གནས་ཚུལ་འདྲེན་ཁུངས། བོད་ཀྱི་དུས་བབ།
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༨།༤༠ ཡས་མས་སུ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་གྱི་རང་ལོ་ ༡༨ ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ཆ་ཚང་འདི་ནས་གཟིགས་http://www.tibettimes.net/news.php?showfooter=1&id=7926
ཡང་། ཡིད་དུ་འོང་བའི་མེ་ཏོག་ཅིག་ཚིགས་སོང་།
ང་ཡི་སེམས་པ་སྐྱོ་བ་ལ།
ཡང་། སྙིང་ཉེ་བའི་འཐབ་གྲོགས་ཤིག་འགྱེལ་སོང་།
ང་ཡི་སེམས་པ་སྐྱོ་བ་ལ།
ཀྱེ་ཀྱེ།
ཆོལ་གསུམ་གྱི་བོད་རིགས་རྣམས།
ཁོང་ཚོ་བརྗེད་མི་ཉན་ཡ།
ཁོང་ཚོའི་མཛད་པ་རེ་རེས།
མི་རིགས་འདིའི་མདུན་ལམ་བསྒྱུར་ཡོད་ལ་སྒྱུར་བཞིན་ཡོད།
ཀ་ཡེ།
ཡ་ང་བའི་ངག་བཅད་དང་
དཔའ་ཞུམ་པའི་ཁུ་སིམ་བྱེད་མི་ཉན་ཡ།
མི་རིགས་ཤིག་འཇིག་འགྲོ་བའི་སྔ་བལྟས་ནི།
སྡར་མའི་ངག་བཅད་དང་ཁ་ཁུ་སིམ་པ་དེ་ཡིན།
དེའི་ཕྱིར།
མ་ཎི་འབྲུག་ལྟར་སྒྲོགས།
སེང་གེའི་ང་རོ་ངོམས།
ཆེས་ཉམ་ང་བའི་ཕ་རོལ་ན།
ཆེས་གསོན་ཉམས་ལྡན་པའི་ཞིང་ས་ཡོད།
རང་རེའི་དཔའ་རྒོད་ཚོ་བོད་དང་བོད་རིགས་ཆེད་འདི་ལྟར་གཤེགས་ཤུལ་ན། རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བ་ཚོ་འདི་འདྲའི་ཁུ་སིམ་དོན་ཅི་ཡིན་ནམ། འདི་ནི་ཤུགས་རྐྱེན་ཞིག་ལས་བྱུང་བ་ཡིན་ནམ།
བོད་མིའི་མགྲིན་ཚབ་པར་བསྙད་པའི་བཙན་བྱོལ་གཞུང་གིས། ང་ཚོའི་དཔའ་རྒོད་ཚོའི་རེ་འབོད་དང་ཁ་གཡང་རྒྱབ་ཏུ་བསྐྱུར་ནས་ད་དུང་རྒྱ་དམར་གྱི་བྲན་འབངས་ལ་རེ། སྤྱང་ལུག་གཉིས་མཉམ་དུ་མི་ཡོང་བའི་གནས་ལུགས་ལ་མི་དཔྱོད་པར་མི་རིགས་ཐུར་དུ་རྒུད་པའི་བྱ་སྤྱོད་ཉམ་ང་བ་དག་རྒྱུན་དུ་སྐྱོང་བར་འབད།
གཞན་དུ་དཔྱོད་མི་དགོས་པར། དེ་རིང་གི་མེར་སྲེག་གི་ཡིད་སྐྱོའི་གནས་ཚུལ་འདི་དང་། འདི་ཟླའི་ཚེས་༡༧ ཉིན་མདོ་སྨད་ཨ་རིག་ཏུ་བོད་རྒྱ་འཁྲུག་འཛིང་སྐབས་སུ་བོད་མིར་བྱུང་གནས། སྐུའི་འཁྲུངས་སྐར་ཉིན་ཁམས་ཕྱོགས་སུ་རྒྱ་དམག་གིས་ཁྲིམས་འགལ་ཐོག་བོད་མིར་གང་བྱུང་མེ་མདའ་བརྒྱབ་པའི་བརྙས་བཅོས་དེ་ཚོ་གཅིག་བུས་ཀྱང་བདེན་དཔང་རི་རབ་འདྲ་བ་བྱས་ཡོད།
གང་ལྟར་བོད་ཀྱི་དཔའ་རྒོད་ཚོ་བསྲེགས་པ་ནི་མཆོད་རྐོང་གི་སྡོང་ཤིང་རེ་རེ་བསྲེགས་པ་ཙམ་མིན་པར། ཆེས་མཐོ་བའི་འགྲོ་བ་མིའི་རིགས་ཀྱི་གཅེས་པའི་ཚེ་སྲོག་རེ་རེ་བསྲེགས་པ་ཡིན་པས། ཕྱག་བྱའི་རྩེ་མོར་སོན་པའི་དཔའ་རྒོད་ཚོས་བློས་བཏང་དང་བདེན་སྟོབས་ལ་བདག་གཅེས་གནང་རོགས།
སྙིང་ཉེ་པའི་དཔའ་རྒོད་ཚོ་མཆོང་ཤུལ་ནས།
དགྲ་བོ་ཚེ་ཐར་ལ་འབུད་ཡ་མང་དྲག་སོང་།
ད་མང་དྲག་སོང་།
ཉིས་བརྒྱ་དྲུག་གི་ལྷུ་རུས་དང་ལྷུ་ཚིགས།
ས་ཡ་དྲུག་གི་བདེ་རྩ་ལ་འབུལ་དུས།
ཁྱོད་དགའ་སའི་མྱི་རིགས་དང་མྱི་རྒྱུད།
འཐབ་རྩོད་ལ་ངར་ཤུགས་མེད་པར་དལ་དྲག་སོང་།
ད་དལ་དྲག་སོང་།
ཉིས་བརྒྱ་དྲུག་གི་ལྷུ་རུས་དང་ལྷུ་ཚིགས། ཉིས་བརྒྱ་དྲུག་གི་ལྷུ་ཆེན་དང་ལྷུ་ཆུང་ལ་བཅོས།