བསོད་ནམས་ནོར་བུ།
—–ནམ་ཡང་ན་ཟུག་གིས་དྲན་པའི་སྤུན་ཟླ་ཚོར།
ངུ་ཤུམ་མིག་ཆུ་སྐུང་བའི་སྨག་རུམ་ཁྲོད།།
སེམས་དང་སེམས་པ་བརྡར་བའི་སྲུབ་ཀ་ནས།།
སྡུག་བསྔལ་མེ་ལ་འབར་བའི་ཤ་རུས་འདི།།
མགོ་ནག་གངས་ཅན་བོད་མིའི་མཆོད་སྡོང་ཡིན།།
ཆོས་སྲིད་ཁ་དོག་སྒྲིབ་པའི་དར་དམར་ཀློང་།།
སྤུན་ཟླའི་ལས་དབང་འཕྱར་བའི་ཁུ་ཚུར་རྩེར།།
དམར་ནག་ཁྲག་གིས་བྲིས་པའི་ཞལ་ཆེམས་དེ།།
གདོང་དམར་དཔའ་བོའི་ལོ་རྒྱུས་ཤོག་ལྷེ་ཡིན།།
རང་དབང་སྨྲ་ལྕེ་སྡོམ་པའི་མེ་མདའ་དང་།།
འདྲ་མཉམ་དཔུང་པ་གཅོག་པའི་སྒྱོགས་མདེལ་འོག།
ལ་རྒྱའི་རླུང་གིས་སྦར་བའི་མེ་རླབས་འདི།།
པུར་རྒྱལ་བཙན་པོའི་ཞུམ་མེད་སྙིང་སྟོབས་ཡིན།།
མི་ཚོགས་ཀེར་གྱིས་ལངས་པའི་རྩིག་འགྲམ་ལ།།
ཕྱོགས་བཞི་སྐུད་པས་རྒྱོང་བའི་འགྱིག་ལེབ་ངོས།།
མི་སྲོག་ཚིག་དྲི་འཐུལ་བའི་སྦྱར་དཔར་འདི།།
ཉམ་ཆུང་བོད་མིའི་ལུས་ཀྱི་མེ་ལོང་ཡིན།།
༢༥/ ༡༠/ ༢༠༡༢/
སེམས་པ་མཁྲེང་བཞིན་སྐྱོ་བཞིན་དུ་བཀྲིན་ཆེ་ཞུ།
བོད་མི་ཚོ་བསམ་བློ་གཏོང་དང་། རང་སྲོག་ལ་མི་དགའ་མཁན་ཡོདནམ། འདི་གང་གི་དོན་དུ་གནང་བ་རེད། ང་ཚོར་དམ་བཅའ་གཅིག་ཨེ་ཡོད། བོད་མི་ཚང་མ་གཅིག་མཐུན་གྱི་དམ་བཅའ་གཅིག་དགོས་པའི་དུས་ལ་བབས་མི་འདུག་ནམ། ཨ་ཙེ། དགྲ་ཕར་ཕྱོགས་བཞག་ནས། ད་ལྟ་ནང་ལོག་དབུ་རངདང་ལྷ་འདྲེ་རྩོད་ནས་བཞུགས་རྒྱུ་ཡིན་ནམ། ཕམས་ཨ་ལགས།
དཔའ་བོ་རེ་རེ་རང་དབང་ཆེད་འབར་དུས།།
ན་ཟུག་རེ་རེས་བྲང་གཞུང་འདི་གཏེད་སོང་།།
མཎི་རེ་རེ་སྐྱེལ་མ་ལ་རྫོང་ཞོར།།
མིག་ཆུ་རེ་རེ་སེམས་གཏིང་དུ་བསྐྱིལ་ཡོད།།