིས་ཡིན་སྲིད་མོད། གལ་སྲིད་ཉིད་ལ་མཚོན་དོན་ཕྱོགས་ལ་གོ་བ་ཅུང་ཙམ་ཡོད་ན་སླ་བོ་ཞེ་དྲགས་རེད། དཔེར་ན། མཚོན་དོན་སྐབས་སུ། རྨི་ལམ་ནག་པོའི་འཚོ་བ་རླུང་ལ་སྤུར།། ལྟ་བུ་ཁ་ཐུག་གིས་མྱོང་ན་གོ་བ་ཅི་ཡང་མེད་པ་ཞིག་རེད་མོད། ཞིབ་ཏུ་བསམ་ན་རྨི་ལམ་དེ་ནག་པོ་ཡིན་པ་ནས་ནག་པོ་ནི་མ་རུངས་བ་ཞིག་གམ་མི་དགེ་བ་ཞིག་ཡིན་པ་མཚོན་པ་ལྟར། རྨི་ལམ་ནག་པོ་ཡིན་པའི་འཚོ་བ་དེ་ཡང་རླུང་ལ་སྤུར། ཞེས་པ་ནས་མི་དགེ་བ་ཞིག་ཡིན་པ་ཤེས་ཚར་རེད། ཡིན་ན་ཡང་རྨི་ལམ་ནག་པོ་དེས་འཚོ་བ་རླུང་ལ་སྤུར་སོང་བ་མ་རེད།
དེ་ལྟར་དུ་འཕྲིན་གྱི་ན་བུན་ཡང་གོང་ལྟར་གོ་བ་བླངས་ན་འཐུས། མ་གཞི་མཚོན་དོན་རིང་ལུགས་ཀྱི་ཕྱོགས་ནས་ང་ལ་ད་དུང་བཤད་རྒྱུ་ཆ་རེ་ཡོད་མོད། འདི་ནས་ཡིག་འཚོགས་མང་བར་དོག་ནས་དེ་ཙམ་ཡིན། དེ་ཙམ་ཞིག་གིས་ཡིད་ལ་ཤར་རྒྱུ་ཞིག་འེ་འདུག་ལྟོས་ར། ཐུབ་སོང་ན་རྗེས་ནས་མུ་མཐུད་དུ་འདི་ལ་སྤེལ་ཡོང་ཆོག ཐུགས་རྗེ་ཆེ།
རྨི་ལམ་ནག་པོའི་འཚོ་བ་རླུང་ལ་སྤུར།། འདིའི་གོ་བ་ལེན་པ་ལ་དཀའ་ངལ་ཅང་མེད་ཀི། སྤུར་མཁན་ཞིག་ཡོད་ཀི། སྤུས་ས་དེ་རླུང་རེད། སྤུར་རྒྱུ་དེ་འཚོ་བ་རེད། འཚོ་བ་སྤུར་དགོས་དོན་ནི་ནག་པོ། ནག་པོ་དེ་ཡང་རྨྱི་ལམ་ལྟ་བུའི་མི་རྟག་པ་ཞིག་རེད་ཟེར་གི་ཡོད་པ་འདྲ། གོ་བ་དོན་དུ་གནས་ན་མ་གནས་ན། ང་རང་ཡིད་ཚིམ་པ་ཞིག་གི་རྟོག་བཟོ་བྱེད་ཐུབ་པ་འདུག། མདོར་ན་རྒྱུ་མཚན་མང་པོ་ཤིག་ལ་བརྟེན་ནས་ཡོད་པ་དེ་མེད་པར་བཏང་ནས་ལམ་ཕྱོགས་གཞན་ཞིག་ནས་ཡང་ཅིག་བྱེད་རྒྱུ་ཡིན་ཟེར་ཀི་ཡོད་ཚོད་རེད།
ཡིན་ན་ཡང་། ཨ་ཤི་རེས་ཁེར་རོ། ཁྱོའི་འདི་ངས་ཅི་ལྟར་འགྲེལ་དགོས་སམ། མཚོན་དོན། མཚོན་དོན། རེད། མཚོན་དོན་རང་ལུགས་ཟེར་ནི་ཞིག་སྦྱང་ག་པར་ཡོད། གོ་བ་དེ་ཡང་དང་ཐོག་ཡིན་པ་འདྲ། ད་ཁྱོས་ང་ལ་ཕྲེང་ལྕག་བྱེད་བཞིན་གོ་བརྡ་ཞིག་མ་འཕྲོད་དུས་ངའི་ཀླད་རྩ་འགག་སོང་། ཧ་ཧ།
འཕྲིན་གྱི་ན་བུན་སྟུག་པོའི་ཕྱི་ནང་བསྟིམས།།
གྱེས་ཕྱག
མིག་ཡ་གཅིག
རྩེ་གཅིག་འདུན་མ་འཚོལ་བའི་རྒྱང་བཞུད་ཀྱི་ལམ་ནས།།
རྒྱུས་མེད་གཞན་ཡུལ་ཆ་མེད་མི་ཚོགས་ཀྱི་གནས་འདིར།།
ཡིད་བརྟན་གྲོགས་ཀྱི་དྭངས་འཆི་མེད་ལགས་དབང་རྒྱལ།།
མཛའ་གཅུགས་འཛུམ་གྱི་གཏམས་པ་བདག་སེམས་ཀྱི་དགའ་བ།།
སྐྱིད་མ་སྡུག་གི་འཁོར་བའི་ལོ་ཟླ་ཡི་ཀློང་ན།།
སྐྱིད་ན་སྤྲོ་སེམས་བདུད་རྩིའི་མཆོད་ཆང་དེ་འཐུང་རོགས།།
སྡུག་ན་སྨྲེང་སྐྱོའི་ཡིད་སེམས་ཆུང་ཆུང་འདི་གསོ་རོགས།།
སྐྱིད་སྡུག་མཉམ་མྱོང་བྱེད་པའི་འགྱུར་མེད་ཀྱི་ནུ་བོ།།
མཇལ་བས་བྲལ་དུས་སླེབས་པའི་སྐྱོ་གདུང་གི་བཟི་ཁ།།
བདག་གི་ཤ་དང་རུས་པའི་བར་གསེང་དུ་འཐིམས་དུས།།
སྙན་ངག་ལྷ་མོའི་མགྲིན་བཟང་བདག་ཉིད་ལ་གཡར་ནས།།
སེམས་ཀྱི་མགུར་མ་འདི་ཉིད་ཁྱོད་ཕྱོགས་སུ་འཐེན་ནོ།།
འགྲུལ་འཁོར་དུང་བརྡ་གཟན་པོ་ལན་མང་དུ་སྒྲོག་དུས།།
ང་ནི་ཁྱོད་དང་བྲལ་བའི་དུས་ལ་རང་སླེབས་སོང་།།
ལོ་གསུམ་བས་མཐར་འཛོམས་པས་འཛོམས་པ་ཡི་མཐའ་མ།།
དེ་རིང་གྱེས་བྲལ་དགོས་ཀྱང་ཡང་ཡང་དུ་མཇལ་སྨོན།།
མདུན་དུ་བང་གིས་བསྐྱོད་པའི་འགྲུལ་འཁོར་ལས་བལྟས་ཚེ།།
ལམ་འགྲམ་ལྗོན་པའི་ཚོགས་ནི་རྒྱབ་ཕྱོགས་སུ་བརྒྱུགས་འགྲོ །
བདག་གི་བརྩེ་སེམས་རུམ་པའི་རྣམ་ཤེས་བཞིན་བཞུད་འགྲོ །
བརྩེ་ལྡན་ནུ་བོའི་ཕྱོགས་སུ་འགོག་མེད་དུ་བཞུར་འགྲོ །
ལས་ཀྱི་བསྐོས་ཐང་ཞིག་གིས་སྤུན་མཆེད་དུ་སྐྱེས་ལ།།
ཚ་རུ་འབྲོག་སྡེ་ཕྱུག་མོའི་ཕ་ཡུལ་ཡང་གཅིག་ཀྱང་།།
བྱིས་དུས་འཚོ་ལམ་མི་གཅིག་ཁ་ཁ་ནི་ཡིན་པས།།
འཚོ་བའི་ལམ་ཕྲན་དེ་ནས་རྒྱུས་ཆ་རང་མེད་ཀྱི།།
ས་མཐའ་འདི་ནས་སུ་ཇཱ་སློབ་གླིང་ནས་འཛོམས་ཤིང་།།
སྐྱིད་སྡུག་ཟས་སུ་མཆོད་པའི་ལོ་ཟླ་དེའི་བར་ནས།།
མཛའ་བརྩེ་ཟབ་མོའི་འོ་ཆུ་རྒྱུན་གཅིག་ཏུ་འདྲེས་པས།།
བྱང་ཁོག་གཅིག་ལས་མཆེད་པའི་མ་སྤུན་དང་ཁྱད་མེད།།
ཀ་ཁའི་ཀློག་སྦྱོར་ཕྱོགས་ནས་དགེ་རྒན་དེ་ངས་བྱས།།
ང་རང་ནད་ཀྱིས་མནར་དུས་རྒྱུག་གཡོག་ནི་ཁྱོད་ཡིན།།
གཅིག་ཕན་གཅིག་གྲོགས་བྱས་པའི་ལོ་ཟླ་དེའི་ཁྲོད་ནས།།
སེམས་ཀྱི་དགའ་སྐྱོ་ཡོད་ཚད་ཞུ་ས་ནི་ཁྱོད་ཡིན།།
སྲོད་ཁའི་མི་ཕྱུགས་བྱ་ཚོགས་ངལ་གསོ་རུ་ཆས་ཀྱང་།།
རྒྱང་བཞུད་འགྲུལ་འཁོར་སྡོད་མེད་ཤར་སྐྱོད་ལ་བྲེལ་འདུག །
འགྲུལ་འཁོར་སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་ལ་གཡེང་དུས།།
འུ་གཉིས་རྩེད་དགོད་ལོ་ཟླ་བརྙན་རིས་སུ་འཆར་ཡོང་།།
ལག་ཟུང་དམ་པོར་འཇུས་ནས་སྐྱེལ་ཚིག་ཅིག་བཞག་རྗེས།།
ཁྱོད་ཀྱི་བརྩེ་སེམས་འདྲ་བའི་དག་གཙང་གི་དར་དཀར།།
བདག་གི་སྐེ་རུ་འཁྲིལ་ནས་ལག་བརྡ་ལ་བྲེལ་བ།།
ང་ཡི་མིག་ཆུར་སྒྲིལ་ནས་སྲོད་ཚིགས་སུ་བཏབ་ཡོད།།
སེམས་ཀྱི་དུང་བ་བསམ་ན་བྲལ་འདོད་ནི་མེད་ཀྱང་།།
མི་ཚེའི་རེ་ཕུགས་སྙེག་ཕྱིར་འབྲལ་དགོས་ཀྱང་ལོས་ཆོག།།
ཁ་ཁར་གྱེས་པའི་འབྱུང་འགྱུར་ལོ་ཟླ་ཡི་ནང་དུ།།
སྔར་བཞིན་སློབ་ལ་རྩོན་ཞིང་བདེ་བར་རང་གནས་སྨོན།།
མི་རིང་མྱུར་དུ་མཇལ་བའི་གོ་སྐབས་ཤིག་མེད་པས།།
སྙིང་གི་ནུ་བོའི་ཐུགས་སེམས་སྐྱོ་སྐྱོ་རང་མ་གནངས།།
དྲན་པའི་འཕྲིན་ཆུང་ཀ་ཁའི་སྡེབ་ལེགས་སུ་བསྟར་ཆོག།།
ཞལ་གྱི་འཛུམ་བག་དྲོན་མོ་དྲ་ངོགས་ལས་མཇལ་ཆོག །
རྒྱང་བཞུད་ཕུ་བོའི་ཕྱོགས་སུ་སེམས་འཁྲལ་ནི་མི་དགོས།།
ཡུལ་གྱར་གངས་རིའི་སྤུན་ཟླ་འདབ་ཆགས་དང་འདྲ་བས།།
ནམ་ཞིག་ཕ་ཡུལ་སྐྱིད་པའི་རང་ཁྱིམ་དུ་ལོག་སྟེ།།
འུ་གཉིས་རྒྱང་བཞུད་རེ་འབྲས་ལོངས་སྤྱོད་ལ་ཆས་ཆོག །
2011.2.11